ཟླ་རེའི་གསར་འགྱུར།

ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པ་རྣམས་ལ་ཤེས་ཡོན་སྲིད་བྱུས་ཟབ་སྦྱོང་དབུ་འཛུགས་གནང།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་ཤེས་ཡོན་འགན་འཛིན་དང་རྒྱུས་སྟོན་པའི་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་།
དེ་ཡང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དང་། མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་དྲུང་ཆེ་ཀརྨ་ཆུང་བདག་ལགས། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང། ཤེས་ཡོན་འགན་འཛིན། སློབ་དེབ་རྩོམ་སྒྲིག་པ། དེ་བཞིན་སློབ་གྲྭ་ཁག་གི་ཤེས་ཡོན་རྒྱུས་སྟོན་པ་བཅས་ཚང་འཛོམས་ཐོག་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བའི་བརྒྱུད་རིམ་དང་རྒྱབ་ལྗོངས་ཁག་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེདྒེ་ལགས་ཀྱིས་གསུང་བཤད་གནང་དོན།
དེ་རིང་འདིར་ཤེས་ཡོན་འགན་འཛིན་དང་སློབ་གྲྭ་ཁག་གི་ཤེས་ཡོན་རྒྱུས་སྟོན་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ཐོག་ཉིན་གྲངས་གསུམ་རིང་ཟབ་སྦྱོང་གོ་སྒྲིག་གནང་བ་འདིའི་ཐོག་རྣམ་པ་ལྷན་རྒྱས་ཕེབས་པར་ངས་ཤེས་རིག་ལས་ཁུངས་བརྒྱུད་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ད་རེས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་ ༢༠༠༤ ལོར་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་ནས་ལོ་གང་ཙམ་ཕྱིན་ཟིན་པ་རེད། སྲིད་བྱུས་གང་འདྲ་ཞིག་ཡིན་རུང་དངོས་སུ་ལག་བསྟར་ཡག་པོ་གནང་མ་ཐུབ་ན་སྲིད་བྱུས་ཇི་ཙམ་བཟང་པོ་ཡོད་རུང་ཤོག་ཐོག་བཀོད་པ་ཙམ་ལས་ཕན་ཐོགས་མེད་པ་ལྟ་བུ་ཆགས་ཀྱི་ཡོད།
ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་སྟེ་ད་བར་ལོ་བཅུ་གསུམ་ཙམ་ཕྱིན་ཟིན་སྟབས། ཤེས་ཡོན་སྲིད་བྱུས་ལ་དངོས་སུ་རྟོག་ཞིབ་གནང་སྟེ་ལག་ལེན་ཇི་ཙམ་གནང་འདུག  མ་འོངས་པར་འདིའི་ཐོག་ཡར་རྒྱས་གང་གཏང་དགོས་པ་དང་ལག་བསྟར་གནང་ཕྱོགས་སྐོར་གོ་བསྡུར་གནང་དགོས་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་ཉིད་གཏན་འབེབས་བྱུང་རྗེས་བོད་མིའི་སྤྱི་ཚོགས་ནང་བགྲོ་གླེང་ཧ་ཅང་མང་པོ་བྱུང་ཡོད། ཤེས་ཡོན་སྲིད་བྱུས་ལ་ལེགས་པའི་ཆ་འདུག་ཟེར་མཁན་བྱུང་ཡོད་ལ་ང་ཚོ་བཙན་བྱོལ་བའི་གནས་སྟངས་འོག་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ན་འོས་འཚམས་མེད་སྐོར་གསུང་མཁན་ཡང་བྱུང་ཡོད། གང་ལྟར་ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་བོད་མིའི་སྒྲིག་འཛུགས་ནས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་སྟབས་ང་ཚོ་ཚང་མས་འདིའི་ཐོག་ཕེབས་དགོས་པ་གལ་ཆེན་པོ་རེད་དྲན་གྱི་འདུག ང་ཚོས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟེ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་འཛུགས་གནང་ནས་དེའི་ཐོག་ལག་བསྟར་གནང་ཡོད། དཔེ་སྟོན་སློབ་གྲྭར་མཚོན་ན་ཤེས་ཡོན་སྲིད་བྱུས་འོག་གྲུབ་འབྲས་གང་ཙམ་ཐོན་པ་ཞིག་ཆགས་ཡོད། སྔ་ལོ་ནས་སྔོན་འགྲོ་སློབ་གྲྭ་ཁག་གི་ནང་ལག་བསྟར་གནང་རྒྱུ་འགོ་བཙུགས་པ་ལྟར་རིམ་པས་གོམ་པ་མདུན་སྐྱོད་བྱས་ནས་ཤེས་ཡོན་སྲིད་བྱུས་ཐོག་ཕེབས་དགོས་རྒྱུ་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་ཡིན་པར་བརྟེན་ང་ཚོའི་འགན་ཆགས་ཡོད།
ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་ནས་ལོ་བཅུ་ཙམ་གྱི་རྗེས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྟོག་ཞིབ་གནང་ཡོད། རྟོག་ཞིབ་གནང་བའི་སྙན་ཐོའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ན་དགེ་མཚན་དང་ཕན་ཐོགས་ཡོད་པ་གསལ་པོ་བཀོད་ཡོད།
འོན་ཀྱང་སྙན་ཐོའི་ནང་གནད་འགག་ཅིག་གང་འཁོད་ཡོད་ཅེ་ན། ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་ད་དུང་ཡིན་ནའང་གོང་སྤེལ་གཏོང་དགོས་འདུག་ཅེས་ཧ་ཅང་གསལ་པོ་བཀོད་འདུག  ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བཞིན་པའི་སློབ་གྲྭ་ཁག་གི་ནང་ད་དུང་གོ་རྟོགས་གསལ་པོ་མེད་པའི་གནས་སྟངས་ཡོང་བཞིན་འདུག་པ་མ་ཟད། མང་ཚོགས་ཁྲོད་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་གོང་མཐོར་གཏོང་དགོས་འདུག  ཅེས་སྙན་ཐོའི་ནང་ཡོད་སྟབས། འདི་གནད་འགག་རེད་སྙམ།
གང་ལྟར་ཤེས་ཡོན་སྲིད་བྱུས་ལ་ངེས་པ་རྙེད་པ་ཞིག་དང་ཡིད་ཆེས་འཕེར་བ་ཞིག་བཟོ་མ་ཐུབ་པར་དེ་ལ་ཐེ་ཚོམ་ལྟ་བུ་བྱེད་པ་ཡིན་ན།  ང་ཚོ་མདུན་སྐྱོད་བྱེད་མི་ཐུབ།  ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟེ་དེ་ལ་མང་ཚོགས་ནས་ཡིད་ཆེས་འཕེར་བ་བྱུང་ན། རྒྱབ་སྐྱོར་དང་ཡར་རྒྱས་གོང་འཕེལ་འགྲོ་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད།
དེ་རིང་འདིར་འགན་ཡོད་མཁན་མང་པོ་ཞིག་ཕེབས་ཡོད་པར་བརྟེན། ད་བར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་སྣ་མང་གོ་སྒྲིག་ཞུས་པ་དང་། དེ་བཞིན་ཤེས་རིག་ལས་ཁུངས་ནས་གོ་རྟོགས་མང་པོ་སྤེལ་ཡོད། ད་དུང་ཡིན་ནའང་མང་ཚོགས་ཁྲོད་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུ་དང་། ལྷག་པར་ཤེས་ཡོན་སྲིད་བྱུས་འདི་ཉིད་སློབ་གྲྭ་ཁག་གི་ནང་ལག་བསྟར་གནང་ཡོད་པར་བརྟེན། སློབ་གྲྭ་ཁག་གི་ནང་ལག་བསྟར་ཇི་ལྟར་གནང་དགོས་པ། དངོས་སུ་ལག་བསྟར་གནང་བའི་སྐབས་དགེ་རྒན་རྣམ་པས་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་ཆ་ཚང་བྱུང་བའི་ཐོག་ནས་ལག་བསྟར་གནང་ཐུབ་པ་དགོས་ཀྱི་རེད་དྲན་བཞིན་འདུག ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་གསལ་པོ་མེད་ན། ལག་བསྟར་གནང་རྒྱུར་དཀའ་ངལ་འཕྲད་ངེས། ཤེས་ཡོན་སྲིད་བྱུས་སྐོར་དགེ་རྒན་རྣམ་པ་དང་སློབ་གྲྭའི་ལས་ཀྱི་སྣེ་མོ་བ་ཚང་མས་གསལ་པོ་མཁྱེན་པ་ཡིན་ན། གོ་རྟོགས་གསལ་པོ་ཡོང་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
སྤྱིར་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་སྐབས། བཀའ་ཁྲི་ཟུར་པ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ཀྱི་སྤྱི་ཡོངས་བྱེད་སྒོ་ལམ་སྟོན་སྐོར་དང་། མ་སུ་རི་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས་དང་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་ཤེས་ཡོན་ངོ་བོ་དང་ངོས་འཛིན་སྐོར། ཤེས་ལྷན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་མ་སུ་རི་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས་རྣམ་གཉིས་ཀྱིས་ཤེས་ཡོན་སྤྲོད་པའི་དགོས་དམིགས་སྐོར།
དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་མ་སུ་རི་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས་རྣམ་གཉིས་ཀྱིས་ཤེས་ཡོན་ཞིབ་འཇུག་གནང་ཕྱོགས་སྐོར། ཤེས་ལྷན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་དགེ་རྒན་དང་ཤེས་ཡོན་སྲིད་བྱུས་སྐོར་དང་། དགེ་རྒན་དབུས་བཞག་དང་སློབ་མ་དབུས་བཞག་སྐོར།
ཤེས་ཡོན་སྲིད་བྱུས་ལག་བསྟར་ལས་རིམ་བང་སྒྲིག་གནང་རྒྱུ། ཤེས་ཡོན་འགན་འཛིན་ཟུར་པ་རྒྱལ་མཚན་ལགས་ཀྱིས་ཕ་མའི་འགན་འཁུར་བཞེས་ཕྱོགས་དང་ཤེས་ཡོན་སྲིད་བྱུས་སྐོར།   ཤེས་ལྷན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་དགེ་རྒན་དང་ཤེས་ཡོན་སྲིད་བྱུས། སྐད་ཡིག་སློབ་ཁྲིད་རྩ་འཛིན་སྐོར་དང་། ཤེས་ཡོན་སྲིད་བྱུས་དང་མཐུན་པའི་བསླབ་གཞི་སོགས་ཀྱི་སྐོར་ཟབ་འཁྲིད་གནང་རྒྱུ་ཡིན་འདུག  ཐེངས་འདིར་ཟབ་སྦྱོང་སྐབས་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་རོགས་ཚོགས་  USAID ཡིན་འདུག་པ་བཅས།།

སྔོན་མ།
ཕྱི་ལོ་ ༢༠༡༨-༢༠༡༩ ལོའི་ཨ་རིའི་མཐོ་སློབ་སློབ་ཡོན་གྱི་མི་འགྲོ་གཏན་འབེབས་བྱུང་བའི་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ།
ཕྱི་མ།
རང་གི་རྒྱུན་སྤྱོད་ཀྱི་བསམ་བློ་དང་ལྷན་དུ་འགྲོ་མཁན་གྱི་སྐད་ཡིག་དེ་རང་སྐད་འཇོག་དགོས་པ་འདི་ཤེས་ཡོན་སྲིད་བྱུས་ཀྱི་གཞི་རིམ་ལྟ་གྲུབ་ཅིག་ཡིན།
Menu