ཟླ་རེའི་གསར་འགྱུར།

ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་དང་ཆོས་སྡེ་བཀྲ་ཤིས་ལྷུན་པོ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དེ་བཞིན་འདི་ཟླའི་ཚེས་ ༢༨ སྔ་དྲོ་ཆུ་ཚོད་ ༩ ནས་འགོ་འཛུགས་གནང་ཡོད།

རིགས་ལམ་འདུ་འཛོམས་འདི་བཞིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༨ ནས་ཟླ་བ་ ༩ ཚེས་ ༤ བར་ཉིན་གྲངས་བརྒྱད་ཀྱི་ལས་གཞི་ཡིན་ཞིང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ས་བཀྲ་ཤིས་ལྷུན་པོའི་སློབ་གཉེར་འགན་འཛིན་བཀའ་ཆེན་བློ་བཟང་ཐུགས་རྗེ་ལགས་ཀྱིས་དབུས་པའི་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་དང་། སྦེལ་ཀོབ་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ་བཞི་བཅས་ཚོགས་ཕེབས་གནང་ཡོད།

མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་ངོ་སྤྲོད་གནང་སྐབས། ༸རྒྱལ་བ་རིན་པོ་ཆེ་ནས་དུས་དང་རྣམ་པ་ཀུན་ཏུ་རིགས་ལམ་གྱིས་མིའི་རྣམ་འབྱེད་ཀྱི་ཤེས་རབ་ལེགས་པར་ཕྱེ་ཞིང་གཞན་ཟེར་རྗེས་འབྲང་མ་ཡིན་པར་རང་སྟོབས་ཀྱིས་བླང་དོར་བྱེད་ཐུབ་ཅིང་། ཤེས་བྱའི་གནས་གང་ལ་སྦྱངས་ཀྱང་ཟབ་གསལ་མྱུར་བའི་ཁྱད་ཆོས་ལྡན་པ་བཅས་ཀྱི་བཀའ་སློབ་རིམ་པ་ཕེབས་པར་བརྟེན། སློབ་གྲྭའི་སྡེ་ཁག་སོ་སོས་འཛིན་རིམ་དྲུག་པ་ཡན་གྱི་གཞི་རིམ་སློབ་གྲྭ་ཁག་ཡོངས་སུ་ལྟ་གྲུབ་དགེ་རྒན་བསྐོ་གཏོང་གིས་སློབ་ཕྲུག་རྣམས་ལ་རིགས་ལམ་སློབ་ཁྲིད་གནང་བཞིན་ཡོད། རིགས་ལམ་སློབ་ཁྲིད་ཀྱི་ལས་རིམ་ལ་དམིགས་བསལ་ཤུགས་སྣོན་ཐེབས་ཕྱིར་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ནས་བཟུང་རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་འདི་འགོ་བཙུགས་ཞུས་པ་ཞིག་ཡིན། ཐེངས་འདིའི་རིགས་ལམ་འདུ་འཛོམས་ནང་ལྷོ་ཁུལ་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཁག་བདུན་གྱི་སློབ་ཕྲུག་བུ་མོ་གྲངས་ ༤༩ དང་བུ་གྲངས་ ༤༦ བཅས་ཁྱོན་བསྡོམས་སློབ་ཕྲུག་ ༩༥ ནས་མཉམ་ཞུགས་གནང་ཡོད་པ་བཅས་ཀྱི་ངོ་སྤྲོད་གནང་།

དེ་ནས་མཉམ་ཞུགས་གནང་མཁན་སློབ་གྲྭ་བདུན་གྱི་ལྟ་གྲུབ་དགེ་རྒན་སྐུ་ཚབ་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་རྣམ་རྒྱལ་ལགས་ནས་རིགས་ལམ་འདུ་འཛོམས་ཀྱི་གལ་གནད་དང་འབྲེལ་བའི་སྐོར་དགོངས་ཚུལ་གསུངས་པར། ༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་ད་བར་གཞི་རིམ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྤེལ་གྱི་ལས་རིམ་འགོ་བཙུགས་ཏེ་མི་ལོ་ཉི་ཤུ་ཉེ་བ་ཞིག་འགྲོ་གི་ཡོད་པས། དུས་ཡུན་དེའི་རིང་སློབ་གྲྭ་སྡེ་ཁག་སོ་སོས་དེ་ཐོག་འབད་བརྩོན་གང་ཡོང་གནང་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ནས་ཀྱང་རིགས་ལམ་འདུ་འཛོམས་ཞེས་པའི་ལས་གཞི་འགོ་བཙུགས་ཏེ་དེ་ཐོག་མིའི་ནུས་ཤུགས་དང་དཔལ་འབྱོར་གྱི་འགྲོ་གྲོན་ཤུགས་ཆེ་གཏོང་བར་བརྟེན་སློབ་གྲྭ་ཁག་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། རིགས་ལམ་འདུ་འཛོམས་ཡོད་པ་ཙམ་གྱིས་སློབ་གྲྭ་ཁག་ལ་རིགས་ལམ་ཐོག་དོ་དབྱིངས་ཆེ་རུ་འགྲོ་བ་དང་། དོ་དབྱིངས་དེ་ལ་བརྟེན་ནས་སློབ་ཕྲུག་ཁྲོད་རིགས་ལམ་སྦྱོང་མཁན་མང་དུ་འགྲོ་བ་དང་ཆབས་ཅིག རིགས་ལམ་ཤེས་མཁན་ཡང་མང་དུ་འགྲོ་ཞིང་། སློབ་གྲྭའི་འཛིན་སྐྱོང་ནས་ཀྱང་འདུ་འཛོམས་སུ་འགྲོ་མཁན་རྣམས་སློབ་གྲྭའི་ངོ་བོ་མཚོན་གྱི་ཡོད་སྟབས། དེ་ལ་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་ཕན་ཐོགས་ཆེན་པོ་ཡོང་གི་འདུག་གསུངས། ལྷག་པར་དུ་རིགས་ལམ་འདུ་འཛོམས་ཡོད་པའི་ལོ་དེར་སློབ་ཕྲུག་ཡོངས་ནས་རིགས་ལམ་ཐོག་དམིགས་བསལ་དོ་སྣང་དང་། འདུ་འཛོམས་མ་ཚུགས་པའི་ཟླ་བ་གཅིག་ལྷག་གི་སྔོན་ནས་གུང་སེང་སོགས་སུ་དམིགས་བསལ་སྦྱོང་བརྡར་བྱེད་པ་སོགས་ཀྱིས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་འདུག་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་སློབ་གཉེར་འགན་འཛིན་བཀའ་ཆེན་བློ་བཟང་ཐུགས་རྗེ་ལགས་ཀྱི་རིགས་ལམ་གྱི་གལ་གནད་དང་འབྲེལ་བའི་སྐོར་སློབ་ཕྲུག་རྣམས་ལ་གསུང་བཤད་ལམ་སྟོན་གནང་བར། བཙན་བྱོལ་བོད་མིའི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རིགས་ལམ་འདུ་འཛོམས་འདི་གལ་གནད་ཆེ་ཆུང་སྐོར་གོང་དུ་གསུངས་གྲུབ་པ་ལྟར། ང་རང་སྒེར་ལ་ཆ་བཞག་ནའང་རིགས་ལམ་ཐོག་མི་ཚེ་སྐྱེལ་སྡོད་མཁན་ཞིག་ཡིན་པའི་ཆ་ནས་རིགས་ལམ་འདི་ཧ་ཅང་གིས་གལ་ཆེན་པོ་ཞིག་ཏུ་བརྩི་ཡི་ཡོད། གལ་ཆེན་པོ་བརྩི་བ་དེ་རྒྱུ་མཚན་ཡང་དག་ཅིག་དང་རིགས་ལམ་ཡང་དག་ཅིག་ཡོད་པ་མ་གཏོགས། ཁ་ནས་ཚིག་སྐམ་པོ་ཞིག་བཤད་པ་རྩ་བ་ནས་མ་རེད། ང་ཚོ་བོད་གངས་ཅན་ལྗོངས་ལ་རྒྱ་གར་འཕགས་པའི་ཡུལ་ནས་ཆོས་དང་རིག་གཞུང་རྩ་ཆེན་ཞིག་དང་། སྐད་དང་ཡི་གེ ལྟ་གྲུབ་ཡང་དག་པ་ཞིག་གནའ་སྔ་མོ་ནས་དར་ཁྱབ་བྱུང་ཡོད་པ་རེད། རིག་གཞུང་འདི་དག་བོད་དུ་གདན་ཞུ་བར་ཆོས་རྒྱལ་མེས་དབོན་རྣམ་པས་སྐུ་ལས་ཧ་ཅང་བསྐྱོན་པ་རེད། དེ་ལྟ་བུའི་ཆོས་དང་རིག་གཞུང་རྩ་ཆེན་པོ་རྣམས་ད་ལྟའི་བར་དུ་དགོན་པ་གྲྭ་ཚང་དང་དམིགས་བསལ་གྱི་སློབ་གཉེར་བསྟི་གནས་དེ་ཚོའི་ནང་ལ་མ་གཏོགས་བོད་མི་མང་ཚོགས་ཀྱི་ནང་ལ་དེ་ཐོག་གོ་རྟོགས་དེ་ཙམ་མེད་པ་ལྟ་བུ་ཞིག་ཆགས་བསྡད་འདུག དེར་བརྟེན་ང་ཚོའི་བོད་ས་ཤོར་ནས་༸སྐྱབས་མགོན་རིན་པོ་ཆེས་ཐོག་མར་ཤེས་ཡོན་ཐོག་ལ་སྐུ་ལས་ཧ་ཅང་བསྐྱོན་ཏེ། རིམ་པས་མ་འོངས་མངོན་གཟིགས་ཀྱིས་གཞི་རིམ་སློབ་ཚན་གྱི་ནང་ལ་རིགས་ལམ་གྱི་རྣམ་གཞག་རྣམས་འཇུག་དགོས་ཀྱི་འདུག་ཅེས་བཀའ་སློབ་རིམ་པ་ཕེབས་ཡོད་སྟབས། དེ་ཐོག་ང་ཚོས་ཐེ་ཚོམ་དང་སོམ་ཉི་ནམ་ཡང་བྱེད་དགོས་དོན་མེད། གལ་གནད་དེ་ལ་བརྟེན་ནས་ཤེས་རིག་ལས་ཁུངས་ཀྱིས་རིགས་ལམ་འདུ་འཛོམས་ཞེས་པའི་ལས་གཞི་བཀོད་སྒྲིག་གནང་ནས་ལོ་མང་པོ་ཞིག་ཕྱིན་ཏེ། སློབ་ཕྲུག་མང་པོ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།

འཛམ་བུ་གླིང་འདིའི་སྟེང་གི་ཆོས་ལུགས་མང་པོ་ཞིག་གི་ནང་ལ་གང་ཟག་མི་རེ་ངོ་རེའི་མི་ཚེའི་མདུན་ལམ་ཐམས་ཅད་འཇིག་རྟེན་བཀོད་པ་པོའམ་དཀོན་མཆོག་གིས་བཟོས་པ་རེད་ཅེས་གསུང་གི་ཡོད། དེར་བརྟེན་ལྟ་གྲུབ་དེ་དག་ལས་ང་ཚོ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དེ་ཡང་དག་པ་ཞིག་ཡིན་པ་དེ་རིགས་པ་ཁོ་ནའི་ལམ་ནས་སྒྲུབ་དགོས་ཤིང་། དཔེར་ན་སྔོན་མ་སོར་མོའི་ཕྲེང་བ་ཞེས་པ་ཞིག་བྱུང་བ་དེ་ལ་ཁོ་རང་གི་སློབ་དཔོན་གྱིས་ཁྱོད་ཀྱིས་མི་སྟོང་བསད་པའི་སོར་མོའི་ཕྲེང་བ་སྐེ་ལ་བཏགས་ན་ཐར་པ་ཐོབ་ཀྱི་རེད་ཅེས་བཀའ་གནང་བ་ལྟར་དགེ་རྒན་གྱི་ཚིག་ལ་ཡིད་ཆེས་བྱས་པ་མ་གཏོགས། དེ་ལ་རྒྱབ་ལྗོངས་ཀྱི་རིགས་ལམ་ཡོད་མེད་བསམ་བློ་མ་བཏང་བར་ཁོས་མི་དགུ་བརྒྱ་དགུ་བཅུ་གོ་དགུ་ཐམ་པ་བསད་ཅིང་། མཐར་མི་གཅིག་མ་ཚང་སྟབས་སོ་སོའི་མ་གསོད་པར་བསམ་པའི་ཚེ་སངས་རྒྱས་ཀྱིས་མཁྱེན་ཏེ། སོར་མོའི་ཕྲེང་བའི་འཁྲིས་སུ་བྱོན། སོར་མོའི་ཕྲེང་བས་སངས་རྒྱས་མཐོང་སྟེ་མ་བསད་པ་ལས་དགེ་སློང་དེ་གསད་དགོས་སྙམ་སྟེ། སངས་རྒྱས་ཀྱི་རྗེས་སུ་ཇི་ཙམ་རྒྱུགས་ཀྱང་སངས་རྒྱས་རྗེས་མ་ཟིན་པར་བརྟེན། ཁོས་སངས་རྒྱས་ལ་དགེ་སློང་དགེ་སློང་སྒུག་རོགས་ཞེས་ཞུས་པར། སངས་རྒྱས་ཀྱིས་ང་བསྡད་བསྡད་པ་ཡིན། མ་བསྡད་པ་དེ་ཁྱོད་རང་རེད་ཅེས་བཀའ་གནང་སྟེ་སོར་མོའི་ཕྲེང་བས་སངས་རྒྱས་ཞལ་མཇལ་ཏེ་སངས་རྒྱས་ཀྱིས་ཁོ་ལ་ལམ་སྟོན་དང་ཆོས་གསུངས་ཏེ་མཐར་སོར་མོའི་ཕྲེང་བ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རེད། དེའི་དོན་དག་གཙོ་བོ་ནི་ཆོས་ལུགས་གཞན་གྱི་ནང་ལ་རིགས་ལམ་གྱི་ཐོག་ནས་བརྟག་དཔྱད་བྱེད་པའི་ལམ་སྲོལ་མེད་པའི་ཞན་ཆ་དང་། ང་ཚོའི་ནང་པ་སངས་རྒྱས་པའི་ཆོས་ལུགས་སུ་སངས་རྒྱས་ཉིད་ཀྱི་བཀའ་ཡིན་ནའང་རིགས་པས་བརྟག་དཔྱད་བྱེད་དགོས་པའི་སྐོར་གསུང་གི་ཡོད། དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ་རྣམས་དད་པའི་རྗེས་སུ་འབྲངས་པ་མ་ཡིན་པར་རིགས་པ་དང་རྒྱུ་མཚན་ཡང་དག་པར་བརྟེན་ནས་སྒྲུབ་དགོས་པའི་ཆོས་རྒྱུད་འདི་རྒྱ་གར་འཕགས་པའི་ཡུལ་ནས་བོད་གངས་ཅན་ལྗོངས་ལ་དར་ཁྱབ་བྱུང་བ་རེད། ཡང་དག་པའི་ཆོས་རྒྱུད་འདི་ཉར་ཚགས་བྱེད་པའི་ལས་འགན་དེ་བོད་མི་གཙོས་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ལ་ཡོད་པ་རེེད། ང་ཚོས་བོད་ཀྱི་བདེན་མཐའ་རྩོད་ཡ་དེ་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཟང་པོ་དེ་རྣམས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པའི་ཆེད་དུ་ཡིན་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱ་ཆེ་བ་གནང་།

མཐར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་གདན་ས་བཀྲ་ཤིས་ལྷུན་པོ་ནས་ཐེངས་འདིའི་རིགས་ལམ་འདུ་འཛོམས་ཀྱི་ཚོགས་བཅར་བ་དགེ་སློབ་ཡོངས་ཀྱི་བཞུགས་གནས་རྣམས་རིན་མེད་མཐུན་འགྱུར་གནང་བར་ཤེས་རིག་ལས་ཁུངས་དང་ཚོགས་བཅར་བ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བ་ཡོངས་ལའང་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་པར་མཇུག་བསྒྲིལ།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་ལ་བྱིས་པ་རྩེད་མོ་རྩེད་ས་དང་དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་།
ཕྱི་མ།
གཞི་རིམ་སློབ་གྲྭའི་ཀམ་པུ་ཊར་སློབ་ཚན་གྱི་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་དང་གཏན་འབེབས་གནང་བ།
Menu