ཟླ་རེའི་གསར་འགྱུར།

མཐོ་སློབ་ཁག་ཏུ་རྩིས་དང་ཚན་རིག་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཁག་གཅིག་ལ་ཟབ་སྦྱོང་དབུ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༥ ཉིན་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་འོག་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་མཐོ་སློབ་ལ་སྐྱོད་བཞིན་པའི་བོད་མིའི་སློབ་ཕྲུག་ཁག་གཅིག་ལ་དབྱར་དུས་ཀྱི་གུང་སེང་དང་སྟབས་བསྟུན་སློབ་ཁྲིད་གོ་སྐབས་བསྐྲུན་རྒྱུའི་སྐོར་སྔོན་འགྲོའི་ཟབ་སྦྱོང་གནང་འགོ་ཚུགས།
    དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཤེས་རིག་གི་ལས་འཆར་འགན་འཛིན་རྒྱལ་མཚན་ལགས་ཀྱིས་ཟབ་སྦྱོང་དགོས་དམིགས་ངོ་སྤྲོད་དང་འབྲེལ་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དབུ་འབྱེད་གསུང་བཤད་རྗེས་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཤེས་ཡོན་སྲིད་བྱུས་སྐོར་གསུང་བཤད་གནང་། དེ་ནས་ཤེས་རིག་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་དགེ་རྒན་གྱི་སློབ་ཁྲིད་ལས་འགན་སྐོར་གསུང་བཤད་གནང་གྲུབ་མཚམས་ལོ་སྔོན་མར་སློབ་ཁྲིད་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་བསྟན་འཛིན་ཀུན་གསལ་ལགས་ཀྱིས་ཉམས་མྱོང་གསུང་བཤད་གནང་ཡོད།
    ཕྱི་ཚེས་ ༢༦ ཉིན་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་དེང་དུས་ཀྱི་ཤེས་ཡོན་སློབ་ཁྲིད་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག་ལ་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ནང་ཆོས་དང་ཚན་རིག་སྐོར་གསུང་བཤད་གནང་རྒྱུ་དང་། དེ་རྗེས་ཚན་རིག་དགེ་རྒན་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་ཚན་རིག་སློབ་ཁྲིད་ཀྱི་མྱོང་བ་གསུང་བཤད་གནང་གྲུབ་བསྟུན་དཔེ་སྟོན་སློབ་གྲྭར་ལྟ་སྐོར་གནང་རྒྱུ་ཡིན་འདུག
    ཐེངས་འདིའི་ཟབ་སྦྱོང་གི་དམིགས་དོན་གཙོ་བོ་ནི་མཐོ་སློབ་ཁག་ནང་རྩིས་དང་ཚན་རིག་གི་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་རྣམས་ལ་སྤྱི་ཚོགས་ཞབས་ཞུའི་གོ་སྐབས་བསྐྲུན་རྒྱུ་ཙམ་མ་ཟད། ཁོང་རྣམ་པར་མ་འོངས་དགེ་རྒན་བྱ་རྒྱུའི་བློ་སྟོབས་སྤེལ་རྒྱུ། དེ་བཞིན་སློབ་ཕྲུག་བྱིངས་ལ་རྩིས་དང་ཚན་རིག་གི་སློབ་སྦྱོང་བྱེད་རྒྱུར་དོ་བྱིངས་དང་། མིག་དཔེ་ཡོང་རྒྱུའི་ཆེད་དུ་ཡིན་པ་བཅས། །

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པའི་ཚོགས་འདུ་དང་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་བ།
ཕྱི་མ།
མ་སུ་རི་བོད་ཁྱིམ་དགེ་རྒན་ཁག་གཅིག་གིས་ཤེས་ཡོན་ཉམས་གསོག་གནང་བ།
Menu