ཟླ་རེའི་གསར་འགྱུར།

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པ་བསྐོང་ཚོགས་གནང་བ།

གསར་འཕྲིན།

༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།   བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཕྱི་ཟླ་ ༡༠ ཚེས་ ༡ ནས་ ༢ བར་ཨ་རིའི་མངའ་སྡེ་མི་ནི་སུ་ཊ་རུ་བསྐོང་ཚོགས་གནང་ཞིང་། ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཚེ་རིང་བསམ་གྲུབ་ལགས་དང་། བྱང་ཨ་རིའི་ས་གནས་ཁག་ ༡༥ ནས་མི་གྲངས་ ༤༦ ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་མ་ཟད། སྡེ་ཚན་དང་པོའི་སློབ་དེབ་ཀྱི་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་དང་། ཀ་ལེ་ཕོ་ནི་ཡ་ནས་བློ་བཟང་ཚེ་རིང་ལགས་ཀྱང་ཚོགས་འདུར་མཉམ་ཞུགས་གནང་ཡོད།
མི་ནི་སུ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་དོན་གྲུབ་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་དགའ་བསུ་དང་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་ཁང་གི་དྲུང་གཞོན་བསྟན་འཛིན་དབྱིག་གཉེན་ལགས་ཀྱིས་ཚོགས་འདུ་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་གནང་ཞིང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་རྗེས།   སློབ་གྲྭ་སོ་སོས་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་གནང་། དེ་རྗེས་ཐེངས་འདིའི་ཚོགས་འདུའི་གཙོ་སྐྱོང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་མདོར་བསྡུས་དང་འབྲེལ་ཉིན་གཉིས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་།
ཐེངས་འདིར་བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྡེ་ཚན་དང་པོའི་སློབ་དེབ་སྐོར་དང་། བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་མ་འོངས་ལས་དོན་གནང་ཕྱོགས། དེ་བཞིན་ལས་འཆར་ཁག་གི་སྐོར་ལ་གྲོས་བསྡུར་ལྷུག་པོ་གནང་ཡོད།
ད་ལྟའི་ཆར་བྱང་ཨ་རིའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ ༢༡ ཡོད་པ་དང་། སློབ་གྲྭ་དེ་དག་གི་སློབ་དེབ་གཅིག་མཚུངས་དང་ཆ་སྙོམས་ཡོང་རྒྱུར་ཕྱི་ལོ་ ༢༠༠༨ ལོར་དངོས་སུ་ལག་བསྟར་གྱིས་ལོ་དེའི་ཕྱི་ཟླ་ ༤ ནང་ Retreat of the Tibetan Language Teachers and Experts ཞེས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་འདུ་ཐེངས་དང་པོ་དེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་འགན་ཁུར་འོག་ཨ་རིའི་ས་གནས་མི་ཆི་གན་ Michigan དུ་བསྐོང་ཚོགས་གནང་ཡོད་པ་དང་།
ཕྱི་ལོ་ ༢༠༡༢ ཟླ་ ༨ པའི་ནང་བྱང་ཀེ་ལི་ཕོར་ནི་ཡའི་བོད་མི་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག  བྱང་ཨ་རིའི་བོད་ཡིག་སློབ་གྲྭའི་བོད་དགེ་ལྷན་འཛོམས།  ཞེས་པའི་ཚོགས་འདུ་ཐེངས་གཉིས་པ་བསྐོང་ཚོགས་གནང་ཡོད་ཅིང་། ཚོགས་འདུ་ཐེངས་གསུམ་པ་དང་། བཞི་པ་དེ་བཞིན་ཁག་སོ་སོར་ཕྱི་ལོ་ ༢༠༡༣ ལོར་ནིའུ་ཡོག་དང་ ༢༠༡༤ ལོར་ཝ་ཤིང་ཊོན་ཌི་སི་རུ་བསྐོང་ཚོགས་གནང་ཡོད།
ད་ཐེངས་ཚོགས་ཆེན་ཐེངས་ལྔ་པ་བསྐོང་ཚོགས་གནང་བའི་དུས་སྐབས་འདིར་བྱང་ཨ་རིའི་ནང་བོད་ཡིག་སློབ་གྲྭ་ཁག་ ༢༡ ཡོད་པ་དང་། སློབ་གྲྭ་དེ་དག་ལ་དང་བླངས་བོད་དགེ་གྲངས་ ༡༡༥ སློབ་ཕྲུག་ཆིག་སྟོང་ལྷག་ཙམ་སློབ་ཞུགས་ཀྱིས་གཟའ་མཇུག་འཆར་ཅན་སློབ་གྲྭ་འཚོག་བཞིན་ཡོད་ཅིང་། སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཙམ་མ་ཟད། རིག་གཞུང་འཁྲབ་སྟོན་དང་། རོལ་ཆ། ནང་ཆོས་ངོ་སྤྲོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ཀྱང་སློབ་འཁྲིད་གནང་བཞིན་ཡོད་པ་བཅས།

སྔོན་མ།
ཕྱི་ལོ་ ༢༠༡༧ ལོའི་པེ་ས་ཊ་ལོ་ཛིའི་སློབ་ཡོན་ནང་འདེམས་ཐོན་བྱུང་བའི་རེའུ་མིག
ཕྱི་མ།
བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པར་གཏན་འབེབས་བྱུང་བའི་གྲོས་ཆོད།
Menu