ཤེས་ཡོན་སྲིད་བྱུས།

ཆེད་དུ་བརྗོད་པའི་གཏམ།

༡༽ མིང༌།

༄༅།། དུས་ཀྱི་འགྱུར་འགྲོས་དང་མཉམ་དུ་མིང་ཚིག་གི་གོ་དོན་ཡང་འགྱུར་འགྲོ་བ་ནི་སྒྲ་རྟོག་ཡུལ་ལ་དངོས་དབང་གིས་མི་འཇུག་པའི་དན་རྟགས་ཤིག་ལོས་ཡིན། བོད་དུ་ཡི་གེ་དང་བརྡ་དག་གི་རྣམ་གཞག་དར་བ་ནས་བཟུང་ལེགས་སྦྱར་སྐད་དུ་ “ཤིཀྵཱ་”ཞེས་པ་བོད་སྐད་དུ་“བསླབ་པ་” ཞེས་པར་བསྒྱུར་ཡོད། དེའང་དངོས་མིང་ལ་སྦྱར་སྐབས་བསླབ་པ་དང༌། བྱ་ཚིག་ལ་སྦྱར་སྐབས་བསླབ་+པའ་ཞེས་སྒྲ་གདངས་འདོན་ཚུལ་མི་འདྲ་བ་ཙམ་ལས་ཡི་གེའི་དག་ཆར་ཁྱདཔར་མེད། འདི་ནི་བོད་སྐད་ཀྱི་ཁྱད་ཆོས་ཀྱི་གྲས་ཤིག་སྟེ་དཔེར་ན་བཟའ་བ། བཟའ་+བའ། བཞོན་པ། བཞོན་+ པའ་ལྟ་བུ་ཇི་སྙེད་ཅིག་ཡོད། ཤིཀྵཱ་ལ་བསླབ་པ་དང༌། ཤིཀྵཱར྄ཐཱི་ལ་སློབ་མ། ཤིཀྵིཏ་ལ་བསླབ་ལྡན། ཤིཀྵཱནྟ་ལ་སློབ་པ་མཐའ། ཨཤཻཀྵ་ལ་མི་སློབ་པ་བཅས་སུ་བསྒྱུར་ཏེ་“སླ་”ཡི་བྱིངས་ལས་བྱ་བྱེད་དུས་གསུམ་ལ་ལྟོས་པའི་བསླབ་སློབ་སོགས་བརྡ་ཆད་ཀྱི་རྣམ་གཞག་གཏིང་ཚུགས་པ་བྱུང་ཞིང༌། དེའི་ཟླས་དྲངས་པའི་སློབ་དཔོན། སློབ་གྲྭ། སློབ་གཉེར། སློབ་ཚན། སློབ་དེབ་སོགས་རྗེས་འབྲེལ་གྱི་མིང་ཚིག་ཇི་དགོས་མི་ཕོངས་པ་ཡོད། འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུཐོག་མར་འབྱོར་སྐབས་དབྱིན་སྐད་ནས་བོད་སྐད་དུ་འགྱུར་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་པའི་གྲས་“Education”ལ་ “ཤེས་རིག་” ཅེས་བསྒྱུར་འགོ་ཚུགས་པ་ནས་བཟུང་རིམ་གྱིས་ངག་རྒྱུན་དུ་འཇགས་ཏེ་ “བསླབ་པའི་”ཚབ་ཏུ་“ཤེས་རིག་” ཅེས་པའི་ཚིག་བེད་སྤྱོད་ཀྱིས་ཧ་ལམ་ཐ་སྙད་གཏིང་ཚུགས་ཟིན། དེ་སྔོན་བོད་སྐད་ནང་ “ཤེས་རིག་” ཅེས་པའི་ཚིག་བློའམ་ཤེས་པ་ལ་འཇུག་ཅིང༌། མི་དེ་ཤེས་རིག་བཀྲ་བ་འདུག་ལྟ་བུ་ཡོངས་གྲགས་ངག་རྒྱུན་དུ་བརྗོད་སྲོལ་ཡོད། དེས་ན་ཤེས་རིག་སྲིད་བྱུས་ལ་བསླབ་པའི་སྲིད་བྱུས་ཞེསབརྗོད་ན་སྔོན་སྲོལ་དང་མཐུན་རུང༌། དེང་རབས་པ་རྣམས་ཀྱིས་ཚིག་མཐོ་དྲགས་པའི་ཀླན་ཀ་ཡོང་བར་དོགས་ཏེ། ཉེ་ཆར་བཙན་བྱོལ་བོད་མི་ན་གཞོན་རྣམས་ལ་གཞི་རིམ་སློབ་སྦྱོང་སྤྲོད་ཕྱོགས་ཀྱི་སྲིད་བྱུས་ཡིག་ཆ་འདི་གཏན་འབེབས་བྱེད་སྐབས་དེ་སྔོན་བེད་སྤྱོད་བྱེད་བཞིན་པའི་ “ཤེས་རིག་སྲིད་བྱུས་”ཞེས་པའི་ཚབ་ཏུ་ “ཤེས་ཡོན་སྲིད་བྱུས་” ཞེས་བཀོད་ཡོད། ཤེས་རིག་དང་ཤེས་ཡོན་ཞེས་པའི་ཚིག་གཉིས་དབར་ལེགས་ཉེས་ཀྱི་ཁྱད་པར་ཇི་ཡོད་མ་ངེས་ཀྱང༌། མདོ་དོན་ལེགས་སྦྱར་གྱི་ཤིཀྵཱ་དང་དབྱིན་སྐད་ཀྱི་“Education” ཞེས་པའིདོན་ལ་གོ་དགོས། ཆོས་ཀྱི་གྲགས་པས། སྒྲ་རྣམས་བརྗོད་འདོད་རྗེས་འབྲངས་ཕྱིར།། ཞེས་པ་ལྟར་སྨྲ་བ་པོའི་ཞེ་འདོད་དང༌། ཚིག་གི་ནུས་པས་གོང་གསལ་ལྟར་གོ་ནུས་པའི་རེ་བ་ཡོད།

༢༽ སྔོན་བྱུང༌།

ཕྱི་ལོ་བརྒྱ་ཕྲག་བདུན་པའི་ནང་བོད་ཀྱི་སྐད་ཡིག་རིག་པ་ཡར་རྒྱས་བྱུང་བ་ནས་བཟུང་འདས་པའི་ལོ་ ༡༣༠༠ ཙམ་གྱི་རིང་བོད་ནི་འཇིག་རྟེན་འདིའི་མི་རིགས་ཡོངས་ཀྱི་བྱུང་རབས་སུ་སྔར་མ་གྲགས་ཤིང༌། སུས་ཀྱང་འགྲན་དུ་མེད་པའི་རིག་གནས་སྤྱི་དང༌། ཁྱད་པར་ནང་དོན་རིག་པའི་ཡར་རྒྱས་དང་དར་ཁྱབ་ཀྱི་བསྟི་གནས་ཆེ་ཤོས་སུ་གྱུར་ཏེ། སྒྲ་སྒྱུར་དང་རྩོམ་རིག་གི་ལག་རྗེས་རླབས་ཆེན་བཞག་ཡོད་ཅིང༌། རྨད་དུ་བྱུང་བའི་མཁས་པའི་སྐྱེ་བོ་བགྲང་ལས་འདས་པ་ཞིག་བྱུང་ཡོད། བོད་ཀྱི་རྩོམ་ཡིག་གི་འབོར་དང༌། མཁས་པའི་གྲངས་དང་སྤུས་ཚད་བཅས་ལ་གཞིགས་ན་བོད་མི་ཡོངས་ལ་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་རྒྱ་ཁྱབ་ཏུ་ཡོད་པ་ལྟ་བུར་མངོན་ཡང༌། དོན་དུ་གཞུང་དང་སྒྲིག་འཛུགས་སོགས་ཀྱི་ངོས་ནས་ན་གཞོན་ཡོངས་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་པའི་སློབ་གྲྭ་སོགས་མེད་པ་མ་ཟད། གཞུང་གི་ངོས་ནས་ཡུལ་མིའི་ཤེས་ཡོན་སློབ་སྦྱོང་གི་སྲིད་བྱུས་སམ་འཆར་གཞི་ནི་མིང་ཙམ་ཡང་མ་གྲགས། གཙོ་ཆེར་གྲྭ་བཙུན་སྔགས་གསུམ་གྱི་ཆོས་སྡེ་ཁག་དང༌། མཁྱེན་ཡོན་ཅན་གྱི་སེར་སྐྱ་མང་པོའི་དྲིན་ལས་ཤེས་ཡོན་དོན་གཉེར་ཅན་རྣམས་ལ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའང་མེད། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བསྟན་པ་ལ་འཇུག་པའི་གོ་རིམ་དང་མཚུངས་པའི་སློབ་སྦྱོང་གི་ལམ་སྲོལ་རྨད་དུ་བྱུངབ་ཞིག་སྤྱི་ཚོགས་ནང་རང་གཤིས་སུ་གནས་མོད། ཨ་ནུའི་བུས། ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གྲུབ་མཐའ་གཞན་ཡང་ཡོད་ན་ཡང༌། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །ཞེས་གསུངས་པ་ལྟར་བོད་ཀྱི་སློབ་སྦྱོང་གི་སྲིད་བྱུས་སམ་ལམ་སྲོལ་འདི་ཡིན་ཞེས་གསལ་སྟོན་བྱས་པའི་གཞུང་ལུགས་སམ་ཡིག་ཆ་མི་རྙེད་ཅིང༌། ཉེ་བའི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ནང་ནུབ་གླིང་ནས་དར་ཞིང་ཤར་ནུབ་ཀྱི་ཡུལ་གྲུ་ཕལ་མོ་ཆེར་ཁྱབ་བརྡལ་དུ་སོང་བའི་དེང་རབས་ཀྱི་རིག་གནས་ཁག་དང་དེང་རབས་ཀྱི་སློབ་སྦྱོང་གི་ལམ་སྲོལ་གཉིས་ཀ་གངས་རིས་བསྐོར་བའི་ལྗོངས་སུ་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ཕྱེད་ཀྱི་བར་དྲི་མ་ཙམ་ཡང་མ་སླེབས་པར་གནས་ཐུབཔ་བྱུང་ཡོད། དེའི་དགེ་སྐྱོན་ནི་སྐྱེ་བོ་སོ་སོའི་མཐོང་ཚུལ་བསམ་ཚུལ་ལྟར་སྣ་ཚོགས་ཡོད་མོད། འདིར་དཔྱད་པ་སྐབས་སུ་མ་བབས།

༣༽ བར་སྐབས།

ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་མི་བཟད་པའི་དབང་གིས་བོད་ཀྱི་རྗེ་འབངས་འབུམ་ལ་ཉེ་བ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཙན་བྱོལ་དུ་ཡོང་དགོས་བྱུང་བའི་སྐབས་བོད་རིགས་ན་གཞོན་རྣམས་ལ་དེང་རབས་དང་སྲོལ་རྒྱུན་ཟུང་དུ་འབྲེལ་བའི་ཤེས་ཡོན་སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་རྒྱུའི་ཆེད་སྤྱི་ནོར་ྋགོངས་ྋསྐྱབས་མགོན་ཆེན་པོའི་ཐབས་མཁས་ཀྱི་མཛད་བྱུས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་གཏན་ཉིན་སློབ་གྲྭ་ཁག་མང་གསར་འཛུགས་ཐུབཔ་བྱུང༌། སྐབས་དེར་ཕྱི་ནང་གི་གནས་བབས་གང་ཅིའི་ཆ་ནས་གནས་ཡུལ་རྒྱལ་ཁབ་སོ་སོའི་སློབ་སྦྱོང་གི་ལམ་སྲོལ་དང་སྒྲོམ་གཞི་ལ་མ་བརྟེན་ཐབས་མེད་བྱུང་ཡོད་ནའང༌། སྒྲོམ་གཞི་དེའི་ནང་བོད་ཀྱི་སྐད་ཡིག་དང༌། བོད་ཀྱི་རིག་གནས་སྣེ་འཛོམས་སློབ་ཚན་དུ་ཚུད་ཐུབ་པ་མ་ཟད། དེང་རབས་ཀྱི་སྒྲོམ་གཞི་དང་མཐུན་པའི་སློབ་དེབ་གསར་བསྒྲིགས་དང༌། དགེ་རྒན་འོས་སྦྱོང་སོགས་གནས་དུས་དང་བསྟུན་པའི་ལས་དོན་མང་པོ་བརྩམས་ཏེ་གྲུབ་འབྲས་རླབས་ཆེན་ཐོན་ཡོད། རིམ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བརྟན་ལྷིང་སྲ་ཚུགས་བྱུང་བ་དང་བསྟུན་བོད་མིའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་དང་དགོས་མཁོར་འཚམས་པའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཚད་ལྡན་ཞིག་བསྐྲུན་རྒྱུ་དགོས་གལ་ཤིན་ཏུ་ཆེ་ཡང༌། ཐོག་མའི་ཛ་དྲག་གི་དུས་སྐབས་སུ་གཞན་གཡར་བྱས་པའི་ལམ་སྲོལ་ཆུ་ངན་ལམ་ཤོར་ལྟ་བུ་གོམས་གཤིས་སུ་འཇགས་ཏེ་དེ་ལས་གཞན་པའི་ལམ་སྲོལ་ཞིག་བསམ་ཞིབ་ལག་བསྟར་བྱ་དགོས་མཐོང་མ་ཐུབ་པའམ། མཐོང་ཡང་བྱེད་མ་ཕོད་པའི་དབང་གིས་མི་ལོ་བཅུ་ཕྲག་ཁ་ཤས་དེ་མུར་འདས། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་ནན་བསྟུད་གནང་འབྲས་སུ་བོད་ཕྲུག་ཁྱིམ་སྡེས་གཞི་རིམ་འཛིན་གྲྭ་དང་པོ་ནས་ལྔ་པའི་བར་སློབ་སྦྱོངགི་སྐད་ཡིག་བོད་སྐད་དུ་བསྒྱུར་བའི་རླབས་ཆེའི་བྱ་བ་ཞིག་བསྒྲུབས་ཐུབ་པ་བྱུང་ཡང༌། ཕྱི་ནང་གི་འགལ་རྐྱེན་དུ་མའི་དབང་གིས་འཛིན་རིམ་དྲུག་པ་ཡན་སློབ་སྦྱོང་གི་བརྒྱུད་ལམ་གཞན་སྐད་ལ་བརྟེན་དགོས་པའི་ཉམ་ངའི་གནས་ལས་ད་ལྟའང་གྲོལ་མ་ཐུབ། བོད་དུ་རྒྱ་དམར་གྱིས་བཙན་གནོན་དང༌། བཙན་བྱོལ་དུ་བོད་མིས་རང་འདོད་ཀྱིས་བོད་མིའི་སྐད་ཡིག་གི་རང་དབང་ཕལ་ཆེར་ཤོར་ཟིན། དེ་ཙམ་མ་ཟད་བོད་མི་རིགས་ཀྱི་བྱུང་རབས་སུ་མ་གྲགས་པའི་ན་གཞོན་ལས་མེད་ཅེས་པའི་སྤྱི་ཚོགས་ཀྱི་དཀའ་རྙོག་གསར་པ་ཞིག་ད་བར་ལག་བསྟར་བྱས་པའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ལ་བརྟེན་ནས་བསྐྲུན་ཡོད་ཀྱང༌། དེའི་སེལ་ཐབས་དེང་རབས་ཀྱི་ཤེས་ཡོན་ནས་མི་རྙེད། ད་བར་སློབ་ཕྲུག་ཁྲི་ཚོ་བརྒལ་བ་ཞིག་གཞི་རིམ་སློབ་གྲྭ་ཁག་ནས་ཐོན་ཟིན་ཡང༌། དེང་རབས་དང་སྲོལ་རྒྱུན་རིག་གནས་གང་གི་ཐོག་ཏུ་གཟེངས་ཐོན་གྱི་མཁས་དབང་གྲགས་ཅན་འདི་ཐོན་ངོས་འཛིན་དཀའ་བ་མ་ཟད། རིག་གཞུང་གི་ཤེས་ཚད་དང་བསམ་སྤྱོད་གང་གི་ཆ་ནས་བོད་མིའི་ཕུགས་འདུན་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་ཀྱི་སྲོལ་རྒྱུན་དང་ངོས་འཛིན་སྲུང་སྐྱོབ་ཀྱི་ལས་དོན་ཆེད་མེད་དུ་མི་རུང་བའི་གཟུར་གནས་རང་དབང་གི་རྣམ་དཔྱོད་བསྐྲུན་རྒྱུར་ད་ལྟའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་འདིས་རྔོ་མི་ཐོགས་པའི་ཤེས་རྟོགས་བོད་མིའི་སློབ་སྦྱོང་དང་འབྲེལ་ཡོད་མི་སྣ་མི་ཉུང་བ་ཞིག་ལ་བྱུང་ཡོད་པ་ལྟར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་པའི་སྐབས་སུ་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་ནང་“ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ་” ཞེས་གསལ་ཡོད་ཀྱང༌། གཅིག་ཏུ་ཡང་དག་པའི་ཐབས་ལམ་གཞན་གང་ཡིན་གསལ་རྟོགས་མེད་པ་དང༌། ལྷག་པར་ན་གཞོན་ཚོར་སློབ་སྦྱོང་སྤྲོད་པའི་དགོས་དམིགས་ནི་རང་གི་འཚོ་ཐབས་སུ་གཡོག་ལས་འཚོལ་རྒྱུ་ཉག་གཅིག་ཡིན་པར་ཨ་འཐས་སུ་འཛིན་པའི་དབང་གིས་ད་ལྟའི་ལམ་སྲོལ་ལ་འགྱུར་བ་ཕྲ་མོ་ཙམ་བཏང་ཚེ་འབྱུང་འགྱུར་མཐོ་སློབ་དང་གཡོག་ལས་ཀྱི་གོ་སྐབས་ལ་གནོད་དོགས་ཀྱི་འཇིགས་སྣང་ཁོ་ནས་བསམ་དཔྱོད་མ་ནུས་པར་རེ་ཞིག་ནར་འགྱངས་དང༌། ཕྱི་ལོ་ ༡༩༩༧ ལོར་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ཞིག་ཟུར་བཙུགས་ཀྱིས་ ༢༠༠༡ ཕྱི་ཟླ་ ༨ པའི་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཞེས་པའི་ཟིན་བྲིས་ཤིག་བཟོ་འགོད་གནང་འདུག་ཀྱང༌། དེ་ནི་ད་ཡོད་ཀྱི་སྒྲོམ་གཞིར་ཟུར་རྒྱན་ལེགས་བཅོས་ཙམ་ལས་གསར་བརྗེའི་རྣམ་པ་མ་མངོན།

༤༽ ད་ལྟ།

ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡ ཚེས་ ༢ ནས་ ༤ བར་དྷ་སར་ཤེས་རིག་ཚོགས་ཆེན་བཞི་པ་བསྐོང་ཚོགས་སྐབས་ཁོ་བོས་བཀའ་ཤག་གི་ཤེས་ཡོན་སྲིད་བྱུས་སྐོར་བསམ་ཚུལ་ཇི་ཡོད་གསལ་བཤད་ཞུས་པར་བགྲོ་གླེང་དང་དྲི་བ་དྲིས་ལན་ཞིབ་རྒྱས་བྱུང་རྗེས་ཚོགས་ཕེབས་པ་ཡོངས་ནས་བསམ་ཚུལ་དེར་སྤྱི་མོས་རྒྱབ་སྐྱོར་བྱུང༌། གསལ་བཤད་དེའི་ནང་ཆོས་ལུགས་ཁག་ནས་བསྟན་པའི་ནང་དོན་རིག་པའི་རྨང་གཞིའི་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོས་འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་འཇིག་རྟེན་སྤྱི་དང༌། ཁྱད་པར་བོད་མིའི་ཤེས་ཡོན་སྐོར་བཀའ་སློབ་སྔ་རྗེས་སུ་ཕེབས་པ་རྣམས་སྙིང་དོན་དུ་བཟུང༌། བདག་ཉིད་ཆེན་པོ་གནྡྷི་དང། ར་བིན྄དྲནཱཐཋཱཀུར། ཨརབིནྡགྷོཥ། ཇིདྡུ་ཀྲིཥ྄ནམུརྟི་སོགས་ཀྱི་དགོངས་ཚུལ་ནས་ལེགས་ཆ་བླངས། ཨ་རི་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ནས་ཆེས་དེང་རབས་ཀྱི་སློབ་སྦྱོང་རྩེ་མོར་སོན་རྗེས་དེའི་སྐྱོན་གནས་མཐོང་སྟེ་སྲོལ་རྒྱུན་ལ་ཞུགས་པའི་ན་གཞོན་མང་པོའི་བར་སྐབས་ཀྱི་ཚོད་བལྟའི་ལས་འགུལ་ཁག་གིས་ཟུར་བརྒྱན་ཏེ་མ་འོངས་བོད་དུ་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་སྐྲུན་པའི་ཐབས་སུ་འགྲོ་ངེས་པའི་ཤེས་ཡོན་གྱི་ལམ་སྲོལ། བོད་མིའི་དོན་དམ་གྱི་དགོས་མཁོ་དང་འཚམས་པ་ཞིག་ཡོང་བ་ལ་ཡན་ལག་གང་དང་གང་ཚང་དགོས་པའི་སྐོར་སྤྱི་སྒྲོམ་རགས་པ་ཞིག་ཞུས་ཡོད། དེར་མོས་མཐུན་བྱུང་དོན་བཞིན་ཕྱི་ལོ་ ༢༠༠༣ ནང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གཙོ་སྐྱོང་འོག་བོད་ཁྱིམ་དགེ་ཟུར་ཌོག་ཊོར་བུ་མོ་ཚེ་རིང་ཡེ་ཤེས། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ངག་དབང་རྡོ་རྗེ། རིགས་སློབ་དགེ་རྒན་བློ་བཟང་རིན་ཆེན། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཉམས་ཞིབ་ལས་བྱེད་ཆུང་ཚེ་རིང་བཅས་ལས་གྲུབ་པའི་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ཆེད་འཛུགས་བྱས་ཏེ་ཚོགས་ཆུང་གི་ཟིན་བྲིས་དང་པོ་འགོད་འབུལ་བྱུང་བར་བཀའ་ཤག་གིས་ཚིག་དོན་ཡོངས་ལ་ཞིབ་འཇུག་ནན་ཏན་དང་འབྲེལ་ཟིན་བྲིས་གཉིས་པ་གཏན་འབེབས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྡེ་ཚན་ཁག་དང༌། མཁས་པ་ཁག་བཅས་ལ་དགོངས་འཆར་སླད་རྒྱ་ཁྱབ་འགྲེམས་སྤེལ་དང༌། ཕྱི་ནང་མང་ཚོགས་ཡོངས་ཀྱིས་མཁྱེན་རྟོགས་སླད་དྲ་རྒྱའི་བརྒྱུད་ལམ་ཐོག་བཞག་པ་བཅས་ནས་དགོངས་འཆར་གང་འབྱོར་ཤེས་ལས་ནས་ཕྱོགས་བསྡོམས་ཀྱིས་འབྲེལ་ཡོད་རྣམས་ལ་ཁུངས་འབུལ་དང༌། ༢༠༠༤ ཕྱི་ཟླ་དང་པོར་རྒྱ་གར་གྱི་སྲོལ་རྒྱུན་དང༌། དེང་རབས་ཀྱི་ལམ་སྲོལ་ལ་མཁས་པའི་མཁས་དབང་རྣམས་ཀྱི་བགྲོ་གླེང་ཚོགས་འདུ་དང། ༢༠༠༤ ཕྱི་ཟླ་ ༢ པའི་ནང་དེཧརཱ་དུན་དུ་བོད་ཀྱི་མཁས་པ་དང་ཤེས་ཡོན་འཛིན་སྐྱོང་མི་སྣའི་བགྲོ་གླེང་ཚོགས་འདུ་གཉིས་བསྐོང་ཚོགས་བྱས་ཏེ་སྲིད་བྱུས་ཟིན་བྲིས་གཉིས་པ་དང༌། དགོངས་འཆར་འབྱོར་ཁག་བཅས་ཀྱི་ཐོག་བགྲོ་གླེང་ཟབ་རྒྱས་བྱས་རྗེས། དེ་དག་ཏུ་བྱུང་བའི་གལ་ཆེའི་དགོངས་འཆར་ཁག་ཕྱོགས་བསྡོམས་ཀྱིས་ཟིན་བྲིས་ཚོགས་ཆུང་གི་རགས་ཟིན་གསུམ་པར་སླར་ཡང་བཀའ་ཤག་གིས་ཞིབ་འཇུག་དང་འབྲེལ་ ༢༠༠༤ ཕྱི་ཟླ་ ༦ པའི་ནང་དེང་རབས་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་འབྱེད་ལམ་སྟོན་དང་སྦྲགས་གནང་སྟེ་སྐབས་དེར་བྱུང་བའི་དགོངས་འཆར་ཁག་ནས་ཀྱང་ལེགས་ཆ་བླང་འོས་བླངས་ཏེ་ཤེས་ཡོན་སྲིད་བྱུས་ཡིག་ཆ་གཏན་འབེབས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྤྱན་ཞུར་བསྟར་ཞིང༌། ༢༠༠༤ ཕྱི་ཟླ་ ༩ ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་ཚོགས་དུས་བརྒྱད་པར་གཏན་འབེབས་གནང་སླད་འབུལ་ལམ་ཞུས་པར། སྤྱི་ཡོངས་བགྲོ་གླེང་དང། ཚོགས་ཆུང་ཆ་བགོས་ཀྱིས་བསྐྱར་ཞིབ། ཚོགས་ཆུང་ཁག་གི་གྲུབ་དོན་སྙན་ཐོ་ལ་མཐའ་མའི་སྤྱི་ཡོངས་བགྲོ་གླེང་གིས་དོན་ཚན་རེ་ཟུང་ཐོག་མོས་ཤོག་བསྡུ་བཞེས་མཐར་བཟོ་བཅོས་གྲོས་འཆར་ཐོན་པ་རྣམས་བཟོ་བཅོས་གནང་རྗེས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གལ་ཆེའི་སྲིད་བྱུས་ཀྱི་རྩ་འཛིན་ཡིག་ཆ་འདི་བསྐྲུན་ཐུབ་པ་ནི་དེང་རབས་བོད་མིའི་ཤེས་ཡོན་གྱི་བྱུང་རབས་ནང་གལ་གནད་ཆེ་བའི་མཚམས་རྟགས་ཤིག་ཡིན། སྤྱི་སྲོལ་ལྟར་ན་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་སྲིད་བྱུས་ཀྱི་ཡིག་ཆ་འདི་རིགས་གྲོས་ཚོགས་སུ་སྙན་སྒྲོན་དང་ལམ་སྟོན་ཞུ་རྒྱུ་ཙམ་ལས། ཁྲིམས་སྒྲིག་ལྟར་དོན་ཚན་རེ་རེ་བཞིན་ནག་པོ་འབྲུ་བཤེར་གྱིས་བགྲོ་གླེང་དང་གཏན་འབེབས་གནང་དགོས་མ་མཆིས་མོད། ཟིན་བྲིས་ཐོག་བགྲོ་གླེང་སྐབས་མཁས་པའི་འདུན་སར་གཏོགས་པའི་མཁས་དབང་རེ་ཟུང་གིས་སྲིད་བྱུས་འདི་བཞིན་གྲོས་ཚོགས་ལྟ་བུ་ཞིག་ནས་བཀག་མ་ཐུབ་ན་འབྱུང་འགྱུར་བོད་མིའི་ཤེས་ཡོན་གྱི་མདུན་ལམ་ལ་གནོད་ཚབས་ཆེན་པོ་ཡོང་བའི་ཉེན་བརྡ་གཏོང་ཚུལ་ཐོས་སྐབས་ཡ་མཚན་ཞིང་ཡི་མུག་པ་ཞིག་བྱུང༌། གྲོས་ལ་མི་དབང་བ་ཞིག་གིས་གོང་སྨོས་ལྟར་བརྗོད་ཀྱང་མ་འཚམས་པ་མེད་རུང༌། འདུན་སར་སྤྱན་དྲངས་པའི་གྲོས་ལ་དབང་བ་རྣམས་ཀྱིས་རང་གི་དགོངས་ཚུལ་རྣམས་རིགས་པའི་སྒྲུབ་བྱེད་དང་བཅས་འདུན་སར་མ་གསུངས་པར་ལྐོག་ནས་གཞན་དག་རྦད་པའི་ངང་ཚུལ་འདི་ཡ་རབས་ཀྱི་བྱ་བར་གཏོགས་མིན་མ་འཚལ་ཞིང༌། ཨ་བུ་ཧྲལ་པོས། གཏམ་རྣམས་བྲག་ཅ་ལྟ་བུར་རྒྱལ་བས་གསུངས། །ད་ནི་བྲག་ཅ་ལས་ཀྱང་ཡང་ཅ་སྟེ། །ཁ་དང་དོན་དུ་མི་མཚུངས་བྲག་ཅའི་གཏམ། །སླུ་ཚིག་བྲག་ཅ་འདི་ལ་སུན་པ་སྐྱེད། །ཅེས་གསུངས་པ་ཐུགས་མད་སྙམ་པ་བྱུང༌། རྐྱེན་ངན་ལམ་ལོངས་ཀྱི་ཉམས་ལེན་དམན་རུང༌། རྐྱེན་ངན་གྲོགས་འཆར་དུ་སོང་སྟེ་སྲིད་བྱུས་འདིའི་གཞི་རིམ་གྱི་ལྟ་གྲུབ་གང་ལའང་མ་རེག་པར་འཕྲོས་ལག་རེ་ཟུང་ལ་བཅོས་སྒྲིག་མངོན་ཙམ་རེ་བྱས་ཏེ་ཟིན་བྲིས་སུ་གང་འཁོད་ལྟར་གྲོས་ཚོགས་ཀྱིས་དགོངས་མཐུན་གཏན་འབེབས་གནང་བ་འདིས་མང་གཙོའི་རིང་ལུགས་ལ་ངེས་པ་བསྐྱར་དུ་རྙེད་པ་ཞིག་བྱུང༌།

༥༽ ཕུགས་རེ།

སྲིད་བྱུས་དང་ལམ་སྲོལ་བཟང་པོ་ཇི་འདྲ་ཞིག་ཡིན་རུང་དངོས་དོན་མང་ཚོགས་སུ་ལག་བསྟར་ཐུབ་མིན་དང༌། ལམ་ལྷོང་ཡོང་མིན་ནི་ཕྱི་ནང་གི་མཐུན་རྐྱེན་དུ་མ་ཞིག་ཚོགས་པ་ལ་རག་ལུས་གཤིས། སྲིད་བྱུས་ལག་བསྟར་ཐུབ་པའི་ཐ་ཚིག་བསྒྲགས་མི་ནུས་མོད། བོད་རིགས་ཡོངས་ལ་འཕྲལ་ཡུན་ཀུན་དགེའི་ལམ་བཟང་ཞིག་ཡོད་བཞིན་དུ་བསམ་བརྗོད་མ་ནུས་པར་བསྡད་པ་ནི་དམ་པའི་སྤྱོད་པར་མ་མཐོང་བས་སྤྱི་བརྟོལ་བསྐྱེད་པ་ལགས་ཤིང༌། རང་ཉིད་ཀྱི་མི་ཚེའི་ནང་འབྲས་བཟང་མཐོང་མ་ཐུབ་ཀྱང༌། བྱུང་རབས་ལ་འགན་མ་ཁུར་བའི་གནོང་ཉེས་མེད་ཙམ་བྱུང་བས་ཚིམས། གཟུ་བོར་གནས་པའི་བློ་ལྡན་དེང་རབས་ཤན་སྟོབས་ཀྱིས་མ་བསླད་པ་རྣམས་ཀྱིས་ཕྱོགས་རེ་བ་དང་རགས་པ་རེ་ཙམ་མ་ཡིན་པར་ཡིག་ཆ་འདིའི་ཡོངས་སུ་རྫོགས་པའི་བརྗོད་བྱ་ལ་ཡང་དག་པའི་རིགས་པས་ལེགས་པར་དཔྱད་ན་ཡིད་ཆེས་ཁོང་ནས་འཛུམ་པའི་ངེས་ཤེས་ཤིག་རྙེད་པར་ཐེ་མི་ཚོམ་ཞིང༌། མདོ་དོན་རང་ལྟ་བྲལ་བའི་གཞན་ཟེར་རྗེས་འབྲངས་པ་རྣམས་ཀྱི་ལེགས་སོ་ཐོབ་མིན་ཇི་ལྟར་ཡང་རང་སྡེའི་རིགས་ལ་མངོན་ཞེན་འདོར་མ་ཕོད་པ་བདག་གིས་རང་ནུས་ཀྱི་སྲི་ཞུ་ཅུང་ཟད་འགྲུབ་སྙམ་གློ་བ་སིམ།

༦༽ དྲིན་དྲན།

ཁོ་བོར་གནའ་དེང་གི་ཤེས་ཡོན་གྱི་ལམ་སྲོལ་ཁག་ལ་ཅུང་ཟད་དཔྱོད་པའི་རྣམ་དཔྱོད་དང་གོ་སྐབས་གང་ཉིད་ཀྱི་དྲིན་ལས་རྙེད་པའི་ཡབ་རྗེ་ཆོས་ཀྱི་རྒྱལ་པོ། ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་ཤེས་ཡོན་སྲིད་བྱུས་འདིའི་ཟིན་བྲིས་དང༌། བགྲོ་གླེང་གི་ལས་རིམ་གྱི་ཐོག་མཐའ་བར་གསུམ་དུ་བརྩེ་བ་ཆེན་པོས་ལམ་སྟོན་ཡང་ཡང་གནང་བའི་བཀའ་དྲིན་གྱི་ཕུང་པོ་ནི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཞལ་བར་མི་ནུས། སྲིད་བྱུས་ཀྱི་ཡིག་ཆ་འདིའི་ཟིན་བྲིས་སྔ་ཕྱི་འགོད་པ་པོ་རྣམས་དང༌། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་མཁན་རྣམ་པ། ལྷག་པར་ཁོ་བོའི་རྣམ་རྟོག་གི་ཡོ་ལང་དེ་དག་གི་འཕེལ་རིམ་ལ་རྩལ་ལྡན་རྣམ་དཔྱོད་ཀྱིས་ཕན་གྲོགས་རྒྱུན་རིང་གནང་བའི་འཕགས་ཡུལ་གྱི་དྲན་དབང་མི་ཉུང་བ་ཞིག་བཞུགས་པ་དེ་དག་གི་བྱས་པ་དྲིན་དུ་ཚོར།

༧༽ མཐའ་དོན།

འདི་ལ་ད་ལྟ་དག་པ་མི་སྦྱིན་པའི་མཁས་བླུན་རྣམས་ཀྱིས་ཀྱང་རྟོན་བཞིའི་ལམ་ནས་ཞིབ་དཔྱོད་མཛད་ན་ཁྲོ་གཉེར་སངས་པའི་རེ་བ་དང༌། འཇིག་རྟེན་ཀུན་དགེའི་སྨོན་འདུན་བཅས་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་སྨྲས་པ་ཇཡ་ཇགཏ྄།། །།

ཤེས་ཡོན་སྲིད་བྱུས་གཏན་འབེབས་ཀྱི་བརྒྱུད་རིམ་ངོ་སྤྲོད།

༡༽ ཕྱི་ལོ་ ༡༩༩༡ ལོར་གཏན་འབེབས་བྱུང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང༌། ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ། ཞེས་གསལ་བས། ཤེས་ཡོན་གྱི་སྲིད་བྱུས་ཤིག་གཏན་འབེབས་དགོས་པ་བཅའ་ཁྲིམས་ཀྱི་དགོངས་དོན་ཡིན།
༢༽ ཕྱི་ལོ་ ༡༩༩༧ ལོར་བཀའ་ཤག་གི་བཀོད་ཁྱབ་ལམ་སྟོན་ལྟར། ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ཞིག་ཟུར་བཙུགས་ཀྱིས། དངོས་ཡོད་གནས་སྟངས་རྟོག་ཞིབ་དང་ཕྱི་ནང་མཁས་པ་ཁག་ནས་སློབ་སྟོན་ཞུ་ལེན་སོགས་སྔོན་འགྲོའི་ལས་རིམ་ཁག་ཅིག་བརྩམས་ཏེ། ཕྱི་ལོ་ ༢༠༠༡ ཟླ་ ༨ ནང༌། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས། ཞེས་པའི་བོད་དབྱིན་ཤན་སྦྱར་གྱི་ཟིན་བྲིས་ཡིག་ཆ་ཞིག་བཀའ་ཤག་ཏུ་ཕུལ།
༣༽ ཕྱི་ལོ་ ༢༠༠༡ ཟླ་ ༨ ནང་བཀའ་ཤག་རྙིང་པའི་ལས་དུས་དངོས་གཞི་གཙང་ཟིན་པ་དང༌། ཕྱི་ལོ་ ༢༠༠༡ ཟླ་ ༩ ནང་བཀའ་ཤག་གསར་པ་ཕེབས་པ་བཅས་ཀྱི་དུས་སྟབས་ཀྱིས་རྐྱེན། གོང་གསལ་ཟིན་བྲིས་ཡིག་ཆར་དུས་ཐོག་ཞིབ་འཇུག་དང་མཇུག་གནོན་མཛད་ཁོམས་མ་བྱུང་བར་ལུས།
༤༽ ཕྱི་ལོ་ ༢༠༠༢ ནང་བཀའ་ཤག་དང་ཤེས་རིག་ལས་ཁུངས་གཉིས་དབར་ཤེས་ཡོན་གྱི་སྲིད་བྱུས་གཏན་འབེབས་གནང་ལུས་སྐོར་གླེང་བསྡུར་ཐེངས་འགའ་བྱུང་འབྲས་སུ། བཀའ་ཤག་གསར་པའི་དགོངས་གཞིར་ཡོད་པའི་ཤེས་ཡོན་གྱི་སྲིད་བྱུས་དང༌། དེ་སྔོན་ཟིན་བྲིས་ཚོགས་ཆུང་གིས་ཕུལ་བའི་ཡིག་ཆའི་ནང་དོན་གཉིས་ལ་གཞི་རྩའི་ཁ་ཕྱོགས་དང་གནད་དོན་ཆེ་ཁག་འགའ་ཤས་ཐོག་ཁྱད་པར་བྱུང་བ་ལ་བརྟེན་ནས། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ཤེས་ཡོན་གྱི་སྲིད་བྱུས་ཤིག་གཏན་འབེབས་དགོས་ཚེ། ཟིན་བྲིས་རྙིང་པར་བསྐྱར་ཞིབ་དང་བཟོ་བཅོས་མི་དགོས་པར་ཟིན་བྲིས་གསར་པ་ཞིག་བཟོ་འགོད་དགོས་པའི་གནས་སྟངས་ངོ་འཕྲོད་བྱུང༌།
༥༽ ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༢ ནས་ཚེས་ ༤ བར་རྡ་རམ་ས་ལར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་བསྐྱངས་པའི་སར་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་དགོངས་གཞིར་ཤེས་ཡོན་གྱི་སྲིད་བྱུས་དང་ལམ་ལུགས་ཀྱི་སྒྲོམ་གཞི་ཇི་འདྲ་ཞིག་ཡོད་མེད་སྐོར་གསུང་བཤད་རྒྱས་ཞིབ་དང༌། བགྲོ་གླེང༌། དྲི་ལན་བཅས་བྱུང༌། ཚོགས་ཆེན་དེ་ཐོག་ནས་བཀའ་ཤག་གི་ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞི་དེར་སྤྱི་མོས་རྒྱབ་སྐྱོར་ཡང་བྱུང༌།
༦༽ ཕྱི་ལོ་ ༢༠༠༣ ཟླ་ ༧ ཚེས་ ༦ ཉིན་བཀའ་ཤག་གིས་ཤེས་ཡོན་གྱི་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གསར་པ་(ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཚོགས་གཙོ་དང༌། ཚོགས་མི་བོད་ཁྱིམ་དགེ་ཟུར་ཌོག་ཊར་བུ་མོ་ཚེ་རིང་ཡེ་ཤེས། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ངག་དབང་རྡོ་རྗེ། རིགས་སློབ་དགེ་རྒན་བློ་བཟང་རིན་ཆེན། ཤེས་རིག་ལས་ཁུངས་ཤེས་ཡོན་ཉམས་ཞིབ་ལས་བྱེད་ཆུང་ཚེ་རིང་བཅས་ཡིན།)ཞིག་བསྐོ་གཞག་དང་འབྲེལ། ཚོགས་ཆུང་དེར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་ཐོག་བཀའ་ཤག་གི་གསུང་བཤད་ལམ་སྟོན་གཞི་རྩར་བཟུང་བའི་ཤེས་ཡོན་གྱི་སྲིད་བྱུས་ཟིན་བྲིས་ཤིག་གང་མྱུར་འགོད་དགོས་བཀོད་ཁྱབ་གནང༌།
༧༽ ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༢༠ ཉིན་ཤེས་ཡོན་གྱི་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གིས་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་དང་པོ་ཟུར་རྒྱན་དང་བཅས་པ་ཞིག་བཀའ་ཤག་ཏུ་ཕུལ།
༨༽ ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༡༣ བཀའ་ཤག་གིས་རགས་ཟིན་དང་པོར་དགོངས་ཞིབ་བཀའ་བཅོས་དང་འབྲེལ་རགས་ཟིན་གཉིས་པ་གཏན་འབེབས་གནང་སྟེ། ཤེས་རིག་ལས་ཁུངས་བརྒྱུད་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་དང༌། རིས་མེད་ཆོས་བརྒྱུད་ཁག་གི་མ་དགོན་རྣམས་དང་བཤད་གྲྭ་ཅན་གྱི་དགོན་སྡེ་གཞན་ཁག མཐོ་རིམ་སློབ་ཁང་ཁག ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ། བཀའ་ཟུར་རྣམ་པ། སྤྱི་འཐུས་རྣམ་པ། གཞུང་གི་ལས་ཁུངས་ཁག ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག ས་གནས་འགོ་འཛིན་ལས་ཁང་ཁག ས་གནས་གྲོས་ཚོགས་ཁག རྒྱ་གར་དང་ཕྱི་རྒྱལ་ཡུལ་ཁག་ཏུ་བཞུགས་པའི་བོད་ཀྱི་མཁས་པ་སྒེར་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་བཅས་ལ་འགྲེམས་སྤེལ་དང༌། དོན་གཉེར་ཅན་གྱི་ཕྱི་ནང་མང་ཚོགས་སྤྱི་བྱིངས་ཀྱི་ཤེས་རྟོགས་སླད་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱའི་ནང་སྲིད་བྱུས་ཟིན་བྲིས་ཡིག་ཆ་བོད་ཨིན་གཉིས་ཐོག་བཞག་པའི་སྒོ་ནས་ཁྱབ་འགྲེམས་རྒྱ་གང་ཆེ་བྱས།
༩༽ ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༡༥ ནང་ཚུད་ཤེས་རིག་ལས་ཁུངས་ཀྱིས་གོང་དུ་ཡིག་ཆ་འགྲེམས་སྤེལ་སོང་ཡུལ་ཚོགས་སྒེར་ཁག་ནས་བསམ་ཚུལ་ཇི་འབྱོར་ཕྱོགས་བསྡོམས་བྱས་ཏེ་བཀའ་ཤག་དང༌། ཟིན་བྲིས་ཚོགས་ཆུང༌། བོད་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་བཅས་སུ་ཕུལ།
༡༠༽ ཕྱི་ལོ་ ༢༠༠༤ ཟླ་ ༡ ཚེས་ ༡༦ ནས་ ༡༧ བར་ལྡི་ལིར་རྒྱ་གར་གྱི་མཁས་པའི་བགྲོ་གླེང་ཚོགས་འདུ་དང༌། ཕྱི་ལོ་ ༢༠༠༤ ཟླ་ ༢ ཚེས་ ༧ ནས་ ༨ བར་ཌེ་ར་ཌུན་དུ་བོད་ཀྱི་མཁས་པ་དང་ཤེས་ཡོན་འཛིན་སྐྱོང་མི་སྣའི་བགྲོ་གླེང་ཚོགས་འདུ་གཉིས་སྐོང་འཚོགས་བྱས་པའི་གཙོ་སྐྱོང་དུ་བཀའ་བློན་ཁྲི་པ་མཆོག་དང་ཆོས་ཤེས་བཀའ་བློན་རྣམ་གཉིས་ངོ་ཕེབས་གནང་སྟེ་ཤེས་ཡོན་སྲིད་བྱུས་ཀྱི་ངོ་སྤྲོད་དང༌། སྲིད་བྱུས་རགས་ཟིན་གྱི་ནང་དོན་སྤྱི་དང༌། བྱེ་བྲག་གཞི་རིམ་ཤེས་ཡོན་གྱི་སྒྲོམ་གཞི་དང༌། ལམ་སྲོལ། སྦྱང་བྱའི་སློབ་ཚན་བཅས་དོན་ཚན་གསུམ་ཐོག་བགྲོ་གླེང་ཟབ་སྨིན་བྱུང༌།
༡༡༽ ཕྱི་ལོ་ ༢༠༠༤ ཟླ་ ༤།༥ ནང་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གིས་གོང་གསལ་མཁས་པའི་ཚོགས་འདུ་ཁག་གཉིས་ལས་བྱུང་བའི་ལམ་སྟོན་དང་མང་ཚོགས་ཀྱི་བསམ་ཚུལ་ཕྱོགས་བསྡོམས་བཅས་ལ་བསམ་གཞིགས་ཀྱིས་རགས་ཟིན་གཉིས་པའི་ནང་དོན་ཁག་ལ་སྣོན་འཕྲི་དང་བཟོ་བཅོས་བྱ་སྒོ་ཇི་ཡོད་བྱས་ཏེ། སྲིད་བྱུས་ཀྱི་རགས་ཟིན་གསུམ་པ་བཀའ་ཤག་ཏུ་ཕུལ།།
༡༢༽ ཕྱི་ལོ་ ༢༠༠༤ ཟླ་ ༦ ནང་བཀའ་ཤག་གིས་རགས་ཟིན་གསུམ་པར་བཀའ་བཅོས་གནང་འོས་གནང་ཐོག སྲིད་བྱུས་རགས་ཟིན་གྱི་ཨིན་བསྒྱུར་ལ་བསྐྱར་ཞིབ་དང་ལེགས་བཅོས་གནང་སྒོ་ཁག་གནང༌།
༡༣༽ ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༢༨ ནས་ ༢༩ བར་བཞུགས་དྷ་རམ་ས་ལར་དེང་རབས་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་འཚོགས་བྱས་པའི་སར་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་གསུམ་པ་འགྲེམས་སྤེལ་བྱས་ཏེ། བགྲོ་གླེང་ཚོགས་འདུ་སྔ་མ་གཉིས་ཀྱི་སྐབས་ལྟར་ངོ་སྤྲོད་དང་བགྲོ་གླེང་གི་ལས་རིམ་ཟབ་སྨིན་བྱུང༌། ལྷག་པར་ཚོགས་འདུ་གསུམ་པ་འདིའི་འགོ་འཛུགས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཐེག་ཆེན་ཆོས་གླིང་ཕོ་བྲང་དུ་བསྐྱངས་ཤིང༌། སྐབས་དེར་ཤེས་ཡོན་སྲིད་བྱུས་བཟོ་འགོད་ཀྱི་ལས་གཞིའི་ངོ་སྤྲོད་གསུང་བཤད་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་བཀའ་སློབ། བགྲོ་གླེང་གནད་བསྡུས་བཅས་ཀྱི་སྐལ་བཟང་བྱུང༌།
༡༤༽ ཕྱི་ལོ་ ༢༠༠༤ ཟླ་ ༧ ནང་བཀའ་ཤག་གིས་གོང་གསལ་མཁས་པའིབགྲོ་གླེང་ཚོགས་འདུ་གསུམ་པའི་ཐོག་བྱུང་བའི་ལམ་སྟོན་དང་དགོངས་ཚུལ་ཁག་ལ་དགོངས་དཔྱད་ཀྱིས་རགས་ཟིན་གསུམ་པར་བསྐྱར་ཞིབ་ཡང་ཞིབ་དང་འབྲེལ་སྣོན་འཕྲི་དང་བཟོ་བཅོས་གནང་སྒོ་ཇི་ཡོད་གནང་སྟེ། སྲིད་བྱུས་ཀྱི་རགས་ཟིན་མཐའ་མ་གཏན་འཁེལ་གནང༌།
༡༥༽ ཕྱི་ལོ་ ༢༠༠༤ ཟླ་ ༧ ཚེས་ ༢༧ ཉིན་བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་མཐའ་མ་གཏན་འབེབས་གནང་སྟེ། ཕྱི་ལོ་ ༢༠༠༤ ཟླ་ ༩ ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་འགྲེམས་འབུལ་གནང་བར་སྤྱི་འཐུས་ལྷན་ཚོགས་ནས་བགྲོ་གླེང་ཞིབ་རྒྱས་དང་བཅས་སྣོན་འཕྲི་ཅུང་ཟད་གནང་སྟེ་སྤྱི་མོས་ཐོག་གཏན་ལ་ཕབ་པ་བཅས།

བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས།