ཟླ་རེའི་གསར་འགྱུར།

རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ་གཏན་འབེབས་ཚོགས་འདུ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་བཞིའི་རིང་གངས་སྐྱིད་ཤེས་རིག་ཚོགས་ཁང་དུ་རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ་གཏན་འབེབས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད། དེ་ཡང་ཕྱི་ཚེས་ ༢༧ སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་གཏན་འབེབས་ཚོགས་མི་རྣམས་ལྷན་འཛོམས་ཐོག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་རིགས་ལམ་བརྒྱུད་ནས་སློབ་ཚན་གཞན་ཁྲིད་པ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གལ་ཆེན་པོ་ཞིག་ཡིན་པ་དང་། རིགས་ལམ་བརྒྱུད་ནས་སློབ་ཁྲིད་གནང་སྟངས་འདིས་འཛམ་གླིང་སྤྱི་ལ་སློབ་སྦྱོང་སྤྲོད་སྟངས་ཀྱི་རིག་པ་གསར་པ་ཞིག་དང་ལམ་སྟོན་གསར་པ་ཞིག་ང་ཚོས་སྤྲོད་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་ལྟར། ཚན་རིག་དགེ་རྒན་རྣམས་ཀྱིས་སོ་སོའི་སློབ་གྲྭ་ཁག་གི་ནང་དུ་རིགས་ལམ་བརྒྱུད་ནས་ཚན་རིག་སློབ་ཁྲིད་གནང་ཐབས་ལ་འབད་བརྩོན་གནང་རྒྱུ་དང་། ལས་བྲེལ་དང་སྐུ་ངལ་ལ་མ་འཛེམས་པར་རེ་བ་བཅོལ་བ་ལྟར་ཚོགས་འདུར་ཕེབས་པ་ལ་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་བསྐྱར་ཞིབ་ཚོགས་མི་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་རྗེས་སློབ་ཚན་གཏན་འབེབས་ཀྱི་དངོས་གཞིའི་ལས་རིམ་འགོ་འཛུགས་ཞུས་ཡོད།

རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ་འདི་བཞིན། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་འབོད་སྐུལ་ཞུས་དོན་ལྟར། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་ཀྱིས་ལོ་མང་རིང་ཚན་རིག་དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་པ་དང་། རིགས་ལམ་སློབ་ཁྲིད་སྐབས་ཚན་རིག་དགེ་རྒན་རྣམས་དང་ལྷན་དུ་ཚན་རིག་གི་བརྗོད་གཞིའི་སྟེང་རྟགས་གསལ་གཏོང་སྟངས་བཟོས་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་གནང་པ་ཞིག་ཡིན་ལ། གཙོ་བོ་གཞི་རིམ་གོང་མའི་ཚན་རིག་སློབ་དེབ་གཞི་ལ་བཞག་ནས་བཟོས་ཡོད།

ཐེངས་འདིའི་ཚོགས་འདུའི་ཐོག་འབྲེལ་ཡོད་ལག་དེབ་རྩོམ་སྒྲིག་པ་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་དང་། སམ་བྷོ་ཊ་བོད་སློབ་ཚོགས་པའི་ཨིན་ཇིའི་རྒྱུས་སྟོན་པ་བསྟན་འཛིན་ཆོས་སྒྲོན་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ཨ་བརྟན་ལགས་དང་། ཚན་དགེ་བསྟན་འཛིན་དངོས་གྲུབ་ལགས། ཚན་དགེ་ལྷུན་གྲུབ་རྣམ་རྒྱལ་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཚན་དགེ་ཉི་མ་ཚེ་རིང་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་འབྲེལ་ལས་ཚེ་དབང་རིག་འཛིན་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། དེབ་འདིའི་ཇུས་འགོད་པ་བསྟན་འཛིན་སྐལ་བཟང་ལགས་བཅས་མཉམ་ཞུགས་གནང་ཡོད།

རིགས་ལམ་བརྒྱུད་ནས་སློབ་ཚན་གཞན་འཁྲིད་ཐབས་ཀྱི་ལག་དེབ་རྩོམ་སྒྲིག་བྱེད་པའི་ལས་རིམ་འདི་ནི། ཕྱི་ལོ་ ༢༠༠༩ ལོའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་བཏང་རིགས་པའི་འགྲོ་སྟངས་རྐྱང་པ་དེ་ཡིན་གཅིག་མིན་གཅིག་ང་ཚོའི་ནང་པའི་དཔེ་ཆའི་ནང་ལ་ཡོད་པ་དེ་མིན་པ་བྱས། དེ་རིང་ཁ་སང་ཤེས་ཡོན་གྱི་སྡེ་ཚན་གཅིག སྡེ་ཚན་གང་དང་གང་ཡིན་ཡང་རིགས་པའི་འགྲོ་སྟངས་ཤིག་བསླབ་རྒྱུའི་སློབ་དེབ་ཅིག་བཟོས་ན་ཡག་པོ་རེད་ཅེས་ངོས་ཀྱིས་ཁ་སང་བརྗོད་པ་ཡིན། དེ་རིང་འདིར་ཁྱེད་རང་ཚོ་དང་ཐད་ཀར་འབྲེལ་བ་མེད་ཀྱང་ག་ལེ་ག་ལེར་ཆོས་དོན་ལས་ཁུངས་དང་ཤེས་རིག་ལས་ཁུངས་ཁྱེད་རང་ཚོས་ཚོགས་ཆུང་ལྟ་བུ་ཞིག་བཙུགས་ཏེ་བཟོ་ཐུབ་ན་ཡག་པོ་མེད་དམ་དྲན་བྱུང༌། ཞེས་དང་། སློབ་ཚན་གང་དང་གང་ལ་ཡིན་ནའང་རིགས་ལམ་དེ་སྦྱར་ནས་སློབ་ཁྲིད་བྱ་རྒྱུ་ཞིག་བྱུང་བ་ཡིན་ན། སྤྱིར་བཏང་འཛམ་བུ་གླིང་འདིའི་སྟེང་ལ་ལམ་སྲོལ་གསར་པ་ཞིག་བཟོ་སྲིད་པ་རེད་འདུག ཅེས་སོགས་ཀྱི་བཀའ་སློབ་བཀའ་དྲིན་ཆེ་ཕེབས་ལ་བརྟེན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཐབས་ཤེས་རིམ་པར་གནང་སྟེ། ཝཱ་ཎཱ་དགེ་འོས་སློབ་གྲྭའི་ལྟ་གྲུབ་དགེ་རྒན་བློ་བཟང་རྒྱ་མཚོ་ལགས་ལ་རྩོམ་སྐུལ་ཞུས་ཏེ། ཕྱི་ལོ་ ༢༠༡༨ ལོར་གཞི་རིམ་བར་མའི་ཚན་རིག་སློབ་དེབ་ལ་གཞི་བཞག་སྟེ་རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ་དང་། ཕྱི་ལོ་ ༢༠༢༠ ལོར་གཞི་རིམ་འོག་མ་དང་བར་མའི་ཨང་རྩིས་སློབ་དེབ་ལ་གཞི་བཞག་སྟེ། རིགས་ལམ་བརྒྱུད་ནས་ཨང་རྩིས་འཁྲིད་ཐབས་ཀྱི་ལག་དེབ་གཉིས་གཏན་འབེབས་ཀྱིས་དཔར་འགྲེམས་ཟིན་པ་དང་། ད་ལན་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་ཀྱིས་གཞི་རིམ་གོང་མའི་ཚན་རིག་སློབ་དེབ་ལ་གཞི་བཞག་སྟེ་རྩོམ་སྒྲིག་གནང་བའི་རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ་རགས་ཟིན་སྟེང་གོ་བསྡུར་སྦྱངས་བཤད་ཀྱིས་གཏན་འབེབས་གནང་སྟེ། རིང་མིན་པར་སྐྲུན་གྱིས་སློབ་གྲྭ་ཁག་ལ་འགྲེམས་སྤེལ་ཞུ་འཆར་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ནི་ཌན་མག་ཌེ་ནི་ཌ་རོགས་ཚོགས་ཀྱི་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་དགུ་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཕྱི་ལོ་ ༢༠༢༣ ལོའི་ཨ་རིའི་བོད་མིའི་སློབ་ཡོན་གསལ་བསྒྲགས།