ཟླ་རེའི་གསར་འགྱུར།

མོན་གླིང་གཡུལ་འགྱེད། (ཚན་པ་གཉིས་པ)

ལྷོ་ཕྱོགས་ཀྱི་ངོས་ནས་ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོས་རྫོང་བཙན་པོ་སྟོང་རི་གནམ་རྫོང་མཁར་གྱི་རྩེ་སྐོར་དུ་བྱོན་པ་དང་རྒྱང་ཤེལ་བཙུགས་ནས་བལྟས་པས། ལས་དམག་རྒྱ་ཆེ་ཞིང་གནམ་ས་གཉིས་ལ་མི་ཤོང་བ་ཞིག་རང་ས་མོན་ལ་བབས་ཡོད་པ་མཐོང༌། ཤིང་ཁྲིའི་བསམ་པར་དམག་སྟོབས་ཆེན་དེ་ལྟ་བུ་ཞིག་མོན་ལ་བབས་དོན་ཅི་ཡིན་ནམ། དགྲ་ལ་ཐོག་རྒྱག་ཟེར་བ་དེ་མི་སྲིད། ཡིན་ཀྱང་དགྲ་བོ་སྟོབས་ཆེན་དེ་འདྲ་ཞིག་སླེབས་པ་ཡག་རྟགས་ལར་ནས་མ་བྱུང༌། ཨ་བྲག་དྲུག་ཅུ་སྐད་བཏང་སྟེ་གྲོས་ཤིག་བྱེད་དགོས་བསམས་ནས་འཕྲལ་མར་ཆ་དང་བང་ཆེན་ཁ་བ་འབབ་འབབ། བུ་ཡུག་འཚུབ་འཆུབ་བཞིན་མངགས་པས། ཞག་གཅིག་མ་ཐོགས་པར་ཨ་བྲག་དྲུག་ཅུ་སྟོང་རི་གནམ་རྫོང་གི་འདུ་རྭ་གོང་མར་འཚོགས་ཏེ་ཕག་རྒན་གྱི་མཇིང་ཤ། གྲོ་རྒན་གྱི་བསྲེགས་བཟན། ནས་རྒན་གྱི་ཆང་དང་ཨ་རག བག་རྒན་གྱི་ཨ་ལ་བཅས་ཟས་སྣ་ཕུན་སུམ་ཚོགས་པ་བཤམས་པ་ལོངས་སུ་སྤྱོད་པའི་སྐབས་ལྷོ་རྒྱལ་ཤིང་ཁྲི་ན་རེ། སྟོབས་ཀྱི་བློན་པོ་རྣམས་ཉོན་དང༌། ད་ལོ་མོན་གྱི་ས་ཆ་ལ་དམག་སྟོབས་ཆེན་ཞིག་བབས་འདུག་པ་དེ། ས་ཕྱོགས་ག་ནས་ཡོང་བ་དང༌། ཡུལ་ཕྱོགས་གང་དུ་འགྲོ་མི་རེད། གཏམ་དང་སྐད་ཆ་འདྲི་མི་ཞིག་དགོས་འདུག ད་མོན་ཕྲུག་ཟླ་བ་ཁྲབ་བཙན་དང༌། ནང་བློན་སྐུ་ལྷ་ཐོག་རྒྱལ་ཁྱེད་གཉིས་མངགས་པ་མིན་ཀྱང་དུས་ལ་བབས་པས་གཏམ་དང་སྐད་ཆ་ཞིག་དྲིས་ཤོག་ཟེར། ནང་བློན་སྐུ་ལྷ་ཐོག་རྒྱལ་གྱིས་རྟ་མགྱོགས་པ་ངང་པ་སེར་གྱུར་གྱི་གོང་དུ་བུད་དེ་འབྲུག་སེར་པོ་སྐེད་གཟེར་ལངས་འདྲ་ཞིག་བྱས། མོན་ཕྲུག་ཟླ་བ་ཁྲབ་བཙན་གྱིས་རྟ་སྔོན་མོ་ཁུ་བྱུག་ལྡིང་ཤེས་ཀྱི་གོང་དུ་བུད་དེ་བློན་ཆེན་གཉིས་པོས་མྱུར་དུ་ལྷོ་ཆུ་རབ་ཁ་བཅད་ནས་བཤར་རེར་གླིང་དཀར་གྱི་སྒར་ཡོད་སར་ཡོང་བ་ན། ལྷོ་སྒར་གཡུ་མཚོ་འདྲ་བའི་སྒར་དཀྱིལ་ནས། གཡུ་འབྲུག་འདྲ་བའི་འཇང་ཕྲུག་གཡུ་ལྷ་ཐོག་སྒྱུར་གྱིས་འཁོར་གསུམ་ལུས་ལ་བརྒྱན་རྗེས་རྟ་གནམ་ཡག་སྔོན་མོའི་སྟེང་དུ་བུད་དེ་མྱུར་དུ་སྐུ་ལྷ་དང་མོན་ཕྲུག་གཉིས་ཀྱི་གདོང་བཀག་པའི་སྐབས་ལྷོ་ཡི་ནང་བློན་སྐུ་ལྷ་ཐོག་རྒྱལ་གྱིས་རྟ་ངང་པ་སེར་ལྡེམ་གྱི་སྒང་ནས་ཡོབ་ལངས་བྱས་ཤིང་ལག་གཡོན་མས་རྟ་སྲབ་ལྷུག་ཙམ་བཏང་བ་དང་ལག་གཡས་པས་སྐེད་པ་བསྐྱོར་ནས་ཡཱ་ཁོ་རེ་ཉོན་དང་ཕ་ཡི་བུ། ཁྱོད་མི་སྔོན་རྟ་སྔོན་སྐྱ་ལེབ་དེ། རྒྱབ་ཕ་ལ་ཕ་མིང་ཅི་འདྲ་ཟེར། མདུན་མ་ལ་མ་མིང་ཅི་འདྲ་ཟེར། དམག་སྟོབས་ཆེན་ས་འདི་ན་ཡོང་དོན་ཅི་ཞིག་ཡིན་ཟེར་ཏེ་ནང་བློན་སྐུ་ལྷ་ཐོག་རྒྱལ་གྱིས་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །སྲོག་སྐྱབས་རལ་པ་རྩེ་དགུ་མཁྱེན། །ཞིང་སྐྱོང་ཚངས་པ་གདོང་བཞི་མཁྱེན། །ནམ་མཁའ་མཐོ་ཡི་གནས་མཆོག་ནས། །ལྷ་ཆེན་དགའ་རབ་དབང་ཕྱུག་མཁྱེན། །ལྷ་དེ་འདྲ་ཡན་ལ་འབོད་ལེ་མིན། །ས་འདི་ཡི་ས་ངོ་མ་ཤེས་ན། །ལྷོ་ན་ཆེན་རྩྭ་རྭ་སྨུག་ཐང་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ལྷོ་རོང་ནགས་བཞི་ཡི་བཞི་མདོ་ནས། །རི་བུམ་པ་འདྲ་བའི་མར་གཤམ་ནས། །བྲག་རྡོ་རྗེ་འདྲ་བའི་ཡང་སྟེང་ནས། །ཤིང་ཏ་ལའི་གུར་ཆེན་འཁྲིག་ས་ནས། །གནམ་རལ་གྲི་ཙམ་ཞིག་མཐོང་ས་ནས། །ས་ཟོར་བ་འདྲ་བའི་ཡང་སྟེང་ནས། །རྫོང་མི་འགྱུར་སྟག་མོ་འགྱིང་རྫོང་ཟེར། །དཔའ་མི་འགྱུར་སྐུ་ལྷ་ཐོག་རྒྱལ་ཡིན། །ལྷོ་འཛམ་བུ་གླིང་ལ་གྲགས་ལེ་ཡིན། །ཁོ་རེ་ཉོན་དང་ཕ་ཡི་བུ། །ཁྱོད་མི་སྔོན་རྟ་སྔོན་སྐྱ་ལེབ་ཅན། །རྒྱབ་ཕ་ལ་ཕ་མིང་ཅི་འདྲ་ཟེར། །མདུན་མ་ལ་མ་མིང་ཅི་འདྲ་ཟེར། །ཁྱོད་སྐྱེ་ས་རིགས་རྒྱུད་ག་ནས་ཡིན། །མཐོ་ལ་མེད་ཡ་ན་ལ་ཞིག་གཏོད། །ལུང་མཐིལ་མེད་མ་ལ་མཐིལ་ཞིག་བཟོས། །ཁྱོད་དེ་འདྲ་བྱེད་དོན་ཅི་ཞིག་ཡིན། །ད་ཉོན་དང་ཁོ་རེ་ཕ་ཡི་བུ། །སྟོད་རྒྱ་གར་ཆོས་ལམ་འདི་ན་མིན། །སྨད་རྒྱ་ནག་ཁྲིམས་ལམ་འདི་ན་མིན། །བར་བལ་པོའི་ཚོང་ལམ་འདི་ན་མིན། །ལྷོ་མོན་མོན་གྱི་ས་ཆ་འདི། །ང་ཕོ་རྒོད་སྐུ་ལྷའི་ས་ཆ་ཡིན། །ས་འདི་ན་ཡོང་དོན་ཅི་འདྲ་ཡིན། །ཁྱོད་ལམ་ནོར་ལམ་ཚོད་མ་རེད་ཅིག །ས་ག་མ་ཡུལ་ལ་འགྲོ་མི་ཡིན། །ཡུལ་གང་འདྲ་ཞིག་ལ་འདུག་མི་ཡིན། །ལྷོ་ཡི་རྩྭ་རྭ་སྨུག་ཐང་དེ། །རྩྭ་ཟ་མི་མེད་པར་ལུས་ལེ་མིན། །ཆུ་འཐུང་མི་མེད་པར་བཞག་ལེ་མིན། །རྩྭ་ཟ་དབང་མེད་པར་བཀག་ལེ་ཡིན། །རྩྭ་ཁ་རེ་བཟས་པའི་རྩྭ་རིན་དེ། །གསེར་སྒོར་མོ་བཅུ་ཡིས་དག་ལེ་མིན། །ཆུ་ཁ་རེ་བཏུངས་པའི་ཆུ་རིན་དེ། །གསེར་སྒོར་མོ་བཅུ་ཡིས་དག་ལེ་མིན། །མེ་རྟ་གདན་ཙམ་ཞིག་འབུད་ས་ལ། །གསེར་སྒོར་མོ་བརྒྱ་ཡིས་དག་ལེ་མིན། །རྩྭ་བཟས་པའི་རྩྭ་རིན་དགོས་ལེ་ཡིན། །ཆུ་བཏུངས་པའི་ཆུ་རིན་དགོས་ལེ་ཡིན། །དེ་མ་བྱུང་ཉི་མའི་གདོང་གང་ལ། །ལས་སླ་མོར་ཡེ་ནས་འཇོག་ལེ་མིན། །ད་ཉོན་དང་ཁོ་རེ་ཕ་ཡི་བུ། །གོ་ན་རྣ་བའི་དཀྱིལ་ལ་ཞོག །མ་གོ་གླུ་ལ་སྐྱོར་རྒྱུ་མེད། །
ཅེས་གླུ་དེ་ལྟར་བླངས་པས། ལ་ཆེན་གཡུ་ལྷ་ཐོག་སྒྱུར་གྱིས། ཡཱ་རྒོད་པོ་སྐུ་ལྷ་ཐོག་རྒྱལ་ཁྱོད། ཁྱོད་འདྲ་བའི་དཔའ་གཏམ་ང་ལ་མེད། ད་གཉོད་ཆུང་ང་ལ་ཚིག་གསུམ་ཞུ་རྒྱུ་ཡོད། ཁྱོད་གླུ་འདི་གསན་དང་ཟེར་ཏེ་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ཤར་མདོ་ཁམས་བསྟན་པའི་སྲུང་མ་རྣམས། །ཐུགས་མ་ཡེངས་ཨ་ཕོའི་ཁ་འཛིན་མཛོད། །ས་འདི་ཡི་ས་ངོ་མ་ཤེས་ན། །ལྷོ་ཡི་རྩྭ་རྭ་སྨུག་པོ་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ལ་གྲི་ལྟག་ཙམ་གྱི་ཕར་ཐག་ནས། །ཆུ་རྟ་རྔ་ཙམ་གྱི་ཚུར་ཐག་ནས། །འཇང་ཡུལ་མཚལ་རྭ་ལེབ་ཆེན་ནས། །རྫོང་མི་འགྱུར་གཡུ་འབྲུག་འགྱིང་རྫོང་ནང༌། །དཔའ་མི་འགྱུར་རྟགས་མ་ལེན་མི་དེ། །ང་འཇང་ཕྲུག་གཡུ་ལྷ་ཐོག་སྒྱུར་ཡིན། །གླུ་འདི་ཡི་གླུ་ངོ་མ་ཤེས་ན། །ང་གཡུ་ལྷའི་ངར་བརྡ་དྲུག་གྱུར་འདི། །ས་ག་མ་ཡུལ་ལ་ལེན་ལེ་མིན། །གལ་ཆེ་ནི་ཁྱོད་ལ་མ་ཡིན་ཀྱང༌། །དུས་དེ་རིང་མོན་གྱི་ཨ་བྲག་གཉིས། །ཡང་སྒོས་སྐུ་ལྷ་ཐོག་རྒྱལ་ཁྱོད། །སེམས་བསམ་པའི་མི་དེ་འཕྲད་ལེ་བཟང༌། །ཚེ་སྔོན་མའི་ལས་བསྐོས་ངོ་མ་འདྲ། །སྒར་ཕྱི་ལ་མ་བཞུགས་ནང་དུ་བྱོན། །ལྷ་སྒོར་གདན་ལ་ལན་གཅིག་ཞུགས། །སྐྱིད་ཇ་ཆང་ཁྱོད་ཀྱིས་ལོངས་སུ་སྤྱོད། །དེ་ནས་བཀའ་མོལ་རིམ་བཞིན་ཞུ། །ང་སྟོབས་ཆེན་ལས་དམག་མོན་བབས་འདི། །སྟོད་རྒྱ་གར་རྒྱ་ནག་གང་ཡང་མིན། །བལ་པོ་བལ་ཡུལ་སུ་ཡང་མིན། །མདོ་ཁམས་གླིང་གི་རྒྱལ་ས་ནས། །ཀུན་མཁྱེན་གེ་སར་རྒྱལ་པོ་ཡི། །སྟོབས་ཆེན་གླིང་གི་ལས་དམག་ཡིན། །ནག་པོ་བདུད་དང་སེར་པོ་ཧོར། །སྨུག་པོ་འཇང་དང་ཁྲ་མོ་གླིང༌། །རྒྱལ་ཁབ་བཞི་ཡི་ལས་དམག་ཡོད། །དུས་ད་ལོ་མོན་ལ་འབབ་དོན་དེ། །ཁྱེད་སྐུ་ལྷར་རྩ་བ་བཤད་པས་ན། །ངེད་གླིང་གི་ལྷ་སྲས་དགྲ་ལྷ་ལ། །ཚེ་གཅིག་གི་འདུན་མ་བཟང་ལེ་ཞིག །བླངས་བསམས་ནས་ཕྱོགས་བཞི་ཀུན་ཏུ་བརྟག །ཕུ་མོ་པ་གསུམ་ལ་མོ་ཞིག་བརྒྱབ། །མེ་ཏོག་མོ་ཡི་ནང་དུ་གསལ། །མདའ་རྩིས་པ་གསུམ་ལ་རྩིས་ཤིག་བརྒྱབ། །མེ་ཏོག་རྩིས་ཀྱི་ནང་དུ་བབས། །ལྷ་བླ་མ་གསུམ་ལ་རྟགས་བབ་ཞུས། །བཀྲ་ཤིས་རྟགས་བབས་བཟང་ལེ་གདའ། །ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཡི། །སྲས་མོ་མེ་ཏོག་ལྷ་མཛེས་དེར། །ཕོ་བརྒྱར་འཛོམས་པའི་ཤེས་རབ་ཆེ། །མོ་བརྒྱར་འཛོམས་པའི་ཁྲེལ་གཞུང་བཟང༌། །ཤ་ལོ་དཀར་ལེ་ཤེལ་དང་འདྲ། །རུས་རིས་དཀར་ལེ་ཤེལ་དང་འདྲ། །མཁའ་འགྲོ་འབུམ་གྱི་ཚོ་དཔོན་ཟེར། །བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག །ད་ལོ་གནམ་ལོ་འདི་གསར་དུས། །མོ་ལོ་ཉི་ཤུ་རྩ་གསུམ་ཟེར། །གནས་མ་མི་འདྲ་སྒོ་མ་འདྲ། །སང་དང་གནངས་དང་གཞེས་དང་གསུམ། །གཞེས་ཀྱི་ལྷ་ཉིན་དཀར་པོ་ལ། །དྲེལ་ཕོ་དྲེལ་བརྒྱ་ལ་གསེར་རྒྱབ་བརྒྱ། །སྨན་བུ་མོའི་རྒྱན་ཆ་འབུལ་མི་ཡིན། །དྲེལ་མོ་དྲེལ་བརྒྱ་ལ་དངུལ་རྒྱབ་བརྒྱ། །སྨན་བུ་མོའི་སྤུས་རིན་འབུལ་མི་ཡིན། །གླང་རོག་པོ་བརྒྱ་ལ་ཇ་རྒྱབ་བརྒྱ། །མཐོ་རྒྱལ་པོར་ཇ་འདྲེན་ཞུ་མི་ཡིན། །མཛོ་ཁྱུང་དཀར་བརྒྱ་ལ་དར་རྒྱབ་བརྒྱ། །བཀྲ་ཤིས་དར་དཀར་འཐག་མི་ཡིན། །མོན་མེ་ཏོག་ཇ་མར་ལེན་མི་ཡིན། །སྒ་སྔ་རུའི་གཏད་ས་མེ་ཏོག་ཡིན། །སྒ་ཕྱི་རུའི་འཇོག་ས་མེ་ཏོག་ཡིན། །ཡོབ་ཕྲ་མོའི་གནོན་ས་མེ་ཏོག་ཡིན། །སེང་གངས་དཀར་ཡིད་གཏད་མེ་ཏོག་ཡིན། །ང་རྒྱལ་བློན་ཡོང་དོན་དེ་འདྲ་ཡིན། །ཡང་སྒོས་དམག་དཔོན་སྐུ་ལྷ་ཡིན། །ཉོན་དང་འཛམ་གླིང་དཔེ་ཞིག་ཡོད། །མཁར་དང་སྒོ་མོ་ལྕགས་རི་གསུམ། །ཨེ་བཙན་བསམས་ནས་བཟོས་ལེ་རེད། །དུང་དང་རྒྱ་གླིང་འཁར་རྔ་གསུམ། །ཨེ་སྙན་བསམས་ནས་བརྡུངས་ལེ་རེད། །ཐུག་དང་བ་དན་རྒྱལ་མཚན་གསུམ། །ཨེ་མཐོ་བསམས་ནས་བཙུགས་ལེ་རེད། །གཉེན་དང་ཉེ་བ་ཤག་པོ་གསུམ། །ཨེ་མཐུན་བསམས་ནས་བསྒྲིགས་ལེ་རེད། །སྤང་དང་མེ་ཏོག་མཛེས་ལྡན་བསམས། །བྲག་དང་འུག་པ་བཙན་བརྟན་བསམས། །མོན་གླིང་གཉིས་འདི་མཐུན་སྡེབ་བསམས། །གཏམ་དང་འདུན་མ་ཨེ་ཡོང་བསམས། །ང་ཡོང་དོན་དོན་ཆེན་དེ་འདྲ་ཡིན། །ཁྱོད་དཔའ་བོའི་ཡིད་ལ་དེ་ལྟར་ཞོག །
ཅེས་གླུ་དེ་ལྟར་ཕུལ་བས། ནང་བློན་སྐུ་ལྷ་ཐོག་རྒྱལ་གྱི་བསམ་པར་གླིང་ཁྲམ་པར་ཁ་བཤད་གཏམ་དེ་ངོ་མ་མང་པོ་གདའ། དོན་ལ་བསམས་ན་བདེན་པ་ཁབ་ཙམ་མི་འདུག་པས་ཆ་འཛིན་རྒྱུ་ལར་ནས་མེད། ཡང་སྙིང་ངེད་མོན་གྱི་སྲས་མོ་མནའ་མར་སློང་མི་ཡིན་ཅེས་གཏམ་གླེང་ཞིག་འདུག་པས། སྟོབས་ཆེན་ཤིང་ཁྲི་རྒྱལ་པོར་སྙན་སེང་ཞིག་བསྒྲོན་ན་དགའ། དགྲ་ཤ་པར་ལག་པ་སྔ་ན་གྱོད་ཀྱི་རྩ་བར་འགྲོ་བས་ཡག་རྟགས་རྩ་བ་ནས་མི་ཡོང༌། ཡིན་ན་ཡང་གཏམ་ལན་གྱི་གླུ་ཞིག་སྤྲོད་དགོས་བསམས་ཏེ། ཡཱ་ཁོ་རེ་ཉོན་དང་ཕ་ཡི་བུ་ཁྱེད་རང་མགོ་རང་གིས་མ་ཐོན་པར། མི་གཞན་གྱི་འགོ་འདྲེན་བྱེད་ལེ་ཟེར། རྒྱུ་མི་རྒྱུར་མི་ངོ་ཁྱོད་ཀྱིས་གཏོད། དགྲ་མི་ཐུབ་དགྲ་ལམ་ཁྱོད་ཀྱིས་བཟོས། བཟོ་དགོས་ལེའི་རྩ་བ་ཅི་ཞིག་ཡིན་ཞེས་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དེ་རིང་ལྷ་ཞིག་འབོད་ལེ་འདི། །མཐོ་ནམ་མཁའ་སྟེང་གི་ཞལ་དཀྱིལ་ནས། །དགའ་རབ་ལྷ་ཡི་དབང་ཕྱུག་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །སྲིན་པོ་གདོང་དམར་རི་ཁྲོད་ནས། །ཐེའུ་རངས་བླ་མ་རྐང་གཅིག་མཁྱེན། །མཁྱེན་གཟིགས་དཔའ་བོའི་དགྲ་མགོ་གནོན། །ས་འདི་ཡི་ས་ངོ་མ་ཤེས་ན། །ན་ཆེན་རྩྭ་རྭ་སྨུག་ཐང་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ལྷོ་རོང་ནགས་བཞི་ཡི་བཞི་མདོ་ནས། །རྫོང་བཙན་པོ་སྟག་མོ་འགྱིང་རྫོང་ན། །ཕ་སྲིན་པོ་མགོ་དགུའི་སྤུན་གསུམ་ཡོད། །བུ་ཆེ་བ་ཨ་ནུ་གཡུ་བན་དེ། །ལྷོ་ནགས་བཞི་སྟོང་རི་འཛིན་མི་ཡིན། །མོན་ཚོ་ཁག་བཅུ་གཉིས་དཔོན་པོ་ཡིན། །བུ་འབྲིང་བ་གཡུ་འབྲུག་ཐོག་རྒྱག་དེ། །ངར་ཆེ་ནས་དགྲ་ལ་ཧམ་འཛིངས་བྱས། །རོང་མི་དམར་ལག་ཏུ་ཤོར་ནས་ཐལ། །ང་བུ་ཆུང་སྐུ་ལྷ་ཐོག་རྒྱལ་ཟེར། །ནང་བློན་ཐུགས་ན་ལྷ་ལས་དགའ། །སྐུ་ལྷ་ཟེར་བ་དེ་ནས་བྱུང༌། །དགྲ་ལ་སོང་ན་ཐོག་ལས་མྱུར། །ཐོག་རྒྱལ་ཟེར་བ་དེ་ནས་བཏགས། །མིང་དང་དོན་གཉིས་མཚུངས་ལེ་ཡིན། །ལྷོ་ཤིང་ཁྲི་རྒྱལ་པོའི་བཀའ་བློན་ཡིན། །ངེད་ཚོ་ཁག་བཅུ་གཉིས་འགོ་འཛིན་ཡིན། །ཕོ་དཀྱུས་མ་ཞིག་དང་འདྲ་ལེ་མིན། །ད་རུང་ཉོན་དང་ཕ་ཡི་བུ།་་་་༌།ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཡི། །སྲས་མོ་མེ་ཏོག་ལྷ་མཛེས་དེ། །ཕྱི་རྒྱ་དར་བཞིན་དུ་ཕྱི་ནས་བསྒྲིལ། །ནང་ནོར་བུ་བཞིན་དུ་ནང་ལ་ལྟེམས། །ཕྱི་ལྕགས་ཀྱི་ལྕགས་རི་མེ་ཏོག་ཡིན། །ནང་ནོར་གྱི་ནོར་བུ་མེ་ཏོག་ཡིན། །ངེད་རྒྱལ་བློན་སེམས་རྟེན་མེ་ཏོག་ཡིན། །རྐང་གཉིས་མི་ཡི་མི་གཙོ་ཡིན། །རྐང་བཞི་ཟོག་གི་ཟོག་གཙོ་ཡིན། །ལ་ཆེན་གླིང་པ་དགྲ་འདྲེ་ཡིས། །ཁ་གཏད་ས་མེ་ཏོག་ལྷ་མཛེས་བྱས། །དོན་ཡང་སྙིང་གཏམ་གྱི་རྡོག་རྩ་ལ། །ཕུ་ལ་མེད་ཡ་ན་ལ་ཞིག་གཏོད། །ཀླུང་གྲིབ་མེད་མ་ན་གྲིབ་ཅིག་བཟོས། །རི་ཀླུང་རྟ་དྲེལ་ཁེངས་ལེ་བྱེད། །ས་གཞི་དམག་གིས་ཁེངས་ལེ་བྱེད། །ད་རུང་ཧམ་གཏམ་མང་པོ་བཤད། །དཔེ་བཞག་ན་འདྲ་མ་འདི་འདྲ་གདའ། །གནམ་ཨ་སྔོན་དཀར་ཕྲ་གླིང་བཞི་ལ། །གླིང་བཞི་པོ་ཉི་ཟླ་འོད་ཀྱིས་ཁྱབ། །ཤར་སྨིན་དྲུག་མེད་ན་ཤར་ནུབ་འཛོལ། །ཕོ་རྒོད་པོ་མོན་གྱི་རྒྱལ་ས་ལ། །ས་རོང་འགག་འཕྲང་དོག་པོ་དེ། །དོམ་ནག་ནག་པོའི་ཕ་ཡུལ་རེད། །ཀློ་མི་རྒོད་གཉིས་ཀྱི་ས་མཚམས་རེད། །འདིར་ཡོང་མི་སྟོབས་ཆེན་སུ་ཡིན་ཀྱང༌། །སྲོག་ལ་ཉོ་ཚོང་བྱེད་མི་རེད། །ཚེ་རིང་ཐུང་འདོམ་ལ་འཇལ་མི་རེད། །ཆག་སྒོ་རང་གིས་ཉོ་མི་རེད། །རེད་དམ་མ་རེད་བསམ་བློ་ཐོངས།་་་་་་༌།ད་ལོ་མོན་ལ་ཕབ་དོན་འདི། །ཁ་གཏད་མེ་ཏོག་ལྷ་མཛེས་རེད། །བརྔམ་རྒྱུ་ལྷོ་ཡི་རྒྱལ་གཞིས་རེད། །ཁྱེད་བཟའ་འདོད་ཅན་གྱི་ལག་པས་སྙོབས། །ཧམ་གཏམ་ཅན་གྱིས་ཁྲམ་གཏམ་བཤད། །དེ་རེད་དམ་མ་རེད་བསམ་བློ་ཐོངས། །གླིང་དཀར་དཔུང་དམག་ཁྲ་མོ་འདི། །ས་ཕྱོགས་གང་དུ་འགྲོ་མི་ཡིན། །གར་འགྲོ་མྱུར་དུ་སོང་ན་ལེགས། །དེ་རིང་ཉི་མའི་གདོང་གང་ལ། །མཚོན་རྩ་ཁབ་ཙམ་གྱིས་ཚད་ལེ་མིན། །མདའ་རྒྱ་ཁབ་ཙམ་ཞིག་འཕེན་ལེ་མིན། །དེ་མེད་དོན་རྩ་བ་བཤད་པས་ན། །ཁྱེད་གཡུ་ལྷ་ངོ་ཡི་ངོ་ཆེན་བྱེད། །འཇམ་པོ་བཤད་པའི་དཔའ་དར་བྱེད། །གོ་ན་རྣ་བའི་དཀྱིལ་ལ་ཞོག །
ཅེས་རྟ་ཁ་ཕྱིར་གཅུས་ནས་མོན་གྱི་ཨ་བྲག་གཉིས་ལོག་རྩིས་བྱེད་པའི་སྐབས་འཇང་ཕྲུག་གཡུ་ལྷ་ཐོག་སྒྱུར་གྱིས་ད་ལེགས་སོ། །སྐུ་དྲིན་ཆེ་བ་ཕ་ཡི་བུ། ཁྱོད་རྒོད་པོའི་དཔའ་གཏམ་རྣ་བར་སྙན། གཉོད་ཆུང་ང་ལ་ད་རུང་ཅུང་ཙམ་ཞུ་རྒྱུ་ཡོད་ཅེས་གཡུ་ལྷས་གླུ་འདི་འདྲ་ཞིག་ཕུལ་ལོ། །
ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ཤར་མདོ་གླིང་བསྟན་པའི་སྲུང་མ་རྣམས། །ད་རེས་ཨ་ཕོའི་གླུ་སྣ་དྲོངས། །ས་འདི་ཡི་ས་ངོ་མ་ཤེས་ན། །ལྷོ་ཡི་རྩྭ་རྭ་སྨུག་ཐང་རེད། །ལྷ་དཀར་གླིང་དམག་འབེབས་ས་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །འཇང་ཕྲུག་གཡུ་ལྷ་ཐོག་སྒྱུར་ཟེར། །གཡུ་ལྷ་བུ་དང་གནམ་གྱི་ཐོག །བྲག་རྡོ་རྗེ་ཡིན་ཀྱང་ཐལ་བར་གཏོར། །གནམ་གཡག་རྟ་དང་ཁྱུང་ཆེན་བྱ། །ལྡིང་ཤེས་ནས་ནམ་འཕང་བཅད་ལེ་ཡིན། །གཤིན་རྗེའི་འཕྲང་དང་གུ་ཟི་གྲི། །གཡུགས་ན་ཐར་བ་མི་ཡོང་ཟེར། །ཟེར་ཚུལ་ལོ་རྒྱུས་དེ་འདྲ་རེད། །ད་ཉོན་དང་འདྲ་མ་འདི་འདྲ་རེད། །ང་གླིང་དཀར་འདིར་བབས་སྒར་ཆེན་གྱི། །སྒར་འགོ་གངས་རི་སྤུངས་འདྲ་འདིར། །དམག་དཔོན་ལྷ་སྲས་དགྲ་ལྷ་ཡོད། །ལས་དམག་ཁ་བ་བབས་འདྲ་འདི། །འབུམ་པའི་ལས་དམག་འཕྲུ་དཀར་རེད། །སྒར་དཀྱིལ་གུར་དཀྱིལ་མཐོན་པོ་མ། །གུར་མཐོན་པོ་མཚར་པོ་ལོས་ཀྱང་ཡོད། །གསེར་གན་འབྲུ་ཡ་ཡི་རྒྱ་ཕིབས་བཙུགས། །ཕྱི་ལ་གུར་ཐག་དགོས་ལེ་མིན། །མ་མཁའ་འགྲོས་དར་ཐག་འཐེན་ནས་ཡོད། །ནང་ལ་གུར་ཀ་དགོས་ལེ་མིན། །མེ་ཏོག་པདྨའི་ཀ་བ་ཁྲིད། །སྟོང་ཉིད་རང་གཟུགས་དོད་པའི་གུར། །གུར་ཆེན་དེ་ཡི་ནང་བཅུད་ལ། །མི་སྨུག་མཆོང་གི་སྐུ་མདོག་ཅན། །མིག་རྩ་བྱུ་རུའི་འཇའ་ལམ་ཅན། །འགྲན་མེད་སངས་རྒྱས་གེ་སར་ཡོད། །སྔ་རུ་གསོད་པའི་ཤན་པ་རེད། །ཕྱི་རུ་འདྲེན་པའི་བླ་མ་རེད། །རྩ་རླུང་རང་དབང་ཐོབ་མི་རེད།་་་་༌།ཞིང་ཆུ་མར་ལྗང་པ་འདེབས་ཉིན་མོ། །སེར་འཁྱིལ་ལེར་འཁྲུངས་དུས་མ་བཏོག་ན། །ཐོག་སེར་བས་ཕབ་དུས་འགྱོད་པ་ཆེ། །རྟ་མགྱོགས་པ་རླུང་གི་སྤུ་སྒྲོ་ཅན། །ཚོང་ཁེ་མ་ཡོད་དུས་མ་བརྒྱབ་ན། །དགྲ་ཇག་པས་བཞོན་དུས་འགྱོད་པ་ཆེ། །ན་ཆུང་བུ་མོ་མཛེས་ལྡན་དེ། །ཁ་འཇམ་པོས་སློང་དུས་མ་སྤྲད་ན། །ཕོ་ངར་མས་བསུ་དུས་འགྱོད་པ་ཆེ།་་་་༌།གླིང་གི་དགྲ་ལྷ་རྩེ་རྒྱལ་དང༌། །མོན་གྱི་མེ་ཏོག་ལྷ་མཛེས་གཉིས། །ལོ་རུས་སྤར་ཁ་མཐུན་གདའ་ཟེར། །ལོ་ཁམས་སྨེ་བ་འཕྲོད་གདའ་ཟེར། །ལྷ་གོང་མའི་ལུང་བསྟན་དེ་དང་གཅིག །གླིང་རྒྱལ་བློན་བཀའ་གྲོས་དེ་དང་གཉིས། །ཕ་སྤྱི་དཔོན་བློ་ཕྱོགས་དེ་དང་གསུམ། །གླིང་དཀར་དཔུང་དམག་སྟོབས་ཆེན་དེ། །ད་ལོ་མོན་ལ་བབས་ལེ་ཡིན། །ངེད་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ། །ཁྱོད་མེ་ཏོག་འདུན་མར་བསུ་བར་ཡོང། །དེ་དོན་སྐུ་ལྷའི་ཐུགས་ལ་ཞོག །ཕར་སོང་ཤིང་ཁྲིའི་སྙན་ལ་སྒྲོན། །རྒྱལ་བློན་བཀའ་གྲོས་ལེགས་པར་གྱིས། །སང་དང་གནངས་དང་གཞེས་དང་གསུམ། །གཞེས་ལྷ་ཉིན་དཀར་པོར་གཏམ་ལན་དགོས། །
ཞེས་གླུ་མཇུག་རྫོགས་པ་དང་མཉམ་དུ་སྐུ་ལྷ་ཐོག་རྒྱལ་གྱིས། ཡཱ་འོ་ན་ལེགས་སོ།། སང་གནངས་ཉིན་གྱི་བར་ལ་གཏམ་ལན་ཡོད་པ་བྱེད་ལེ་ཡིན་ཟེར་ནས་དཔའ་བོ་གཉིས་པོ་རང་ཚོད་བཟུང་སྟེ་རང་ཡུལ་གྱི་ཕྱོགས་སུ་ལོག་པར་གདའ་འོ། །
གླིང་གི་ལས་དམག་གིས་མེ་ཏོག་མནའ་མར་དགོས་ཟེར་བའི་གཏམ་དེ་ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོའི་རྣ་བར་ཐོས་པ་ཙམ་གྱིས་ངར་སྐད་གཡུ་འབྲུག་སྒྲོག་སྒྲོག ཁྲོ་གཉེར་མུན་ནག་འཁྲིག་འཁྲིག མིག་དམར་གློག་དམར་འཁྱུག་འཁྱུག སོ་སྒྲ་གྲོ་ཡོས་འཆའ་འཆའ། བྲང་ཁོག་རྔ་བོ་རྡུང་རྡུང་གི་ངང་ཤིང་ཁྲི་རྒྱལ་པོས་གླུ་འདི་འདྲ་ཞིག་བླངས་སོ། །
ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ནམ་མཁའ་སྟེང་གི་གཞལ་ཡས་ནས། །ལྷ་ཆེན་དགའ་རབ་དབང་ཕྱུག་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །ཞིང་སྐྱོང་ཚངས་པ་གདོང་བཞི་མཁྱེན། །སྲོག་སྐྱོབ་རལ་པ་རྩེ་དགུ་མཁྱེན། །ལྷོ་རྒྱལ་དབུ་འཕངས་མཐོ་བར་ཤོག །ངེད་རྒྱལ་བློན་བསམ་དོན་འགྲུབ་པར་ཤོག །ས་འདི་ཡི་ས་ངོ་མ་ཤེས་ན། །ལྷོ་ཡི་རྩྭ་རྭ་ལེབ་ཆེན་རེད། །རྫོང་བཙན་པོ་སྟོང་རི་གནམ་རྫོང་རེད། །ལྷོ་འཛམ་བུ་གླིང་ལ་གྲགས་ལེ་རེད། །ཕོ་ང་དང་ང་ངོ་མ་ཤེས་ན། །ཤིང་ཁྲི་ནམ་མཁའ་རྒྱལ་མཚན་ཡིན། །གནམ་ས་ཀུན་ཏུ་འགྲན་ཡ་མེད། །སྟོད་ཡ་ན་རྒྱ་གར་རྒྱལ་པོ་གཅིག །སྨད་མ་ན་རྒྱ་ནག་རྒྱལ་པོ་གཉིས། །བར་ཕ་ན་སྟག་གཟིག་རྒྱལ་པོ་གསུམ། །ལྷོ་འདི་ན་ལྷོ་རྒྱལ་ང་དང་བཞི། །འཛམ་གླིང་རྒྱལ་ཁབ་ཆེ་བཞི་ཡིན། །སྟོབས་རྒྱལ་པོ་ཟེར་བ་དེ་ཚོ་རེད། །ད་མདོ་ཁམས་གླིང་གི་རྒྱལ་ས་ནས། །ཧམ་ཁྲམ་པ་གླིང་གི་ཇོ་རུ་ཁོ། །སྡོད་མ་ཚུགས་གླིང་དམག་མོན་ལ་བཤམས། །ཤི་མི་རན་ཚེ་སྲོག་སྐྱེལ་བར་ཡོང༌། །སྐྱིད་མི་ཤེས་དུར་སར་འཛུལ་བར་ཡོང༌།་་་་༌།བྱེད་གཏེ་གླིང་གི་ཇོ་རུ་ཁོ། །དེ་རིང་རང་ས་མོན་ལ་ཡང༌། །ཁ་ནས་མེ་ཏོག་ལྷང་ལྷང་འབོད། །ཁོག་ཏུ་ངེད་ཀྱི་རྒྱལ་གཞིས་རྔམ། །ང་ལྷོ་རྒྱལ་ནམ་མཁའ་རྒྱལ་མཚན་ལ། །ཁྲམ་དང་གཡོ་སྒྱུ་འགྲོ་ས་མེད། །དཔའ་དང་དཔུང་ཤེད་ངོམ་ས་མེད། །ཡིན་ཀྱང་འདིར་ཚོགས་བློན་པོ་རྣམས། །མ་སྡོད་ལས་དམག་མྱུར་དུ་སྒྲིགས།་་་་༌།འབུམ་དམག་བཅོ་ལྔའི་ལས་དམག་སྒྲིགས། །རུ་ཤོག་ལྕགས་རི་རིམ་བདུན་བསྐོར། །རྫོང་ཆེན་ཁ་ལོ་བསྐོར་ནས་ཤོག །དེ་རིང་ཉི་མའི་གདོང་གང་ལ། །དཔུང་ཆེན་སྟོབས་ཀྱི་ལས་དམག་རྣམས། །ཞག་གསུམ་ཕན་ལ་མ་འགྱངས་པར། །རུ་ཤོག་ལས་དམག་བསྒྲིགས་ནས་ཤོག །དེ་ནས་ཅི་འདྲ་རིམ་བཞིན་ལྟ། །ང་ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་དང༌། །དགྲ་སྡེ་གླིང་རུའི་ཇོ་རུ་གཉིས། །སྟོབས་ཀྱི་བཏང་མ་སུ་རྒོད་ལྟ། །ནམ་དང་ཉི་མ་སུ་རིང་ལྟ། །ཆུ་དང་གད་པ་སུ་མཐོ་ལྟ། །ཕོ་རྒོད་དཔའ་བོ་སུ་ཡིན་ལྟ། །མདའ་མཚོན་རྣོ་ངར་སུ་གཟབ་ལྟ། །རྟ་རྒོད་བང་ཁ་སུ་མགྱོགས་ལྟ། །ད་རུང་རིམ་བཞིན་བསྡུར་བས་ཆོག །གོ་ན་རྣ་བའི་དཀྱིལ་ལ་ཞོག །མ་གོ་གླུ་ལ་སྐྱོར་རྒྱུ་མེད། །
ཅེས་གླུ་དེ་ལྟར་བླངས་མ་ཉིད་དུ་མོན་བློན་རྣམས་ཀྱིས་ལས་དམག་འཕྲལ་དུ་བསྐོངས་ཏེ། ཞག་གསུམ་གྱི་ནང་ལྷོ་ཡི་ཡིད་མོ་ཐང་ཆེན་དུ་སྒར་བསྒྲིགས་པ་དང་མཉམ་དུ་ལྷོ་ཡི་སྟག་མོ་སྟོང་འདུས་དང༌། གཡུ་རུ་མི་ཆེན་དཔོན་འཁོར་དང་བཅས་སྟོང་དམག་ལྔ་ཡི་ལས་དམག་ལྷོ་ཆུ་རབ་ཁར་བབས་ཏེ། རབ་སྟོད་པད་ནེ་གྱེན་རབ། རབ་བར་ནོར་བུ་ཁྱུང་རབ། རབ་སྨད་ཨ་དཀར་རྡོ་རབ་གསུམ་གྱི་རབ་ཁ་རྣམས་བཀག་ནས་གདའོ། །
སྐབས་དེར་ནང་བློན་སྐུ་ལྷ་ཐོག་རྒྱལ་སྟག་གུར་རིན་ཆེན་འབར་བའི་ནང་དུ་གཟིམ་ཐམ་མེ་ཐོམ་ཙམ་གྱི་གནས་སུ་མཆིས། དམག་དཀྱུས་མི་གསུམ་གྱིས་ནང་བློན་གྱི་སར་བཅར་ཏེ་ལྷོ་ཆུའི་རབ་ཁ་ཁག་གླིང་པར་ཤོར་བ་དང༌། སྟག་མོ་སྟོང་འདུས་དང་གཡུ་རུ་མིང་ཆེན་བཅས་བློན་པོ་ལས་དམག་མང་བ་གླིང་པའི་མཚོན་འོག་ཏུ་ཤོར་ནས་གླིང་གི་དཔུང་དམག་གཡེ་མ་ཐང་ཆེན་དུ་བབས་པའི་ལོ་རྒྱུས་ཞིབ་པར་ཞུས་ཤིང༌། ད་ཅི་བྱས་ན་དགའ་ཞེས་བརྗོད་འཕྲལ་ནང་བློན་སྐུ་ལྷ་ཐོག་རྒྱལ་ངར་རྒོད་གཏིང་ནས་ལངས་ཏེ་རྔ་བོ་ཆེ་དིང་དིང་དུ་བརྡུངས། མངའ་ཞབས་ཨ་བྲག་རྣམས་བསྐོངས་ཏེ་སྟག་གུར་རིན་ཆེན་འབར་བའི་ནང་དུ་གྲོས་ལ་འཚོགས། དེ་ནས་ནང་བློན་སྐུ་ལྷ་ཐོག་རྒྱལ་གྱིས་འཁོར་གསུམ་ལུས་ལ་བསྐོར། དགྲ་དར་སེར་པོ་སྤང་ལས་ཆེ་བ་ཞིག་འཁྱེར་ནས། རྟ་མགྱོགས་པ་ངང་པ་སེར་སྟོང་གི་གོང་དུ་བུད་དེ་མི་རྟ་ཁེར་རྐྱང་དུ་གླིང་སྒར་གྱི་ཕྱོགས་སུ་སོང་ནས་ཉ་མོ་ཁུག་ཆུའི་འགྲམ་དུ་སླེབས་པར་ཉེ་བ་ན། གླིང་པ་རྣམས་ཀྱིས་མི་སེར་རྟ་སེར་ཁེར་མ་ཞིག་བྱུང་བ་མཐོང་བ་དང་མཉམ་དུ་དེ་ནང་བློན་སྐུ་ལྷ་ཡིན་པར་ཤེས་ནས་གླིང་གི་དཔའ་རྟུལ་རྣམས་དེ་རིང་རྟགས་མ་ཅི་འདྲ་ཞིག་ངོམ་དགོས་ཟེར་ཏེ་ཟང་ཟིང་དུ་གནས་པའི་སྐབས། ཤར་སྒར་དམག་འཕྲུ་སྔོན་ཅན་གྱི་ནང་བཅུད་ནས་ཚ་ཞང་འདན་མ་བྱང་ཁྲས་འཁོར་གསུམ་ལུས་ལ་བསྐོར་ནས། རྟ་འདོ་བ་དངོས་གྲུབ་བསྟན་པའི་གོང་དུ་བུད་དེ་མྱུར་དུ་ཐོན་ནས་ལྷོ་ཡི་བཀྲ་ཤིས་རྟགས་ཟམ་གྱི་ཚུར་ཁ་སྤང་ལེབ་ཆེན་ཞིག་གི་གནས་ལ་འབྱོར་དུས་ཁོང་གཉིས་ཕན་ཚུན་ངོ་འཕྲོད་ཀྱང༌། རང་རང་སོ་སོ་ཀྲོང་ངེར་ལངས་འདུག་པ་ལས་གཏམ་བཤད་ཅི་ཡང་མ་བྱས། དེ་ནས་ཡུད་ཙམ་སོང་རྗེས་ཚ་ཞང་འདན་མ་བྱང་ཁྲས། ཡཱ་ཁོ་རེ་ཉོན་དང་ཕ་ཡི་བུ། ཁྱོད་མི་སེར་རྟ་སེར་སྐྱ་ལེབ་ཅན། ལྷོ་ཡི་སྐུ་ལྷ་སྤྲེལ་རྒན་འདྲ། ད་ང་རྒད་པོའི་གླུ་འདི་ཉོན་ཟེར་ཏེ་མི་འགྱུར་དལ་བའི་དུང་འགྱུར་ལ་དྲངས་ནས་གླུ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ལྷ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །ཐུགས་མ་ཡེངས་དམག་དཔོན་འགོ་འཛིན་མཛོད། །ས་འདི་ས་ངོ་མ་ཤེས་ན། །ལྷོ་ཡི་གཡེ་མ་ཐང་ཆེན་རེད། །སྤང་ལེབ་ཆེན་མེ་ཏོག་འཁྲུངས་ས་རེད། །མི་ང་འདྲ་ང་ངོ་མ་ཤེས་ན། །འདན་མཁར་ར་ཆུ་ར་སེར་ར་གསུམ། །དམག་ཁྲི་སྐོར་བཅུ་གཅིག་ནང་བཅུད་ནས། །སྟག་གི་ཁ་འཕུར་མཉེད་མི་དེ། །དགྲ་ལ་ང་འགྲོ་ཟེར་མི་དེ། །ང་གཡུལ་རྒྱལ་འདན་མ་ཐོག་རྒོད་ཡིན། །སྟོང་དགྲ་བོའི་སྟེང་གི་ཐོ་བ་ཡིན། །ཉེ་དམར་པོའི་སྟེང་གི་རྒྱ་དར་ཡིན། །དར་དཀར་པོ་འགྱུར་མེད་འདན་མ་ཡིན། །ད་ཉོན་དང་རྒད་པོའི་ཕ་ཡི་བུ། །ལྷོ་ཙན་དན་ནགས་ཀྱི་དམར་ཡག་སྟག །སྟག་དམར་པོ་རང་ས་བཟུང་ལེ་ལ། །རྭ་རྒོད་རྔོན་པའི་ཁྱི་རྭ་བྱུང༌། །ང་སྟག་མོ་མ་ལངས་ཀ་མེད་རེད། །བྲག་མཐོན་པོའི་སྟེང་གི་སྐྱ་ཁྲ་ང༌། །ཁྲ་སྐྱ་ཁྲ་བྲག་ཏུ་སྡོད་པའི་དུས། །བྱེལ་ཆུང་ནམ་མཁར་གཤོག་གུར་ཕུབ། །ང་སྐྱ་ཁྲ་མ་ལངས་ཀ་མེད་རེད། །ཤར་གླིང་དཀར་ཁྲ་མོའི་རྒྱལ་བློན་རྣམས། །རང་ས་རང་གིས་བཟུང་བ་ལ། །བཙན་པོ་མོན་གྱི་ཇག་དམག་བྱུང༌། །ང་དེ་རིང་མ་ཡོང་ཀ་མེད་རེད། །ཚེ་སྔ་མོ་སྔར་གྱི་དུས་ཚོད་ལ། །ཕ་རྒྱ་ཚ་སྐུ་ཚད་མ་ལོན་དུས། །གླིང་ཇོ་རུ་གླིང་ལ་མ་འཁྲུངས་དུས། །ལྷོ་མོན་མོན་གྱི་ས་ཆ་ནས། །དམག་ཁྲི་དམག་བཅོ་ལྔ་གླིང་ལ་ཕབ། །གླིང་རུ་ཆེན་བཅོ་བརྒྱད་ཤུལ་མེད་བཏང༌།་་་་༌།སྔོན་མ་དགྲ་ལན་མ་འཕྲོད་ལུས། །ད་ལོ་གླིང་དཀར་མོན་ལ་ཕབ། །རྟ་ཤོར་བའི་ར་མདར་ཡོང་ལེ་ཡིན། །རྒྱུ་ཤོར་བའི་རྩད་གཅོད་ཡོང་ལེ་ཡིན།་་་་༌།གླིང་དཀར་མོན་ལ་མ་བབས་ན། །སྔར་ལུས་དགྲ་ཤ་སུ་ཡིས་ལེན། །རྟ་དམག་དང་པོ་འདན་མ་ཡིན། །དངུལ་གཞུ་དཀར་སྟེང་ལ་མདའ་ཞིག་ཡོད། །མདའ་དཀར་དུང་ལས་གྲུབ་ལེ་ཡིན། །ལྷ་ཚངས་པ་དཀར་པོའི་བླ་མདའ་ཡིན། །མདའ་སྐེད་རིན་ཆེན་གསེར་ལས་གྲུབ། །གཉན་སྐུ་ལྷ་གེར་མཛོའི་བླ་མདའ་ཡིན། །མདའ་རྩེ་སྔོན་མོ་གཡུ་ལས་གྲུབ། །ཀླུ་རྒྱལ་གཙུག་ནའི་བླ་མདའ་ཡིན། །མདེལ་ནག་ལྕགས་ལ་བརྡུངས་ལེ་འདི། །ལྷ་ཆོས་སྐྱོང་མགོན་པོའི་བླ་ལྕགས་ཡིན། །མདའ་སྒྲོ་གྲོ་དཀར་བརྒྱན་ལེ་འདི། །མ་གྲུབ་པ་རྒྱལ་མོའི་ཚེ་མདའ་ཡིན། །མདའ་སྐྱེན་ཚད་མི་ཕོག་ཅི་ཡང་མེད། །ས་འདི་གཤིན་རྗེའི་བཤས་རྭ་རེད། །ཕོ་ང་ཚོ་འཆི་བདག་གཤིན་རྗེ་ཡིན། །ཁྱོད་ཚེ་ཟད་གཤིན་རྗེའི་སྒོ་ཁར་འབྱོར། །ཚེ་ཡོངས་ཟད་འདན་མའི་མདའ་རྩེར་མཆོངས། །ཁྱོད་སྐུ་ལྷའི་ཡིད་ལ་དེ་ལྟར་ཞོག །
ཅེས་འདན་མས་མདའ་ཞིག་བརྫངས་པ་དང༌། སྐུ་ལྷའི་བྲང་ནུ་མ་གཉིས་ཀྱི་མཚམས་ལ་ཐེབས། མདའ་ལེན་ཕུབ་དགུ་ཡོད་ཀྱང་ལྕགས་ཀྱི་མདེའུ་ནག་པོ་མ་བརྟེན་པར་སིང་སྒྲ་འཁྱིལ་ལེར་གཏོར། ནང་དུ་གསེར་ཕུབ་མེ་ལོང་ཙམ་ཞིག་ཡོད་པ་དེས་ཀྱང་མ་བརྟེན། གསེར་ཁྲབ་དང་དར་གྱི་ཨོ་འབོག་ལེབ་ཆེན་ཐམས་ཅད་ཀྱིས་མ་བརྟེན་པར། འདན་མའི་མདའ་དེ་སྐུ་ལྷའི་ཤར་ཟུག ཡིན་ན་ཡང་ཁོ་ནི་བདུད་ཀྱི་བུ་དངོས་ཡིན་པ་དང་བདུད་དགའ་རབ་དབང་ཕྱུག་གི་མཚོན་སྲུང་ལྕགས་ཀྱི་རིལ་བུ་སྲན་མ་ཙམ་བདུན་སྙིང་དཀར་ནག་གཉིས་ཀྱི་མཚམས་སུ་ཡོད་ལ། བདུད་དབང་ཕྱུག་ཆེན་པོའི་གཡང་ཊི་སྔོན་པོའི་ཀྲད་ཀོར་ཞིག་ཀྱང་སྙིང་དཀར་ནག་གཉིས་ཀྱི་མཚམས་སུ་ཡོད་པས། མདའ་ཡིས་གནོད་མ་ཐུབ། སྐུ་ལྷའི་བསམ་པར། ཡཱ་གླིང་གི་འདན་མ་ཟེར་བ་དེ་རྒྱང་སྙན་ཆེ་བ་ཙམ་ཞིག་ལས་མདའ་འཕེན་ལུགས་དེ་ཙམ་ཡིན་ན་ཨ་རྒོད་ཆུང་བསམས་ཏེ། སྐུ་ལྷས་མདའ་འདོན་གཞུ་འདོན་བྱས་ཏེ་སྟོང་འཇུག་མེད་པའི་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གླུ་ཐེངས་གསུམ་ངག་གི་འགུགས་གླུ་རེད། །དེ་རིང་ལྷ་ཞིག་འབོད་ལེ་འདི། །ཞིང་སྐྱོང་ཚངས་པ་གདོང་བཞི་མཁྱེན། །སྲོག་སྐྱབས་རལ་པ་རྩེ་དགུ་མཁྱེན། །ཐེའུ་རངས་བླ་མ་རྐང་གཅིག་མཁྱེན། །ལྷ་དེ་འདྲ་ཡན་ལ་འབོད་ལེ་མིན། །སྡང་དགྲ་བོའི་མགོ་བོ་ལོན་པར་ཤོག །ས་འདི་ཡི་ས་ངོ་མ་ཤེས་ན། །ལྷོ་ཡི་བཀྲ་ཤིས་རྟགས་ཟམ་རེད།་་་་༌།ཕོ་ང་འདྲ་རྩ་བ་བཤད་པས་ན། །ཕོ་ནང་བློན་ཐུགས་ན་ལྷ་ལས་དགའ། །སྐུ་ལྷ་ཟེར་བ་དེ་ནས་བཏགས། །དགྲ་ལ་སོང་ན་ཐོག་ལས་མྱུར། །ཐོག་རྒྱལ་ཟེར་བ་དེ་ནས་བཏགས། །དེ་རིང་གླིང་བློན་འདན་མ་ཁྱོད། །ཁྱོད་མི་ཆེན་ངོམ་རྒྱུ་ཝ་ཞིག་གདའ། །ཚེ་ཟད་ངོ་མ་ཁྱེད་རང་རེད། །དེ་སྔ་ཕན་དང་ཚུན་ཆོད་ལ། །ཨ་བྲག་མོན་གྱི་རྒྱལ་ས་ལ། །བཙན་པོ་དམག་སྒར་ཕབ་ལེ་གཅིག །ངར་རྒོད་དཔུང་པ་འཕུར་ལེ་གཉིས། །མི་མངགས་རྟ་ཁྱུ་སྤུངས་ལེ་གསུམ།་་་་༌།ཁྱོད་གླིང་བློན་འདན་མ་བྱང་ཁྲ་བུ། །དཔའ་གཏམ་རྫ་རི་ཉིལ་ཉིལ་དེ། །དུས་དེ་དུས་མེད་ལེ་ག་ན་སོང༌། །དུས་དེ་རིང་ཉི་མའི་གདོང་གང་ལ། །ཁྱེད་རྒད་པོས་གདའ་འགོ་འཕུར་ལེ་དེ། །སྡུག་པོ་ཨེ་ཤེས་ཕ་ཡི་བུ། །ངའི་གཞུ་དཀར་སྟེང་ལ་མདའ་ཞིག་ཡོད། །དགའ་རབ་བསྟན་པའི་བླ་མདའ་ཡིན། །དཔའ་བོ་ང་ཡི་འདུལ་མདའ་ཡིན། །ཚེ་ཡོངས་ཟད་ཁྱོད་ཀྱི་སྟེང་ལ་ཡོད། །ཡར་ཐོད་དཔྲལ་བའི་གཞུང་གཤགས་ནས། །ཀླད་ཁྲག་གནམ་ལ་མ་མཆོད་ན། དཔའ་བོ་མིན་པའི་རྟགས་ལ་ཞོག །
ཅེས་སྐུ་ལྷས་མདའ་ཞིག་འཕངས་པས་འདན་མའི་རྨོག་དཀར་ནམ་མཁའ་ཁྱུང་རྫོང་གི་དཀྱིལ་ལ་ཐེབས་ནས་མོ་ཟོང་གཡོན་དུ་གཡུགས་ཏེ་མདའ་དེ་ཤིང་སྟག་པའི་སྡོང་པོ་མི་ཆེན་དགུའི་དཔུང་པས་མི་འཁྱིགས་པ་གཅིག་བརྒྱུད་དེ་དུ་བ་སྔོ་རྒྱང་ངེར་ཆུ་ཕ་རིའི་རྫ་རི་གཡའ་མར་ཐེབས་པས་རྫ་གཡའ་མ་ཕྱེ་མར་གཏོར་ནས་རྡོ་དུལ་ནམ་མཁར་འཚུབ། རྡོ་ཆར་ས་ལ་བབས། མདའ་དེ་དུག་མདའ་ཡིན་པས་དེའི་ལྷང་གིས་འདན་མ་ཆང་རབ་གིས་བཟི་བ་ལྟར་མགོ་ཡུར་དམར་འཁྱིལ་ལེར་འཁོར་ཏེ་རྟ་ཐོག་ནས་ལྷུང༌། སྐུ་ལྷའི་བསམ་པར། ཡཱ་དེ་རིང་ངའི་རྟགས་མ་དེ་ཙམ་ཡིན་བསམས་ཏེ་ཕྱིར་ལོག དེ་ནས་སྐུ་ལྷ་ཐོག་རྒྱལ་གྱིས་ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་དང༌། མོན་གྱི་ཨ་བྲག་རྣམས་འདུ་རྭ་ཁྱུང་རྫོང་བར་མར་གྲོས་ལ་འཚོགས་ཡོད་པ་དེར་སོང་ནས་ཁ་སང་ཉི་མའི་སྔ་དྲོ་ལ་གླིང་གི་ཁྲམ་པ་ཚོས་ལས་ལུགས་ཨེ་འདྲ་གདའ་ཟེར་ཏེ། ཤིང་ཁྲི་རྒྱལ་བློན་རྣམས་ལ་འདན་མ་དང་འཛིང་ལུགས་བཤད་པར། ཤིང་ཁྲི་སྟོབས་ཀྱི་རྒྱལ་པོས། ཕོ་དཔའ་བོ་སྐུ་ལྷ་ཐོག་རྒྱལ་ཁྱོད་ཤིན་ཏུ་བཟང་བའི་མི་ཞིག་རེད། མདའ་གཅིག་གིས་གླིང་རུའི་འདན་མ་ཐང་ལ་གཡུགས། དཔའ་བོ་ཁྱོད་ལས་ལྷག་པ་ག་ལ་ཡོད་ཅེས་བརྗོད་པ་དང༌། རྟ་འདོ་བ་བཅུ་དང་དྲེལ་སྨུག་ཆུང་བཅུ། འཇའ་ཆེན། རྨ་བྱའི་སྒྲོ་མདོངས། པདྨ་རཱ་གའི་ཏོག་སེར་པོ་གསེར་གྱི་པ་ཊ་བཅུ། ཁམ་པ་དངུལ་གྱི་པ་ཊ་བཅུ། སྔོན་མོ་གཡུ་ཡི་པ་ཊ་བཅུ་བཅས་དཔའ་དེར་གཟེངས་བསྟོད་དཔག་ཏུ་མེད་པ་མཛད།
ལྷོ་ཡི་ཤིང་ཁྲི་རྒྱལ་པོས་སང་གི་ཉི་མ་སྔ་ཤར་དུ་དཔོན་བློན་མི་ལྔ་སོང་ནས་གླིང་གི་མི་རྟ་དམར་གསོད་བཏང་སྟེ། ཐང་ཆེན་རོ་ཡིས་གང་བ་ཞིག་བཟོ་དགོས་ཟེར་བའི་སྐབས། རྒྱ་ལྕམ་མེ་ཏོག་ལྷ་མཛེས་ཀྱིས་དར་གོས་སྔོན་མོ་ཆུ་ཡི་མདོག་དང་ལྡན་པ་ཞིག་གྱོན། དར་རྐེད་ཉི་མ་ལེབ་ཆེན་གྱི་སྐུ་འཆིང་བཅིངས། པང་གདན་རིགས་གསུམ་མགོན་པོ་ལ་གསེར་དང་དངུལ་གྱི་གཡེར་ཁའི་སྒྲ་གྲགས་པ། རིན་ཆེན་གྱི་ཏོག་ཁྲ་ཉིལ་འདྲ་ཞིག་བསྒྲོན་ནས་ལྷའི་བུ་མོ་ཡིད་དུ་འོང་བ་ཞིག་བྱས་ཞིང༌། ཞལ་ཏ་མ་བཅོ་བརྒྱད་ཀྱིས་བསྐོར་ནས་གསེར་རྐྱན་ནང་ལ་ཆང༌། དངུལ་རྐྱན་ནང་ལ་ཇ། དུང་རྐྱན་ནང་ལ་ཞོ་དང་འོ་མ་བཅས་ཀྱིས་སྣེ་ནས་དྲངས་ཏེ་ཡབ་རྒྱལ་པོར་མཆོད་ཆང་ཡང་ཡང་འབུལ་བའི་སྐབས། མེ་ཏོག་གི་བསམ་པར་ད་ཉལ་བའི་རྨི་ལམ་མི་བཟང༌། ལངས་པའི་རྟེན་འབྲེལ་མི་འགྲིག ད་ལོ་མོན་གྱི་ས་ཆར་གླིང་གི་ལས་དམག་སྟོབས་ཆེན་ཨེ་འདྲ་བབས་ལུགས་ལ་གཞིགས་ན། ཁ་གཏད་ས་མེ་ཏོག་ང་ལ་གཏད་དོན་གྱི་རྩ་བར་བལྟས་ན་ཡག་རྟགས་ཤིག་ལར་ནས་མ་བྱུང༌། ད་མོན་སྡེ་བདེ་མོར་འཁོད་ན། ང་བུ་མོ་གཅིག་སྡུག་པོ་མྱོང་བར་ཐབས་མེད་དེ། ངས་གླིང་དཀར་གྱི་དམག་དེ་བསློག་ཐབས་ཤིག་མི་ཡོང་ངམ་བསམས་ཏེ་དར་དཀར་པོ་དྲི་མེད་ཁ་གསར་གཅིག་ཡབ་རྒྱལ་པོའི་གསེར་ལྕོག་གི་སྟེང་དུ་ཕུལ་ནས་མེ་ཏོག་གིས་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །དེ་རིང་ལྷ་ཞིག་འབོད་ལེ་འདི། །གནས་འོག་མིན་ཅན་གྱི་ཕོ་བྲང་ནས། །མ་མཁའ་སྤྱོད་ལྷ་མོས་ཐུགས་རྗེས་གཟིགས། །ས་འདི་ཡི་ས་ངོ་མ་ཤེས་ན། །སྟོང་རི་མཁར་གྱི་རྩེ་མོ་རེད། །འདུ་རྭ་ཁྱུང་རྫོང་བར་མ་རེད། །ང་འདྲ་ང་ངོ་མ་ཤེས་ན། །ཡབ་ལ་ཤིང་ཁྲི་རྒྱལ་པོ་ཟེར། །ཡུམ་ལ་ཟླ་བ་མཛེས་ལྡན་ཟེར། །ང་ལ་མེ་ཏོག་ལྷ་མཛེས་ཟེར། །ད་ལོ་གནམ་ལོ་འདི་གསར་དུ། །མོ་ལོ་ཉི་ཤུ་རྩ་གསུམ་ཡིན། །གནས་མ་མ་རེད་སྒོ་མ་རེད། །ཡབ་ཆེན་ཤིང་ཁྲི་རྒྱལ་པོ་མཁྱེན། །ཚུར་གསོན་དང་ཞུ་རྒྱུ་འགའ་རེ་ཡོད། །གླིང་དམག་མོན་ལ་མ་བབས་གོང༌། །ཉལ་བའི་རྨི་ལམ་མང་ཙམ་བྱུང༌། །ཤར་གྱི་དུང་རི་དཀར་མོ་ལ། །དེ་རྩེར་སེངྒེ་འགྱིངས་པ་རྨིས། །སྡེར་བཞི་ཁྲག་ལ་འདྲེས་པ་རྨིས། །དེ་ཡག་རྟགས་རེད་དམ་སྡུག་རྟགས་རེད། །ཕུ་ཡ་གིའི་གཡུ་མཚོ་མཚོ་ལུད་མ། །མཚོ་ཆེན་དེ་ཡི་ནང་བཅུད་ལ། །དུག་སྦྲུལ་སྔོན་མོ་མགོ་དགུ་མ། །སྦྲུལ་ནག་བསྟན་པ་དར་བ་རྨིས། །དེ་ཡག་རྟགས་རེད་དམ་སྡུག་རྟགས་རེད། །ཨ་བུམ་རྫ་རི་གོང་མ་ན། །འབྲོང་སེར་སྤུན་གསུམ་རྒྱགས་མཆོངས་བྱེད། །རྔ་མ་ལྷོ་སྤྲིན་འཚུབ་འདྲ་བྱེད། །ངར་སྐད་གཡུ་འབྲུག་སྒྲོག་འདྲ་བྱེད། །རྭ་རྩེ་མེ་དམར་འབར་འདྲ་བྱེད། །སྟག་དམར་པོ་རུ་རྩེར་གཟེར་བ་རྨིས། །དེ་ཡག་རྟགས་རེད་དམ་སྡུག་རྟགས་རེད། །ལྷོ་ཡི་ཉ་མ་གསེར་ཟམ་ལ། །ཁ་བ་དེ་ཙམ་མ་བབས་ཀྱང༌། །རྐྱང་སེར་གངས་ཀྱིས་མནན་པ་རྨིས། །དེ་ཡག་རྟགས་རེད་དམ་སྡུག་རྟགས་རེད། །རྟ་རྭ་ཤེལ་གྱི་འབུམ་ཚོའི་ནང༌། །རྟ་མ་བུ་དགུ་ཡིས་གཡང་རྩལ་སྦྱོང༌། །གཡང་རྩལ་སྦྱངས་ནས་རྟ་བྲོ་འཁྲབ། །འཛུམ་དྲུག་མོན་ལ་ངོམ་པ་རྨིས། །དེ་ཡག་རྟགས་རེད་དམ་སྡུག་རྟགས་རེད། མདའ་ཡབ་པུ་ཤུའི་གཡས་ཟུར་ནས། །སྲིན་བྱ་འུག་པས་འདྲེ་སྐད་བརྒྱབ། །དེ་ཡག་རྟགས་རེད་དམ་སྡུག་རྟགས་རེད། །ངེད་མ་བུའི་རྨི་ལམ་སྐྱེ་ཚུལ་འདི། །ཤར་དུང་རིའི་རྩེ་ནས་སེང་ཆེན་འགྱིངས། །སྡེར་བཞི་ཁྲག་ལ་འདྲེས་ལེ་དེ། །གླིང་སེང་ཆེན་སེང་གེའི་བླ་ཞིག་རེད། །སྡེར་བཞི་ཁྲག་ལ་འདྲེས་ལེ་དེ། །མོན་གླིང་ཁྲག་གིས་འཁྲུག་འདོད་བྱུང༌། །ཕུ་ཡ་གིའི་གཡུ་མཚོ་མཚོ་མོའི་ནང༌། །སྦྲུལ་ནག་མགོ་དགུ་མཚོ་ནང་ལངས། །མཚོ་ལངས་ནས་ངར་སྒྲ་སྒྲོག །རྨི་ལམ་དེ་ཚོར་བལྟས་པས་ན། །ཀླུ་རྒྱལ་གཙུག་ནའི་ལས་དམག་འདྲ། །གླིང་གེ་སར་རྒྱལ་པོའི་ཕོ་ཉ་འདྲ། །ཨ་བུམ་རྫ་རི་གོང་མ་ན། །འབྲོང་སེར་སྤུན་གསུམ་རྒྱགས་མཆོངས་བྱེད། །ངར་སྐད་གཡུ་འབྲུག་སྒྲོག་འདྲ་བྱེད། །རྭ་རྩེར་མེ་དམར་འབར་འདྲ་བྱེད། །སྟག་མང་པོ་རྭ་རྩེར་བཀོན་ལེ་དེ། །དེ་ཡག་རྟགས་མ་རེད་སྡུག་རྟགས་རེད། །གླིང་དཔའ་རྟུལ་མི་གསུམ་འབྲོང་ལ་སྤྲུལ། །སྟག་དམར་པོ་སྐུ་ལྷ་ཁྱེད་ཀྱི་བླ། །ཁྱེད་སྐུ་ལྷ་གླིང་ལ་ཤོར་འདོད་བྱུང༌། །ལྷོ་ཡི་ཉ་མ་གསེར་ཟམ་ལ། །སྐྱ་ཁ་བ་དེ་འདྲ་བབས་ལེ་མིན། །རྐྱང་རྐྱང་སེར་གངས་ཀྱིས་མནན་པ་དེ། །ལྷ་ཆེན་ཚངས་པའི་ལས་དམག་འདྲ། །གླིང་སེང་ཆེན་རྒྱལ་པོའི་ལྷ་དམག་འདྲ། །དེ་ཡག་རྟགས་མ་རེད་སྡུག་རྟགས་རེད། མོན་ས་གླིང་ལ་ཤོར་རབས་བྱུང༌། །ད་དཔུང་འཛིང་བྱེད་པ་ཨ་དགོས་ཆུང༌། །དེ་ལས་རྒྱལ་པོ་རིན་པོ་ཆེ། །ཐབས་དང་བྱུས་ཤིག་བྱས་པ་དགའ། །ང་མེ་ཏོག་གླིང་ལ་ཕྱིན་ན་བསམ། །དམན་བུ་མོ་ང་འགྲོ་ཟེར་མི་དེ། །ང་མེ་ཏོག་མ་གཏོགས་ཡོང་ལེ་མིན། །འོན་ཀྱང་མོན་སྡེ་བདེ་བའི་ཆེད། །གཏམ་དང་འདུན་མ་ཡོང་ཐབས་བྱེད། །ཐབས་ལ་ཤེས་རབ་སྤུན་གསུམ་བརྟེན། །མོན་གླིང་འདུན་མ་མཐུན་ཐབས་བྱེད། །དེ་ཨེ་ཡོང་རྒྱལ་བློན་བསམ་བློ་ཐོངས། །གླིང་དཀར་གེ་སར་རྒྱལ་པོ་དེ། །དགྲ་མགོ་ཡར་ཁམས་བྱང་ལ་གཏད། །ཕོ་འདྲེ་ཀླུ་བཙན་ཐོད་མདའ་བརྒྱབ། །དགྲ་སྐེད་སེར་པོ་ཧོར་ལ་གཏད། །གུར་དཀར་བདུད་ལ་གཉའ་སྒ་བསྟད། །དགྲ་འདབས་སྨུག་པོ་འཇང་ལ་གཏད། །ས་ཐམ་བདུད་ཀྱི་སྙིང་རྩ་བཅད། །ད་ལོ་གླིང་དམག་མོན་ལ་བབས། །ལྷོ་ཡི་རྒྱལ་གཞིས་ཤོར་ངེས་གདའ། །ཡབ་རྒྱལ་པོ་ཡིན་ཡང་སྐུ་ཚེ་རྫོགས། །དེ་ཚོ་རྒྱལ་བློན་ཐུགས་ལ་བཞེས། །
ཞེས་གླུ་དེ་ལྟར་ཕུལ་བ་དང༌། ཤིང་ཁྲི་སྟོབས་ཀྱི་རྒྱལ་པོས། ཡཱ་བུ་མོ་སེམས་སྡུག་དེ་ཙམ་མ་བྱེད།  ངེད་ལྷོ་ཕྱོགས་བན་དུར་རྒྱལ་པོའི་སྲས་རིན་ཆེན་གནམ་ལུ་ལྷ་ཡི་བུ་ཁྱོད་ཀྱི་མག་པར་ལེན་རྩིས་ཡོད་ཀྱང༌། དགྲ་འདྲེ་གླིང་དམག་བྱུང་བས་ཅུང་ཙམ་འགྱངས་སོང༌། སྔོན་དུ་བུ་མོ་ཁྱེད་ཀྱི་རྨི་ལམ་འཁྲུགས་པ་དེ་ལྡོག་ཐབས་ཤིག་བྱས་ན་དགའ། ད་མོན་ཕྲུག་ཟླ་བ་ཁྲབ་བཙན་དང་མོན་ཕྲུག་སྟོང་སྡེ་འོད་དཀར་གཉིས་ལ་རིན་ཆེན་ནོར་བུ་དང༌། དར་གོས་རིགས་མི་འདྲ་བ། ཤ་མར་ཐུད་གསུམ་གྱི་འབུལ་ཚན་དང་བཅས་སྲིན་པོ་གདོང་དམར་རི་ཁྲོད་དུ་མངགས་ནས། སྐྱབས་གནས་ཐེའུ་རངས་བླ་མ་རྐང་གཅིག་ལ། མེ་ཏོག་རྨི་ལམ་འཁྲུག་ཚུལ་དང༌། གླིང་དམག་བབས་ཚུལ་སྙན་དུ་བསྒྲོན་ནས་དགྲ་ལ་དམར་འཛིང་བྱས་ན་རྒྱལ་ཕམ་ཅི་ཡོང་མོ་ལུང་གསུང་བརྟག་ཞུས་ཤོག་ཟེར། བློན་པོ་གཉིས་ཀྱིས་རྒྱལ་པོའི་བཀའ་བཞིན་བླ་མའི་འབུལ་ཚན་རྣམས་མྱུར་རུ་བདོག་ནས་ལམ་དུ་ཆས།
དེ་ནས་མོན་འབྲུག་ཟླ་བ་ཁྲབ་བཙན་དང༌། མོན་འབྲུག་སྟོང་སྡེ་འོད་དཀར་གཉིས་སྲིན་པོ་གདོང་དམར་རི་ཁྲོད་ལ་འབྱོར་བ་དང༌། ལ་མོར་ཐེའུ་རངས་བླ་མའི་དྲུང་དུ་ཡར་བཅར་ནས། བླ་མ་རིན་པོ་ཆེ། ཐུགས་བློན་པོ་གཉིས་ལ་གསོན། ལྷོ་བློན་ང་གཉིས་ཤིང་ཁྲི་སྟོབས་ཀྱི་རྒྱལ་པོས་བླ་མ་ཁྱེད་ཀྱི་སར་ཆེད་དུ་མངགས་ནས་རྒྱ་ལྕམ་མེ་ཏོག་ལྷ་མཛེས་ཀྱི་གཟིམ་ལམ་འཁྲུག་རྐྱེན་དང༌། གླིང་དམག་མོན་ལ་བབས་དོན། མོན་གླིང་འཁྲུགས་པའི་རྗེས་རྒྱལ་ཕམ་ཅི་ཡོང་བཅས་མོ་ལུང་གསུང་བརྟག་ཞུ་བར་ཡོང་བ་དང༌། ཡང་སྒོས་བློན་པོ་ང་གཉིས་ལ་ཚེ་མདུད་རེ་རེ་གནང་རོགས་ཞུས་པས། དར་ནག་ལ་མདུད་པ་དགུ་རེ་བརྒྱབ་སྟེ་བློན་པོ་གཉིས་ལ་སྤྲད་ནས་ཁྱོད་གཉིས་ཀྱི་སྲོག་འདིས་སྐྱོབ་ཐུབ་པ་ཡིན་ཟེར་བའི་སྐབས། མོན་འབྲུག་ཟླ་བ་ཁྲབ་བཙན་གྱིས། བླ་མ་རིན་པོ་ཆེ། ཁྱེད་ཚེ་ཕྱི་མ་འདྲེན་པའི་བླ་མ། དུས་ད་ལྟ་སྐྱོབ་པའི་སྐྱབས་གནས་ཞུ་ས་ཡིན་པས། བཀའ་སློབ་ལམ་སྟོན་ཞུ་བར་བཅར་བ་ཡིན་ཟེར་རོ། །དེར་ཐེའུ་རངས་བླ་མས་སྤྱན་ནམ་མཁར་གཟིགས་ཤིང༌། ཕྱག་ཕྲེང་ནག་པོ་དེ་གཡུག་གཡུག་ལན་གསུམ་བྱས་ཏེ་མོ་ཞིག་བཏབ་ནས་ན་རེ། ད་ཁྱོད་གཉིས་ལ་གེགས་ཆེན་པོ་ཞིག་གདའ། ཡིན་ནའང་ང་ཐེའུ་རངས་ཀྱི་མོ་ཚིག་འདི་ལ་སྔོན་མ་སོང་ཚར་ལེ་དེ་འཐིང་པོ་ཡོད། རྗེས་མ་ཡོང་རྒྱུ་དེ་ངས་འཇིགས་པ་ཞིག་ཤེས་ལེ་མིན། ད་གནས་ཚུལ་གྱི་ལོ་རྒྱུས་ཨེ་འདྲ་གདའ་ཟེར་ཏེ་ཐེའུ་རངས་བླ་མས་གླུ་ཐུང་ཐུང་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །གནམ་རིམ་པ་བཅུ་གསུམ་ཡང་སྟེང་ནས། །མུ་ཏིག་འཇའ་འོད་གུར་ཁང་ནས། །དགའ་རབ་བསྟན་པའི་སྲུང་མ་མཁྱེན། །ཕོ་ལྷ་དབང་ཕྱུག་ཆེན་པོ་མཁྱེན། །གངས་བཙན་དྲེའུ་རྟ་རྐང་གསུམ་དེ། །བླ་མ་ང་ཡི་སྐྱབས་ཡུལ་ཡིན། །ཐུགས་རྗེའི་སྨོན་ལམ་གསལ་བར་ཤོག །ས་འདི་དང་ས་ངོ་མ་ཤེས་ན། །མཐོ་བྲག་རི་དམར་པོའི་དཀྱིལ་འཁོར་གྱི། །སྒྲུབ་ཁང་ཤེལ་གྱི་ཕོ་བྲང་རེད། །མི་ང་འདྲ་རྩ་བ་བཤད་པས་ན། །ཐེའུ་རངས་གྲུབ་པའི་བླ་མ་ཡིན། །ལྷོ་འཛམ་བུ་གླིང་གི་ས་ཆ་ལ། །ཕོ་ཐེའུ་རངས་བླ་མ་མི་ལྔ་ཡོད།།་་་་་མོན་འབྲུག་ཟླ་བ་ཁྲབ་བཙན་ཁྱོད། །དཔེ་བཞག་ན་འདྲ་མ་འདི་འདྲ་གདའ། །ནམ་སྟོད་ནག་ལ་ནམ་སྨད་དཀར། །ཆར་སྨུག་པོ་བབ་པའི་གཞི་མ་རེད། །ཁྱོད་ངོ་སྟོད་དཀར་ལ་ངོ་སྨད་ནག །གྱོད་ཆེན་པོ་འཁོར་བའི་མི་ཞིག་རེད། །གཏམ་ཁ་ཤས་བདེན་ལ་ཁ་ཤས་རྫུན། །གཏམ་གྱོད་གཞིར་འགྲོ་བའི་གཞི་མ་རེད། །མི་ཚེ་གཅིག་གི་མགོ་མཇུག་ལ། ཆག་སྒོ་ཁ་ཤས་ཡོང་བཟོ་གདའ། །མཐའ་མ་གླིང་གི་ལས་དམག་གི །ལག་ཏུ་ཚུད་ལེའི་ཉེན་ཁ་གདའ། །ད་དེ་གཟབ་གཟབ་བྱས་ན་དགའ། །རྟ་མགྱོགས་པོ་ཁུ་བྱུག་རང་ཤར་དེ། །རྒྱུག་ཆེ་ན་མགྱོགས་དར་མི་ལོན་གདའ། །མཚོན་རྣོན་པོ་ཤེལ་དཀར་ནོར་རྒྱུད་དེ། །གཡུག་ཆེ་ན་དགྲ་མགོ་མི་ལོན་གདའ། །ཞགས་སྔོན་པོ་ཁྱུང་ཞགས་རླུང་འཛིན་དེ། །གཡུག་ཆེ་ན་དགྲ་བོ་མི་ཟིན་གདའ། །རང་ཚོད་དཔའ་ཚོད་གཟུང་དགོས་གདའ། །དེ་ནས་སྟོང་སྡེ་འོད་དཀར་ཁྱོད། །གསོལ་བ་རྩེ་གཅིག་ང་ལ་ཐོབས། །ཤི་ན་དམྱལ་བར་མི་ཤོར་བའི། །ལྷ་མིན་ང་ཡིས་ཐབས་ཤིག་བྱེད། །ལྕགས་ཁང་སྒོར་མོའི་ནང་བཅུད་ལ། །ཚུད་པའི་སྨོན་ལམ་ང་ཡིས་འདེབས། །དྲང་གཏམ་མ་གསང་བཤད་པས་ན། །བླ་མ་ང་ཡང་བརྟན་པོ་མེད། །དགྲ་འདྲེ་གླིང་རུའི་ཇོ་རུ་དེ། །མི་མ་འཕྲུལ་གྱི་དཔོན་པོ་རེད། །དེ་ཡ་མོན་གྱིས་ག་ནས་ཡོང༌། །མཐའ་མ་མོན་སྡེ་དགྲ་འོག་ཚུད། །རྗེས་ཡོང་མངོན་ཤེས་མི་ཤེས་པས། །དེ་ཚོ་བློན་པོའི་ཐུགས་ལ་ཞོག །གོ་ན་རྣ་བའི་དཀྱིལ་ལ་ཞོག།
ཅེས་གླུ་དེ་ལྟར་བླངས་པ་དང༌། བློན་པོ་གཉིས་ལ་སྲུང་མདུད་རེ་རེ་སྤྲད་ནས་མོ་ལུང་གསུང་བརྟག་ཡག་པོ་ཞིག་མེད་གདའ། །བློན་པོ་གཉིས་མར་སོང་ནས་རྩིག་རྡོ་ས་ལ་བཙུགས་ཚད་དང༌། དུ་བ་གནམ་ལ་གཏོང་ཚད་ཀྱི་ས་ནས་མཆོད་རྩམ་བྲེ་གང་རེ་དང༌། མར་ལྟང་རེ་བསྡུས་ནས་ཁྱེར་ཤོག ངས་མཐུ་ཟླ་གསུམ་བསྒྲུབས་ནས་ཟློག་ཐབས་ཤིག་ཨེ་འདུག་ལྟ། དེ་ནས་མི་ཐུབ་ན་ཐབས་མི་ཡོང་ཟེར་བ་དང༌། བློན་པོ་གཉིས་རང་རང་གི་རྟ་བཞོན་ནས་སྟོང་རི་གནམ་རྫོང་དུ་ཕྱིར་ལོག་སྟེ། ལྷོ་ཡི་རྒྱལ་བློན་རྣམས་ལ་བླ་མའི་གསུང་བརྟག་བབ་ཚུལ་རེ་རེ་བཞིན་ཞུས་སོ། །
ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ངར་རྒོད་གཏིང་ནས་ལངས་ཏེ། དགྲ་ཤ་པར་དགྲ་ལན་མ་སྤྲད་ན་འདུག་ཐབས་མི་འདུག་ཟེར་ནས། བདུད་རྟ་མི་བཟན་དམར་པོ་ལ་སྒ་སྲབ་བསྟད། བྱུ་རྨོག་ནམ་མཁའ་ཐོག་ཐུབ་ལ་རྒྱ་དར་དམར་པོའི་འཕྲུ་ཞིག་བཙུགས། བྱུ་རུ་ཁྲབ་དམར་འདབ་ཆེན་ལ་གསེར་དང་དངུལ་གྱི་རིན་ཆེན་བརྒྱན་པའི་སྐུ་རགས་བཅིངས། རྒྱབ་ཕུབ་ཉི་ཟླ་ཁ་འཕྲོད་ལ་གསེར་གྱི་རྒྱལ་མཚན་བཅུ་གསུམ་གྱིས་བསྐོར། བྱུ་རུ་ཨ་ལོང་དགུ་བརྩེགས་ལ། སྟག་རྭ་གཡས་ལ་གཟིག་ཤུབས་གཡོན། མདའ་གཞུ་འཁོར་གསུམ་ལུས་ལ་བརྒྱན་ནས་རྟ་ཐོག་ཏུ་བུད་པ་དང་མཉམ་དུ། ནང་བློན་སྐུ་ལྷ་ཐོག་རྒྱལ་དང༌། དུང་སྐྱོང་སྟག་ལྷ་ཁྲི་དཀར། འབྲོང་བཙན་པོའི་སྟག་ལྷ་འོད་འབར། ཤེད་ཆེན་ཨ་ནུ་གཡུ་དཔོན་བཅས་རྒྱལ་བློན་ལྔ་གླིང་སྒར་གྱི་ཕྱོགས་སུ་བཤར་སོང་བ་དང༌། ཤིང་ཁྲི་རྒྱལ་བློན་ལྔ་ཡིས་གླིང་དཀར་གྱི་ཤར་སྒར་ལན་གཅིག་དཀྲུགས་པས། འདན་མའི་ལས་དམག་དང༌། དཔའ་ལའི་ལས་དམག་མང་ཙམ་གཡས་འགྲིལ་གཡོན་འགྲིལ་བཏང་ནས་སྒར་དཀྱིལ་ལ་ཤོར་ཡོང་བའི་སྐབས་དེར། དཔའ་ལ་མི་སྤྱང་དཀར་པོ་དེས་རྟ་འདོ་བ་དར་དཀར་གྱི་སྟེང་དུ་བུད་དེ། སྐུ་ལྷའི་གདོང་བཀག་པར་ཡོང་བས། ནང་བློན་སྐུ་ལྷ་ཐོག་རྒྱལ་གྱིས་གཞུ་མཆོག་དཀར་སྟེང་དུ་མདའ་ཞིག་བཞག་ནས་སྟོང་འཇུག་མེད་པའི་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གླུ་ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །གངས་རི་ཤེལ་གྱི་རྩེ་མོ་ནས། །གངས་བཙན་དྲེའུ་རྟ་རྐང་གསུམ་མཁྱེན། །སྲོག་སྐྱབས་རལ་པ་རྩེ་དགུ་མཁྱེན། །ཞིང་སྐྱོང་ཚངས་པ་གདོང་བཞི་མཁྱེན། །ལྷ་དེ་འདྲ་ཡན་ལ་འབོད་པ་མེད། །ས་འདི་ཡི་ས་ངོ་མ་ཤེས་ན། །མོན་ཡུལ་ཚེར་རྭ་བར་ཐང་ཟེར། །འགའ་རེས་གཡེ་མ་ཐང་ཆེན་ཟེར། །ཡིན་ཐག་ཆོད་ཚེར་རྭ་བར་ཐང་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ལྷོ་ནང་བློན་སྐུ་ལྷ་ཐོག་རྒྱལ་ཟེར། །ནང་བློན་ཐུགས་ན་ལྷ་ལས་དགའ། །སྐུ་ལྷ་ཟེར་བ་དེ་ནས་བཏགས། །དགྲ་ལ་སོང་ན་ཐོག་ལས་མྱུར། །ཐོག་རྒྱལ་ཟེར་བ་དེ་ནས་བཏགས།་་་་༌།ལྷོ་མོན་མོན་གྱི་ས་ཆ་ལ། །མ་བོས་མགྲོན་པོ་སླེབས་ནས་བྱུང༌། །དོན་མེད་གླིང་རུའི་འབུམ་དམག་དེ། །རྒྱ་མཚོ་བཞིན་དུ་འཁྱིལ་ནས་བྱུང༌། །གངས་རི་བཞིན་དུ་ཉིལ་ནས་བྱུང༌། །མེ་ལྕེ་བཞིན་དུ་འབར་ནས་བྱུང༌། །ཆུ་བོ་བཞིན་དུ་བབས་ནས་བྱུང༌། །དེ་དོན་རྩ་བ་ཅི་ཞིག་ཡིན།་་་་༌།ཁ་ཤ་མོན་གྱི་ས་ཆ་ལ། །རང་སྡེ་རང་གིས་སྐྱོང་ས་ལ། །བཙན་པོས་བརྙས་བརྐོས་བྱས་ནས་བྱུང༌། །ད་ཉོན་དང་མི་སྤྱང་དཀར་པོ་ཁྱོད། །ཁ་སང་ཉི་མའི་སྔ་དྲོ་ལ། །ཕོ་རྒོད་གཡུ་ལྷ་ཐོག་སྒྱུར་ཁོས། །ཁ་གཏམ་རྫུན་གཏམ་མང་པོ་བཤད། །ཁ་གཅིག་རང་ལྷོའི་མེ་ཏོག་དེ། །དགྲ་ལྷའི་ཇ་མར་བསུ་ཡི་ཟེར། །རི་མགོ་མཐོན་པོའི་རྩེ་མོ་ལ། །གངས་དང་སེང་གཉིས་མཐོ་སྡེབས་ཟེར། །ལེབ་ཆེན་སྤང་རིའི་ལྡེབས་ངོས་ལ། །སྤང་དང་མེ་ཏོག་མཛེས་སྡེབས་ཟེར། །བྲག་དམག་རྡོ་རྗེའི་ནང་བཅུད་ལ། །བྲག་དང་འུག་པ་བཙན་སྡེབས་ཟེར། །ལྷོ་འཛམ་བུ་གླིང་གི་ས་ཆ་ལ། །མོན་གླིང་གཉིས་པོ་མཐུན་སྡེབས་ཟེར། །ཁོ་ཚེ་ཟད་གཏམ་དེ་ག་ནས་བདེན། །ཁ་གཅིག་གླིང་གི་འདན་མ་ཁོས། །ཅི་ཟེར་གཏམ་དེར་བལྟས་པས་ན། །སྔ་མོ་སྔར་གྱི་དུས་ཚོད་ལ། །ལྷོ་ཡི་ཨ་ཆུང་གེ་རུ་གཅིག།ལྷོ་ཡི་སྨུག་ཆུང་སྒུར་རུ་གཉིས། །དམག་ཁྲི་དམག་བཅོ་ལྔ་གླིང་ལ་ཕབ། །གླིང་རུ་སྡེ་བཅོ་བརྒྱད་གཏོར་གདའ་ཟེར། །རྟ་ཕོ་ཆེན་དགུ་བཅུ་གོ་དགུ་དེ། །ལྷོ་མོན་མོན་ལ་དེད་གདའ་ཟེར། །འབྲུག་འབྲི་ཆེན་འབྲི་ཡི་ལ་མགོ་ལ། །དཔའ་ཡང་དག་མི་གཉིས་བསད་གདའ་ཟེར། །དགྲ་ཤ་འཕྲལ་དུ་ལེན་གྱི་ཟེར། །ཟེར་བའི་གཏམ་དེ་ཁྱད་མཚར་བྱུང༌།་་་་༌།ལྷོ་མོན་རང་ས་བཟུང་བ་ལ། །དོན་མེད་གླིང་པས་བརྙས་ཁག་བཏགས། །ཁྲམ་པ་གླིང་རུའི་ལས་དམག་དེ།། དེ་རིང་རང་ས་མོན་ལ་བབས། །ལས་ཅི་ཡོང་ལྟད་མོ་རིམ་བཞིན་ལྟོས། །མི་དཀར་རྟ་དཀར་གཡབ་ལེ་ཁྱོད། །གཞུ་མཆོག་དཀར་སྟེང་ལ་མདའ་ཞིག་ཡོད། །དཀར་གཏོར་མགོ་མཇུག་བསློགས་འདྲ་གཅིག །བྲག་དཀར་ཐོག་གིས་བཤིགས་འདྲ་གཉིས། །མ་གཏོར་ཟེར་ན་དཔའ་བོ་མིན། །ཁྱེད་དཔའ་བོའི་ཡིད་ལ་དེ་ལྟར་ཞོག །མ་གོ་གླུ་ལ་སྐྱོར་རྒྱུ་མེད། །
ཅེས་གླུ་དེ་ལྟར་བླངས་པ་དང༌། གླུ་ལན་སྒུག་ལོང་མེད་པར་མདའ་གཅིག་འཕངས་པས་དཔའ་ལའི་མདུན་གྱི་དུང་དཀར་པོའི་ཕུབ་ལ་ཐེབས་ཏེ་ཁྲ་ཤིག་གེར་རྒྱང་རིང་དུ་གཏོར་སོང་བ་དང༌། ནང་གི་དཔའ་དགྲ་ལྷའི་ཚེ་གོས་སྨུག་པོ་དང༌། མ་མཁའ་འགྲོ་འབུམ་གྱི་ཚེ་མདུད་བཅས་ཀྱིས་བླངས་ནས་སྐྱོན་མ་བྱུང་ཞིང༌། དཔའ་ལ་མི་སྤྱང་དཀར་པོ་ངར་དྲག་པོ་ལངས་ནས་ཁྱོད་དཔའ་བོའི་དཔའ་གཏམ་སྔ་ནས་བྱུང༌། གཏམ་དང་བདེན་པ་ང་ལ་ཡོད་ཟེར་ཏེ་དཔའ་ལས་དཔའ་གླུ་མི་འགྱུར་དྲུག་འགྱུར་ལ་དྲངས་ཞིང་མཚོན་ལེབ་ཆེན་ཤུབས་ནས་བཏོན་ཏེ་གླུ་ལན་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ལྷ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །བྱིན་རླབས་ཅན་གྱི་ལྷ་གསུམ་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །ས་འདི་ཡི་ས་ངོ་མ་ཤེས་ན། །མོན་ཡུལ་ཚེར་རྭ་བར་མ་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན།་་་་༌།རྫོང་མི་འགྱུར་རྒོད་ཚང་མཁའ་དབྱིངས་ཟེར། །བྱ་ཚང་བྱི་ཚང་མ་རྩིས་པའི། །རྒོད་ངང་དཀར་རྒོད་ཚང་བཅོ་བརྒྱད་ཡོད། །རྒོད་ཚང་མཁའ་དབྱིངས་དེ་ནས་བཏགས། །མཁར་ལ་སྨུག་པོ་སྟོང་རྫོང་ཟེར། །ཤར་རྒྱ་ནག་བཀྲ་ཤིས་རི་བོ་ནས། །དྲེལ་སྨུག་ཆུང་སྟོང་ལ་ས་གཡང་ཕབ། །སྨུག་པོ་སྟོང་རྫོང་དེ་ནས་བཏགས། །མི་ང་ལ་མིང་གསུམ་ཐོགས་ལེ་ཡིན། །དར་ཡུལ་གཡང་གི་རྭ་བ་ནས། །དར་རྒྱས་ཁྱུང་སྟག་སེང་སྟག་ཟེར། །ཧོར་གླིང་འཁྲུག་པའི་དུས་སྐབས་ལ། །སེང་སྟག་ཨ་དོམ་ཟེར་ལེ་རེད། །སེང་ཨ་དོམ་མི་ཡི་སྤྱང་ཀི་ཡིན། །རྟ་སྟོང་རི་ནོར་གྱི་བང་མཛོད་རེད། །མཚོན་ལེབ་ཆེན་མི་ཡི་བཤན་གྲི་རེད། །དུས་ད་ལོ་མོན་གྱི་ས་ཆ་ལ། །དཔའ་ཡང་དག་དཔའ་ལ་མི་སྤྱང་ཟེར།་་་་༌།ལྷོ་རྒྱལ་ཤིང་ཁྲི་རྒྱལ་བློན་ལྔ༌། །མ་ཡེངས་དཔའ་ལའི་གླུ་ལ་ཉོན། །སྟོབས་ཆེན་ཇོ་རུའི་དཔུང་དམག་ལ། །རྒྱལ་ཁག་བཞི་ཡི་ལས་དམག་ཡོད། །རྫ་ཆུ་རྨ་ཆུ་གྲམ་ཆུ་གསུམ། །བབ་ཡུལ་ལུང་པ་མི་འདྲ་ཡང༌། །འཛོམ་ས་རྒྱ་མཚོ་ཆེན་པོ་རེད། །ཀླུ་རྒྱལ་ལོངས་སྤྱོད་ཆེ་ལེ་རེད། །དྲི་ཞིམ་འཐུལ་བའི་མེ་ཏོག་གསུམ། །རྒྱ་གར་ཨུ་དུམ་མེ་ཏོག་གཅིག །བལ་ཡུལ་ཨུཏྤལ་མེ་ཏོག་གཉིས། །བོད་ཀྱི་སྤོས་དཀར་མེ་ཏོག་གསུམ། །སྐྱེ་སའི་ལྡུམ་རྭ་མི་འདྲ་ཡང༌། །འཛོམ་ས་ལྷ་ཁང་ཁྲ་མོ་རེད། །ལྷ་ཇོ་བོ་བྱིན་རླབས་ཆེ་ལེ་རེད། །ཡར་ཁམས་བྱང་གི་དཔའ་མོ་གཅིག །སེར་པོ་ཧོར་གྱི་ཤན་པ་གཉིས། །སྨུག་པོ་འཇང་གི་གཡུ་ལྷ་གསུམ། །སྐྱེ་ས་ལུང་པ་མི་འདྲ་ཡང༌། །འཛོམ་ས་གླིང་དཀར་ཁྲ་མོ་རེད། །སེང་ཆེན་དབུ་འཕང་མཐོ་ལེ་རེད། །དེ་རེད་དམ་མ་རེད་བསམ་བློ་ཐོངས། །ད་ལོ་མོན་གྱི་ས་ཆ་ལ། །མ་བོས་གླིང་དཀར་མགྲོན་པོ་ཡོད། །འགྲན་མེད་ཇོ་རུའི་དཔུང་དམག་འདི། །གངས་རི་བཞིན་དུ་མོན་ལ་ཉིལ། །ཆུ་བོ་བཞིན་དུ་མོན་ལ་བབས། །རྒྱ་མཚོ་བཞིན་དུ་མོན་ལ་འཁྱིལ། །མེ་ལྕེ་བཞིན་དུ་མོན་ལ་འབར། །ལོ་དགུ་བཏབ་པའི་གྱོད་ཀྱི་ཤིང༌། །ད་ལོ་མོན་ལ་སྐྱེས་ལེ་རེད། །གྱོད་ཤིང་རྩ་བ་གཅོད་དུ་ཡོང༌། །མི་བསད་ཁྲག་ལན་ལེན་དུ་ཡོང༌། །རྒྱུ་ནོར་རྩད་ར་གཅོད་དུ་ཡོང༌། །རྟ་ཤོར་ར་མདའ་བྱེད་དུ་ཡོང༌། །ཡོང་དོན་ཤིང་ཁྲིས་ཤེས་བཞིན་དུ། །ཧམ་གཏམ་རི་ལས་ཆེ་ཙམ་བྱེད། །མེ་ཕར་འབུད་ཁ་སྤུ་ཚུར་ལ་འཚིག །ཟེར་བའི་དཔེ་དེ་བདེན་རབས་བྱུང༌། །མོན་ས་དགོས་ཡོད་ཟེར་ལེ་མིན། །རྣག་ཡོད་སར་གཙག་ཁབ་བཙུགས་ལེ་ཡིན། །བགེགས་ཡོད་སར་གཏོར་མ་འཕངས་ལེ་ཡིན། །སྐྱོན་ཡོད་སར་མཛུབ་མོ་བཙུགས་ལེ་ཡིན། །དེ་རིང་ཉི་མའི་གདོང་གང་ལ། །ཚེ་ཟད་ཤིང་ཁྲི་རྒྱལ་བློན་ལྔ༌། །སྡོད་མི་ཚུགས་གླིང་སྒར་འགྲམ་དུ་འོངས། །དཔའ་ཡོད་བསམ་སྒར་སྒོའི་ནང་དུ་འཛུལ།་་་་༌།ལྷོ་རྒྱལ་རྒྱལ་བློན་ཁྱེད་ལྔ་པོ། །སྐེ་ཁུར་ནས་ཞགས་པ་ཉོ་བར་ཡོང༌། །ལེགས་སོ་སྐུ་ལྷ་ཁྱི་རྒན་ཁྱོད། །རྒྱང་རིང་མདའ་མོ་སྤྲིང་ལེ་མིན། །ལེབ་ཆེན་བཤན་གྲི་ལག་ཏུ་ཐོགས། །རྣོ་ངར་ཅི་གདའ་ཁྱོད་ཀྱིས་ལྟོས། །སྤང་རི་མེ་ཡིས་བཅོམ་འདྲ་གཅིག །ཉ་མོ་བྱེ་ཐང་གཡུགས་འདྲ་གཉིས། །མ་བཟོས་ཟེར་ན་དཔའ་བོ་མིན། །
ཞེས་ཟེར་ཞིང་དཔའ་ལས་མཚོན་ལེབ་ཆེན་ཤུབས་ནས་དྲངས་ཏེ་ཐེ་ཚོམ་མེད་པར་སྐུ་ལྷའི་མདུན་དུ་མཆོངས་པ་དང་མཉམ་དུ་ནང་བློན་སྐུ་ལྷ་ཐོག་རྒྱལ་གྱིས་ལྷ་གྲི་ཟླ་བ་ཁ་བརྒྱད་ཤུབས་ནས་འཐེན་ཏེ་ཁོང་གཉིས་གྲི་གཡུག་སྐོར་གསུམ་རེ་བྱས་པས། དཔའ་ལའི་མཚོན་ལེབ་ཆེན་རྣོ་ངར་ཆེ་བ་དང་མཚོན་ལེབ་ཆེན་གྱི་སོ་རྔམ་ཆེ་བས་སྐུ་ལྷ་འདར་སིག་ཤོར་ནས། རྟ་ཁ་ལ་མོར་གཅུས་ཏེ་ཕར་ཙམ་བྲོས། ལྷོ་རྒྱལ་ཤིང་ཁྲི་དང་དུང་སྐྱོང་གཉིས་ཀྱིས་དཔའ་ལར་གྲི་རུབ་འབུད་པའི་སྐབས། བཀའ་བློན་འདན་མས་མཚོན་ལྗང་ཚ་གཡུ་དམར་ཤུབས་ནས་དྲངས་ཏེ་ལན་གཉིས་རེ་གཡུགས་པས། ལྷོ་ཡི་དཔོན་བློན་ལྔ་ཡིས་གྲི་ཁ་མ་ལོན་པར་ནུབ་སྒར་གྱི་ཕྱོགས་སུ་ཤོར།

གླེང་བརྗོད།

སྔོན་མ།
མོན་གླིང་གཡུལ་འགྱེད། (ཚན་པ་དང་པོ)
ཕྱི་མ།
མོན་གླིང་གཡུལ་འགྱེད། (ཚན་པ་གསུམ་པ)
Menu