ཟླ་རེའི་གསར་འགྱུར།

བྱིས་པའི་ཀློག་རྩལ་གོང་འཕེལ་གཏོང་ཐབས་ཀྱི་དེབ་ཕྲེང་བཞི་བཅུ་པར་སྐྲུན་ཞུས་ཏེ་འགྲེམས་སྤེལ་ཞུ་བཞིན་པ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་སླད་བྱིས་པའི་ཀློག་སྦྱོང་བདེ་ལམ། ཞེས་པའི་དཔེ་དེབ་རིམ་པ་ ༤༠ ཅན་ཞིག་པར་སྐྲུན་ཞུས་ཏེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུས་དང་ཞུ་མུས་ཡིན།

ཀློག་དེབ་འདི་ཉིད་དྷ་ས་བོད་ཕྲུག་ཁྱིམ་སྡེའི་བོད་ཡིག་རྒྱུས་སྟོན་པ་རྒན་མིང་ཆུང་ལགས་ཀྱིས་ལོ་ངོ་དུ་མའི་རིང་རྩོམ་སྒྲིག་གནང་བ་ཞིག་ཡིན་པ་དང་། དཔེ་དེབ་དེ་དག་སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་ཕྲུག་རྣམས་ལ་དམིགས་ནས་བརྩམས་པ་ཞིག་ཆགས་ཡོད། བྱིས་པའི་ཀློག་སྦྱོང་བདེ་ལམ། ཞེས་པ་འདི་ཀློག་སྦྱོང་ཁོ་ནར་དམིགས་ནས་བརྩམས་པ་ཞིག་སྟེ། རང་རིགས་བྱིས་པ་རྣམས་ཀྱིས་བོད་ཡིག་མཐོང་མ་ཐག་དོན་རྟོགས་ཐུབ་ཀྱི་ཡོད་མེད་ལ་མ་ལྟོས་པར་སྒྲ་གདངས་འཁྲུལ་མེད་ཤར་ཀློག་ཐུབ་པ་ཞིག་ཡོང་ཐབས་སུ་དམིགས་ཡོད་པ་དང་། སྡེ་ཚན་དང་པོ་དབྱངས་གསལ་ནས་སྡེ་ཚན་བདུན་པ་ཀློག་སྦྱོང་བར་དེབ་ཕྲེང་བཞི་བཅུའི་ནང་ཐ་སྙད་ ༢༠༥༧ ལྷག་ཙམ་དང་། ཐ་སྙད་དང་པར་རིས་སྦྲགས་མ་ ༨༠༠ ལྷག་ཙམ། བརྗོད་པ་དང་པར་རིས་སྦྲགས་མ་ ༢༠༠ ལྷག་ཙམ་གྱིས་བསྒྲིགས་ཡོད་པ་མ་ཟད། འདིར་དགོས་དབང་གིས་དབུ་ཅན་དང་དབུ་མེད་ཡིག་གཟུགས་ལྷན་དུ་བསྒྲིགས་ཡོད་པས། སློབ་ཕྲུག་གི་ངོས་ནས་གང་སྦྱངས་པ་ལྟར་བཀླག་ཆོག ལས་འཆར་འདི་ཉིད་ལེགས་གྲུབ་ཡོང་བར་ཌེན་མཱརྐ་གཞུང་གི་རྒྱལ་སྤྱིའི་ཡར་རྒྱས་རོགས་འཆར་ནས་རྒྱལ་སྤྱིའི་མཉམ་སྦྲེལ་དང་ཤེས་ཡོན་ལྟེ་གནས་ཁང་བརྒྱུད་དཔལ་འབྱོར་མཐུན་འགྱུར་གནང་ཡོད།

 

སྔོན་མ།
ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གཟེངས་བསྟོད་གསལ་བསྒྲགས།
ཕྱི་མ།
༢༠༢༢ ལོའི་ཉི་ཧོང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་དུ་སློབ་ཡོན་གསལ་བསྒྲགས།
Menu