མཐུན་པ་སྤུན་བཞི།

མཁས་པ་མང་དུ་འདུས་པ་ན། །
བློ་གྲོས་བསྡུར་བས་ལེགས་ལ་སྦྱོར། །
གླང་པོ་ལ་སོགས་སྲོག་ཆགས་བཞི། །
འཛོམས་ནས་བསླབ་ཁྲིམས་བཅས་ལ་ལྟོས། །

   སྔོན་ཡུལ་ཀ་ཤིའི་ནགས་1སྟུག་པོ་ན་བྱ་གོང་མོ་སྲེག་2དང༌། རི་བོང་དང༌། སྤྲེའུ་དང༌། གླང་ཆེན་བཅས་བཞི་པོ་ཕན་ཚུན་ཡིད་གཅུགས་ཤིང་ལྷན་ཅིག་ཏུ་མཐུན་པར་གནས་པ་ན། དེ་རྣམས་རྒན་རིམ་ལ་བསྙེན་བཀུར་བྱ་བའི་བློ་སྐྱེས་ཏེ། བྱ་གོང་མོས་ཤིང་ནྱགྲོདྷ་3བསྟན་པ་དང༌།
    གླང་པོ་ཆེ་ན་རེ། ང་དང་པོ་ལམ་འདི་ནས་འགྲོ་བ་ན་ཤིང་འདི་ཁོ་བོའི་གཟུགས་ཚད་དང་མཉམ་པ་ཙམ་དུ་མཐོང་ངོ་ཟེར།
    སྤྲེའུས། བདག་གིས་དང་པོར་ཤིང་འདིའི་སྲིད་ང་ཉིད་ཀྱི་ལུས་ཚད་ཙམ་དུ་མཐོང་ངོ་ཟེར།
    རི་བོང་ན་རེ། ཁོ་བོས་འདིའི་ལོ་མ་གཉིས་ཙམ་སྐྱེས་པའི་སྟེང་གི་ཟིལ་པ་བལྡགས་མྱོང་ཟེར།
    གོང་མོ་སྲེག་ན་རེ། བདག་གིས་འདིའི་ས་བོན་ཟོས་ནས་རྟུག་པ་4བཏང་བ་ལས་ཤིང་འདི་སྐྱེས་པ་ཡིན་ཟེར་བས།
    འོ་ན་རིམ་བཞིན་དུ་ཕྱི་མ་ཕྱི་མ་སྔ་མ་ལས་རྒན་པ་ཡིན་པ་རྟོགས་ཏེ། རྒན་གཞོན་གོ་རིམ་ལ་བསྙེན་བཀུར་5ཞུ་རྒྱུ་ཁས་བླངས། འགྲོ་བའི་ཚེ་གླང་པོ་ཆེ་ལ་སྤྲེའུ་དང༌། དེ་ལ་རི་བོང་དང༌། རི་བོང་ལ་གོང་མོ་སྲེག་བཞོན་ནས་འགྲོ་བར་བྱེད་དོ། །
    དེ་ནས་གོང་མོ་སྲེག་ན་རེ། ད་ནི་བདག་ཅག་སྲོག་གཅོད་སྤོང་ངོ༌། །དེ་ནས་རིམ་གྱིས་མ་བྱིན་ལེན་དང༌། འདོད་ལོག་དང༌། རྫུན་དང༌། ཆང་བཅས་བསླབ་པའི་གཞི་6ལྔ་ལ་གནས་པ་མ་ཟད། ཤིང་ནགས་སུ་ཡོད་པའི་སྲོག་ཆགས་གཞན་རྣམས་ལའང་བསླབ་པ་ལ་གནས་པར་བྱས། དེའི་མཐུས་ལྷ་རྣམས་ཀྱིས་ཆར་ཆུ་དུས་སུ་ཕབ་ནས་ལོ་ཕྱུགས་7ཕུན་སུམ་ཚོགས་པ་བྱུང་སྟེ་བཀྲ་ཤིས་ཀྱིས་ཡོངས་སུ་ཁྱབ་པ་ན། སྐབས་དེར་ཡུལ་དེའི་རྒྱལ་བློན་འབངས་དང་བཅས་པས། སོ་སོའི་མཐུ་ལས་བྱུང་བར་སྨྲས་ནས་མ་འཆམ་པར་དྲ་སྲོང་མངོན་ཤེས་མཁན་ཞིག་ཡོད་པ་དེར་དྲིས། དྲང་སྲོང་གིས་བཀྲ་ཤིས་ལོ་ལེགས་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཤིང་ནགས་སུ་ཡོད་པའི་སྲོག་ཆགས་བཞིའི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །ཁྱེད་རྣམས་ཀྱིས་ཀྱང་བསླབ་པའི་གཞི་ལྔ་ལོངས་ཤིག །ཅེས་བརྗོད་ནས་རྒྱལ་བློན་དང་བཅས་པ་མང་ཆེ་བས་བསླབ་པའི་གཞི་ལྔ་བླངས་པས་མཐར་ལྷ་གནས་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །རྒན་པར་བསྙེན་བཀུར་གྱི་བསོད་ནམས་ནི་ཆེན་པོ་ཡིན་པ་བསྟན་ནོ། །

མཆན།

  1. ཀ་ཤའི་ནགས་ནི། ཀ་ཤི་ནི་ལེགས་སྦྱར་གྱི་ཚིག་ཡིན་པས་བོད་སྒྱུར་དུ་བསིལ་ལྡན་དང་ཝཱ་རཱ་ཎ་སཱིའི་མིང་གཞན་ཡིན།  ད་ལྟ་ཡང་ཀ་ཤི་མེ་འཁོར་འབབ་ཚུགས་ཞེས་ཝཱ་རཱ་ཎ་སཱིའི་བྱང་ངོས་སུ་ཡོད། སྔ་མོ་རྒྱ་ཁྱོན་ཆེན་པོ་ཡིན་ཡང་ད་ལྟ་ས་ཁྱོན་ཆུང་ཆུང་ཞིག་ལས་མེད། དེར་དབང་ཕྱུག་གི་གནས་ཤིག་ཀྱང་འཁེལ་གྱི་ཡོད།
  2. གོང་མོ་སྲེག་ནི། བྱ་སྲེག་པ་སྟེ། བྱ་གོང་མོ་དང་ཆ་འདྲ་ཡང་མཚུ་རྐང་དམར་མིན་སེར་པོ་ཞིག
  3. ཤིང་ནྱགྲོ་དྷ་ནི། རྒྱ་གར་དུ་སྐྱེས་པའི་ཤིང་སྡོང་ཞིག་གི་མིང་ཡིན། གཞུང་རྟ་དང་སྐྱེ་སྟངས་བྱང་ཆུབ་ཤིང་དང་ཅུང་འདྲ།
  4. རྟུག་པ་ནི། མི་གཙང་བ་སྟེ་སྐྱག་པ་དང་དོན་གཅིག་ཀྱང་མིས་བཏང་བ་ལ་སྐྱག་པ༌། རྟ་དང་བྱས་བཏང་བ་ལ་རྟུག་པ། གླང་ཆེན་དང་གླང་གིས་བཏང་བ་ལ་ལྕི་བ་ཞེས་བཤད་སྲོལ་ཡོད།
  5. བསྙེན་བཀུར་ནི། སྲི་ཞུའམ་ཞབས་ཏོག་གི་དོན་ཡིན།
  6. བསླབ་པའི་གཞི་ལྔ་ནི། དགེ་བསྙེན་གྱི་བསྲུང་བྱ་རྩ་བཞི་ཆད་ལྔ་སྤང་བ་སྟེ། སྲོག་གཅོད་པ་དང༌། མ་བྱིན་ལེན་པ། མི་ཆོས་བླ་མའི་རྫུན་སྨྲ་བ། འདོད་པས་ལོག་པར་གཡེམ་པ། ཆང་འཐུང་བ་བཅས་སྤང་བའོ། །
  7. ལོ་ཕྱུགས་ནི། ལོ་ཏོག་སོགས་ཞིང་ལས་ཀྱི་རིགས་དང༌། རྟ་ནོར་ལུག་སོགས་ཕྱུགས་ལས་གཉིས་བསྡུས་པའི་ཚིག་ཡིན།

རི་དྭགས་ཀྱིས་རྒྱལ་པོའི་སྲོག་བསྐྱབས་པ།

མཁས་པ་ཆགས་སྡང་ཞི་བ་ཡིས།
དགྲ་བོ་དང་ཡང་མཛའ་བ་འཐོབ།
རི་དྭགས་ཤ་བྷས་བསྒྲལ་བ་ཡིས།
རྒྱལ་པོ་དགའ་པའི་ངང་ཚུལ་ལྟོས།

    སྔོན་འབྲོག་དགོན་པ་1རྩ་བ་དང་ལྡུམ་བུ། རྩ་སྟུག་པོས་ཁེངས་ཤིང་འབབ་ཆུ་དང༌། གྲོག་མཁར2། གད་པ་3དང༌། གྲོག་པོ་4སོགས་ས་གཞི་བགྲོད་5མི་བདེ་ལ་རི་དྭགས་ཀྱི་རིགས་མང་པོ་རྒྱུ་བ་ཞིག་ན། རི་དྭགས་ཤ་ར་བྷ་ཞེས་པ་རྩལ་དང་ལྡན་པ་སྙིང་རྗེ་ཆེ་བའི་སེམས་ཡོད་པ་དེ་འབྲོག་དགོན་པ་དེའི་རྒྱན་ཞིག་ཏུ་གནས། ཡུལ་དེའི་རྒྱལ་པོ་ནགས་སུ་རི་དྭགས་རྔོན་ཏུ་འོངས་བས། རི་དྭགས་ཤ་ར་དྷ་དེ་མཐོང་བ་དང་དེ་གསོད་པའི་ཕྱིར་དུ་རྟ་ཤིན་ཏུ་མགྱོགས་པ་ཞིག་ཡོད་པ་དེ་བཏང་ཡང་རི་དྭགས་དེ་གྲོག་གཡང་ཆེན་པོ་ཞིག་ཡོད་པ་དེར་མཆོངས་ནས་སོང༌། རྒྱལ་པོ་ཡང་དེའི་རྗེས་བསྙེགས་བྱས་དུས་རྟ་དེ་གྲོག་གཡང་དེ་མཐོང་བ་དང་འགྲོ་མ་ནུས་པར་འཐེན་པ་6དང་རྒྱལ་པོ་རྟ་སྟེང་ནས་གྲོག་གཡང་དེར་ལྷུང༌། རྟ་རྨིག་7གི་སྒྲ་མ་ཐོས་པ་དང་རི་དྭགས་ཁ་ཕྱིར་སློག་སྟེ་བལྟས་པ་དང༌། ཅིག་བྱས་ན་རྒྱལ་པོ་རྨས་ཡོད་སྲིད་བསམས་ཏེ་སྙིང་རྗེ་ཆེན་པོས་ཚུར་ཡོང་སྟེ་བལྟས་པས་ན། རྒྱལ་པོའི་ལུས་རྡུལ་གྱིས་བཏུམས་ནས་འགྲེ་ལྡོག་8བྱེད་པ་མཐོང་བ་དང་རི་དྭགས་དེས་དགྲའི་འདུ་ཤེས་བརྗེད་ནས་སྙིང་རྗེ་སྐྱེས་ཏེ། བདག་ཁྱོད་ཀྱི་ཡུལ་ན་གནས་པའི་རི་དྭགས་ཤིག་ཡིན། ཁྱེད་ལ་ཆག་གྲུམ་མ་འགྱུར་རམ་ཞེས་དྲིས་དུས། རྒྱལ་པོ་ངོ་ཚ་ནས་དགྲ་ལ་རྒོལ་9ནུས་བཞིན་དུ་ཐུགས་བརྩེ་བས་འདི་ཅི་ཞིག་སྙམ་དེ་ཤིན་ཏུ་ངོ་མཚར་བར་གྱུར་ནས་བདག་གི་ནོངས་པ་རྣམས་ཐུགས་ལ་མི་བཅངས་པར་ཞུས། དེ་ནས་ཤ་ར་བྷས་རྡོ་མིའི་ལྗིད་ཙམ་ཞིག་ཐེག་མིན་ཚོད་བལྟ་བྱས་རྗེས་ཐུབ་པ་མཐོང་ནས་གྲོག་གཡང་ནས་རྒྱལ་པོ་རྒྱབ་ལ་འཁུར་ནས་རྟའི་འགྲམ་བར་བསྐྱལ་ལོ། །རྒྱལ་པོ་ཐུགས་ཤིན་ཏུ་མགུ་ནས་ཕོ་བྲང་དུ་བྱོན་པར་ཞུས་པས་རི་དྭགས་ཀྱིས་ཁས་མ་བླང་ཡང༌། དགེ་སྡིག་བསྒྲུབ་སྤང་བྱ་དགོས་སོགས་གསུངས།

མཆན།

  1. འབྲོག་དགོན་ནི། གྲོང་དང་གྲོང་ཁྱེར་མེད་པའི་གནས་ལ་གོའོ། །
  2. གྲོག་མཁར་ནི། འབུ་གྲོག་མས་བརྩིགས་པའི་ཚང་ས་འབུར་དེའུའི་མིང༌།
  3. གད་པ་ནི། གད་བདར་བྱེད་མཁན་ནམ་གད་རྒྱག་མཁན། སྐབས་འདིར་གཡང་ས་ལ་གོ་དགོས།
  4. བགྲོད་པ་ནི། འགྲོ་བའི་དོན། དུས་གསུམ་གཟུགས་མི་འགྱུར་བ་ཡིན།
  5. འཐེན་པ་ནི། མ་བགྲོད་པར་བསྡད་པའི་དོན་ཡིན།
  6. རྟ་རྨིག་ནི། རྟའི་རྨིག་པ།
  7. འགྲེ་ལྡོག་ནི། གཟུགས་པོ་ཕར་སློག་ཚུར་སློག་བྱེད་པའི་མིང༌།
  8. ཆག་གྲུམ་ནི། དུམ་བུ་དུམ་བུར་ཆག་པ་དང་ཅུང་ཟད་གྲུམ་པ་གཉིས་ཀྱི་བསྡུས་ཚིག
  9. རྒོལ་བ་ནི། རྩོད་པའམ་འཛིང་བའི་དོན་ཡིན།

ཝ་སྐྱེས་རྒྱལ་པོར་བསྐོས་པ།

བླུན་པོའི་རྙེད་པ་ལོག་འཚོ་སྟེ། །
འབྱུང་མི་འོས་ཤིང་བྱུང་བ་ཡིན། །
ཝ་སྐྱེས་རྒྱལ་པོར་བཀུར་བ་ཡིས། །
རི་དྭགས་རྒྱལ་པོས་བསད་པ་ལྟོས། །

   སྔོན་ཝ་བརྐམ་ཆགས་1ཅན་ཞིག་ཟས་འཚོལ་བའི་ཕྱིར་དུ་དགོན་པ་དང་གྲོང་དུ་ཡར་མར་རྒྱུ་བ་ན་བཙོ་བླག་མཁན་2ཞིག་གི་རམས་3ཀྱི་རྫ་མའི་ནང་དུ་ལྷུང། དེ་ནས་ཚྭ་སྒོའི་ཕུང་པོའི་སྟེང་དུ་ཉལ་བས་མདོག་ཡ་མཚན་ཞིག་ཏུ་འགྱུར་བ་ན་ཆུར་བཞུགས་ནས་ཡུནརིང་སོང་བར་ཉི་མས་འོད་ཟེར་གྱིས་ནོར་བུ་གཟིའི་ཁ་དོག་ལྟར་གྱུར། ཝ་ཁ་ཅིག་གིས་དེ་མཐོང་སྐབས་ངོ་མཚར་སྐྱེས་ཏེ། ཁྱོད་སུ་ཡིན་ཞེས་དྲིས་དུས། ཁོ་བོ་ནི་བརྒྱར་འགྲོ་ཞེས་བྱ་བ་དེ་ཡིན། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྐང་བཞི་པའི་རྒྱལ་པོར་དབང་བསྐུར་ཏོ་ཟེར། དེར་ཝ་ཐམས་ཅད་ཀྱིས་རྐང་བཞི་ཞེས་པ་ནི་འུ་ཅག་རྣམས་ལ་གོ་བར་བྱ་ཡི། དེའི་ཁ་དོག་ནི་སྔར་མཐོང་མ་མྱོང་བས་ཡ་མཚན་སྐྱེས་ཏེ་རྐང་བཞི་པ་དུ་མས་བཀུར་ཅིང་རྒྱལ་པོར་བསྐོས་ནས་གླང་པོ་ཆེ་ལ་ཞོན་ཏེ་སེང་གེ་རྣམས་མཐའ་ནས་བསྐོར། དེ་ནས་སྟག་དང༌། ཐག་རིང་རྒྱང་ནས་ཝ་རྣམས་འགྲོ་བར་བྱེད།
    དེ་ནས་ནམ་ཞིག་ཚེ་ཝ་ཞིག་ལ་དེའི་མ་རི་སུལ་ཞིག་ན་ཡོད་པ་དེར་ཤོག་ཅེས་མངགས། རིམ་པས། མས་འཁོར་ཇི་འདྲ་འདུག་དྲིས་པས། འཁོར་དུ་སེང་གེ གླང་པོ། སྟག་དང། མཐར་ཝའི་རིགས་བཅས་ཡོད་ཞུས་དུས། མས་ད་ནི་མ་རུངས་སུ་གྱུར་ཏོ། །ཁོ་མོ་མི་འོངས་ཞེས་བརྗོད། དེ་ནས་ཝ་དེས་ཝ་རྣམས་འུ་ཅག་གི་རྒྱལ་པོ་དེ་ནི་འུ་ཅག་དང་རིགས་གཅིག་པ་ཡིན་ནོ། །དེའི་མ་བདག་གིས་མཐོང་ངོ༌། །འོན་ཀྱང་དེ་བརྟག་པའི་ཕྱིར་བདག་ཅག་རྣམས་སྐད་འབྱིན་པ་ན། ཆོས་ཉིད་ཀྱི་སྟོབས་4ཀྱིས་གྱུར་པས་སྐད་འབྱིན་དུས་མཉམ་དུ་སྐད་མ་འབྱིན་ན་སྤུ་འབྱི་བར་གྱུར་པས་སྐད་འབྱིན་རྒྱུའི་གྲོས་བཏབ་སྟེ། སྐད་འབྱིན་དུས་དེ་གླང་པོ་ཆེ་ལ་ཞོན་བཞིན་དུ་ཝ་སྐད་འབྱིན་དགོས་བྱུང་བར་གླང་པོ་ཆེས་ཐོས་ནས་ཝ་ཡིན་པར་ཤེས་ཏེ། ཝ་ཁྱོད་བདག་གི་སྟེང་དུ་ཞོན་པ་ནི་ཆེས་མི་འོས་སོ་བརྗོད་དེ་བསད་དོ།

མཆན།

  1. བརྐམ་ཆགས་ནི། རྔམ་པའམ་འདོད་ཞེན་ཆེ་བའི་དོན་ཡིན།
  2. བཙོ་བླག་མཁན་ནི། ཚོས་རྒྱག་མཁན་ཡིན།
  3. ཆོས་ཉིད་ཀྱི་སྟོབས་ནི། རང་བཞིན་ནམ་གཤིས་ལུགས་ཀྱི་དོན་ཡིན།

སློབ་མ་བཟང་པོ།

མཁས་པས་གཞན་དག་ཅི་ཟེར་ཡང༌། །
དོན་ལ་བལྟས་ནས་འཇུག་ལྡོག་བྱེད། །
བྲམ་ཟེའི་སློབ་མས་སློབ་དཔོན་གྱིས། །
རྐུ་བར་བསྔགས་པ་བཟློག་ལ་ལྟོས། །

   སྔོན་བྱང་ཆུབ་སེམས་དཔའ་བྲམ་ཟེ་རིགས་མཐོ་ཞིང་སྤྱོད་ཚུལ་ཕུན་སུམ་ཚོགས་པ་ཞིག་ཏུ་སྐྱེས་ཏེ། རིམ་བཞིན་རིག་བྱེད་སློབ་པའི་ཕྱིར་སློབ་དཔོན་སྤྱོད་ཚུལ་བཟང་བ་མང་དུ་ཐོས་པ་ཞིག་བསྟེན་ནས་མཉེས་པར་1བྱས་པ་ན། བླ་མས་ཀྱང་བདག་ཉིད་ཆེན་པོ་2དེའི་ཡོནཏན་ལ་ཡིད་མགུ་སྟེ་བྱམས་ཤིང་དགའ་བར་གྱུར་ཏོ། །
    དེའི་ཚེ་བྲམ་ཟེའི་མཁན་པོ་དེས་སློབ་མ་རྣམས་བརྟག་པའི་ཕྱིར་བདག་ཉིད་དབུལ་ཞིང་ཕོངས་པའི་སྡུག་བསྔལ་གྱིས་རྟག་ཏུ་མནར་ཞིང་གནས་གསུངས་པ་ལ། སློབ་མ་རྣམས་ཀྱིས་དེ་མ་བཟོད་ནས་བསོད་སྙོམས་3མང་དུ་བླངས་ནས་ཕུལ། དེར་སློབ་དཔོན་གྱིས་སྨྲས་པ། བསོད་སྙོམས་ཙམ་གྱིས་ངའི་དབུལ་ཕོངས་སེལ་མི་ནུས་པས་ཁྱེད་ཚོས་ནོར་སྒྲུབ་པའི་ཐབས་འབད་ན་ལེགས་སོ་ཞེས་བརྗོད། སློབ་མ་རྣམས་ཀྱིས་སྒྲུབ་ཐབས་དྲིས་པས། མཁན་པོས་གཙུག་ལག་ནས་བཤད་པའི་ནོར་སྒྲུབ་ཐབས་སུ། འཇིག་རྟེན་གྱི་ནོར་ཐམས་ཅད་བྲམ་ཟེའི་ནོར་ཡིན་པས། བྲམ་ཟེ་རྒུད་པའི་ཚེ་གཞན་གྱི་ནོར་སུས་ཀྱང་མ་མཐོང་བར་རྐུ་བར་བྱ་བ་ནི་ཆོས་སུ་བཤད་དོ། །འོན་ཀྱང་གྲགས་པ་ངན་པ་བསྲུང་བའི་ཕྱིར་གཞན་གྱིས་མཐོང་བཞིན་དུ་བླང་བ་དང་འཕྲོག་པར་མི་བྱའོ། །ཞེས་གདམས་པ་བཞིན་སློབ་མ་གཞན་རྣམས་ཀྱིས་དེ་ལྟར་ཁས་བླངས་སོ། །
    དེར་བྲམ་ཟེ་རིགས་བཟང་དེ་ངོ་ཚ་བས་མགོ་སྨད་དེ་ཅི་ཡང་མི་སྨྲ་བར་བསྡད་ཡོད། མཁན་པོས་བྲམ་ཟེ་འདི་རྣམས་ངའི་སྡུག་བསྔལ་བ་མ་བཟོད་ན་ཁྱོད་ཅིའི་ཕྱིར་མགོ་འདུད་དེ་གནས། ཞེས་དྲིས་པས། བྲམ་ཟེ་སེམས་དཔའ་ཆེན་པོས་ཕྱག་བྱས་ཏེ་ཞུས་པ། བདག་ནི་མཁན་པོ་ལ་མི་བྱམས་ཤིང་སྙིང་སྲ་བའི་ཕྱིར་བླ་མའི་སྡུག་བསྔལ་གྱིས་གདུངས་བ་མ་ལགས་ཀྱི། ལྷ་ཡི་སྤྱན་སྔར་ཐུབ་པ་དང༌། །མི་མིན་འབྱུང་པོས་རིག་པའི་ཕྱིར། །སྡིག་པ་བྱེད་པ་འཇིག་རྟེན་འདིར། །སུས་ཀྱང་མི་མཐོང་མི་སྲིད་དོ། །སྐྱོན་ཡོན་ཤེས་པ་ནར་གྱི་ཕྱིར། །སུ་ཞིག་ཡོན་ཏན་ཆུད་གསོན་བྱེད། །ཁྱོད་ནི་སྨད་པའི་ལས་མཛད་པར། །བདག་གི་ཡིད་ལ་ཡོང་མི་བསམ། །ཞེས་སོགས་ཞུས་པ་དང༌། མཁན་པོ་དེ་རབ་ཏུ་དགའ་ཞིང་ཡ་མཚན་ནས་སྟན་ལས་ལངས་ཏེ། དེ་ལ་ལག་པས་འཁྱུད་ནས་སྨྲས་པ། བུ་ལེགས་སོ་ལེགས་སོ། །བྲམ་ཟེ་ཆེན་པོ་ལེགས་སོ། །ཁྱོད་ནི་ཤེས་རབ་ཀྱིས་རབ་ཏུ་བརྒྱན་པ། ཐོས་པ་བྱས་པ་དོན་དང་ལྡན་ནོ། །ཁོ་བོས་འབད་པའི་དོན་ལེགས་པར་གྲུབ་བོ། །ཞེས་བྲམ་ཟེའི་མཁན་པོ་དེས་རྒྱ་ཆེར་བསྔགས་པར་བྱེད་དོ། །
    དེས་ན་རང་གི་མཁན་པོ་དང་སློབ་དཔོན་སོགས་དྲིན་ཆེ་བ་ཇི་ལྟར་ཡིན་ཡང་རུང། མི་འོས་པའི་བྱ་བ་ལ་བསྐུལ་བ་ཐུགས་དགོངས་ཅི་ཡིན་ལེགས་པར་འབྱེད་4ནས་སྡིག་པའི་ལས་ལ་འཇུག་པར་མི་བྱའོ། །

མཆན།

  1. མཉེས་པ་ནི། དགའ་བའམ་ཚིམས་པའི་དོན།
  2. བདག་ཉིད་ཆེན་པོ་ནི། བདག་པོ་ཆེན་པོ།
  3. བསོད་སྙོམས་ནི། འདོད་ཆགས་དང་བྲལ་བར་ཟས་སློང་བ།
  4. འབྱེད་པ་ནི། དབྱེ་བ་སྟེ། འདིར་ལེགས་ཉེས་རྣམ་པར་འབྱེད་པ་ལ་ཟེར།

མདུན་ཤོག

Menu