ཟླ་རེའི་གསར་འགྱུར།

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དེ་སྔ་ལས་ཡར་རྒྱས་བྱུང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༦ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བོད་རིགས་སློབ་ཕྲུག་རྣམས་ཀྱི་གྲུབ་འབྲས་དེ་སྔ་ལས་ཡར་རྒྱས་ཕྱིན་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་གྲངས་ ༡༡༩༣ འཛུལ་ཞུགས་བྱས་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༤༠ ཡིག་རྒྱུགས་འཕྲོད་ཡོད་པ་དང་། འདི་ལོའི་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ནི་ ༩༥།༥༦ ཡིན་ཞིང་། སྔ་ལོ་དང་བསྡུར་ན་ད་ལོ་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ ༨་༦༤ འཕར་འདུག
འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་བོད་པའི་སློབ་གྲྭའི་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་ཁག་དྲུག་ཡོད་པ་ནི། སུ་ཇ་བོད་ཁྱིམ་དང་། གྷོ་པལ་པུར་བོད་ཁྱིམ། སྤོན་ཊ་སཾ་བྷོ་ཊ་གཏན་སློབ། རྡོ་རྗེ་གླིང་གཏན་སློབ། སྦེལ་ཀོབ་གཏན་སློབ། དོན་གྲུབ་གླིང་གཏན་སློབ་བཅས་ཡིན།
སྔ་ལོ་ལྟར་འདི་ལོར་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་བླངས་ཡོད། བུ་མོའི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༩༧་༥༩ ཡིན་པ་དང་བུའི་རྒྱུགས་འཕྲོད་བརྒྱ་ཆ་ནི་ ༩༣་༣༥ ཡིན།
ཕྱི་ལོ་ ༢༠༡༨ ལོའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ལེན་མཁན་སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་དང་པོར་སོན་མཁན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་མཁས་མཆོག་དབང་མོ་ལགས་ཀྱིས་བརྒྱ་ཆ་ ༩༢ དང་། ཨང་གཉིས་པ་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཟླ་བ་ལྷ་མོ་ལགས་ཀྱིས་བརྒྱ་ཆ་ ༩༡་༠༨། ཨང་གསུམ་པ་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་རྡོ་རྗེ་དབང་མོ་ལགས་ཀྱིས་བརྒྱ་ཆ་ ༩༠ བླངས་ཡོད།
ཚན་རིག་གི་སྡེ་ཚན་ཁོངས་ནས་ཨང་དང་པོ། སེ་ལ་ཁུའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བརྒྱ་ཆ་ ༩༣དང་། ཨང་གཉིས་པ་སེ་ལ་ཁུའི་བོད་ཁྱིམ་གྱི་སློབ་མ་ལྷག་པ་བསོད་ནམས་དབང་མོ་ལགས་ཀྱིས་བརྒྱ་ཆ་ ༩༡་༠༢། ཨང་གསུམ་པ་སེ་ལ་ཁུའི་བོད་ཁྱིམ་གྱི་སློབ་མ་ཆི་ཀ་ཡ་མ་ས་ཀི་ལགས་ཀྱིས་བརྒྱ་ཆ་ ༨༨་༠༢ བླངས་ཡོད།
ཚོང་རིག་སྡེ་ཚན་གྱི་ཁོངས་ནས་ཨང་དང་པོ། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་བརྒྱ་ཆ་ ༩༤་༠༢ དང་། ཨང་གཉིས་པ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཚེ་སྐྱིད་ལགས་ཀྱིས་བརྒྱ་ཆ་ ༩༢། ཨང་གསུམ་པ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཉི་མ་ལགས་ཀྱིས་བརྒྱ་ཆ་ ༨༩།༠༢ བླངས་ཡོད།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱིི་ལོ་ ༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་མཁན་སློབ་ཕྲུག་ཡོངས་དང་འབྲེལ་ཡོད་དགེ་རྒན་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གནང་འདུག་པ་བཅས། །

གྲུབ་འབྲས་ལ་འདི་ནས་ལྟ་ཐུབ།

སྔོན་མ།
ཤེས་རིག་བཀའ་བློན་མཆོག་ནས་ཧི་མ་ཅལ་འཕྲོད་བསྟེན་བློན་ཆེན་མཆོག་ལ་མཇལ་འཕྲད་གནང་བ།
ཕྱི་མ།
ས་མིག་གསལ་བསྒྲགས།