ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གིས་སམ་བྷོ་ཊའི་སློབ་གྲྭའི་དགེ་སློབ་རྣམས་ལ་གསུང་བཤད་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བདེ་སྐྱིད་གླིང་ས་གནས་སམ་བྷོ་ཊའི་སློབ་གྲྭར་འཚམས་གཟིགས་དང་འབྲེལ་དགེ་སློབ་རྣམས་ལ་གསུང་བཤད་གནང་འདུག
དེ་ཡང་ཐོག་མར་བཀའ་བློན་མཆོག་གིས་གཙོས་དགེ་སློབ་རྣམས་སློབ་གྲྭའི་ཚོགས་ཁང་ནང་ལྷན་འཛོམས་ཐོག་སློབ་གྲྭའི་འགན་འཛིན་གྱིས་འཚམས་འདྲི་དང་ལྷན་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོག་སྦྱང་གནང་བ་དང་། བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ངས་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ། དགེ་སློབ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གཞི་རིམ་གྱི་སློབ་ཕྲུག་ཚོར་དགེ་རྒན་རྣམ་པས་སློབ་ཕྲུག་གི་སེམས་ཁམས་དང་མཐུན་པའི་ཐོག་ནས་ཤེས་ཡོན་སྤྲོད་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་སློབ་ཕྲུག་ཚོར་བོད་མཐོ་སྒང་གི་གངས་རི་དང་རྩ་ཆེན་དགོན་སྡེ་ཁག་ངོ་སྤྲོད་གནང་དགོས་པ་མ་ཟད། གཙོ་ཆེ་སློབ་ཕྲུག་ཚོར་ཤེས་ཡོན་གྱིས་མཚོན་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་ཡག་པོ་ཞིག་སྤྲོད་ཐབས་ལ་སྔར་ལྷག་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། ཕྱོགས་མཚུངས་སློབ་ཕྲུག་ཚོས་ཀྱང་མི་ཡ་རབས་ཚུལ་ལྡན་ཞིག་བྱེད་དགོས།
མདོར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཕ་མའི་དྲིན་ལན་གསོབ་དགོས་བསམ་ན། སློབ་སྦྱོང་ལ་སྦྱང་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོ་སློབ་སྦྱོང་ཡག་པོ་ཞིག་དང་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་ཡོང་ཆེེད་སློབ་གྲྭ་ཟུར་འཛུགས་བྱས་ཡོད། ལྷག་པར་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱས་ཏེ་མ་འོངས་པར་སོ་སོར་ཕན་པ་ཙམ་མ་ཟད། ཕ་མ་དང་བོད་མི་རིགས་ལ་ཕན་ཐོགས་པ་ཞིག་བྱེད་འདོད་ཡོད་ན། ད་ལྟ་ནས་འགོ་བཙུགས་ཏེ་སློབ་སྦྱོང་ཐོག་ཉིན་མཚན་དབྱེར་མེད་དཀའ་ལས་བརྒྱབ་སྟེ་སྦྱང་བརྩོན་བྱེད་དགོས། དེ་བཞིན་བོད་ཡིག་ཐོག་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་ཡང་འབད་བརྩོན་བྱེད་དགོས། གང་ལྟར་ང་ཚོའི་སློབ་ཕྲུག་ཚོས་ཚད་ལྡན་གྱི་འདབ་གཤོག་གཉིས་ལྡན་ཞིག་ཆགས་རྒྱུར་སེམས་ཤུགས་སྐྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་སློབ་གྲྭའི་སྡེ་ཚན་ཁག་ཏུ་འཚམས་གཟིགས་གནང་ཡོད། དེ་བཞིན་བཀའ་བློན་མཆོག་གིས་ཕྱི་དྲོ་ཆུ་ཚོད་ ༥ ཐོག་བདེ་སྐྱིད་གླིང་ས་གནས་མི་མང་ལ་ཡང་གསུང་བཤད་གནང་འདུག

སྔོན་མ།
ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་དང་སྟབས་བསྟུན་ལས་བསྡོམས་སྙིང་བསྡུས་སུ་སྙན་སེང་ཞུས་པ་གཤམ་གསལ།
ཕྱི་མ།
འཛིན་གྲྭ་གསུམ་པ་དང་ལྔ་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་དང་གཏན་འབེབས་ཀྱི་ཚོགས་འདུ།
Menu