ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་བྷན་ད་རཱ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༡ ནས་ ༢༤ བར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བྷན་ད་རཱ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་།
དེ་ཡང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་རཱཡ་པུར་མེ་འཁོར་འབབ་ཚུགས་སུ་ཕེབས་འབྱོར་སྐབས་ནོར་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་གྱིས་ཕེབས་བསུ་ཞུས་ཏེ་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་བྷན་ད་རཱ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འབྱོར་སྐབས་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད། སེར་སྐྱ་མང་ཚོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག ཕྱི་ཚེས་ ༢༢ ཉིན་བཀའ་བློན་མཆོག་ས་གནས་ཉིན་སློབ་ཏུ་འཚམས་གཟིགས་གནང་སྐབས་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས་སློབ་གྲྭའི་སྔ་དྲོའི་འདུ་འཛོམས་འགོ་འཛུགས་ཀྱིས་རིགས་ལམ་རྟགས་གསལ་དང་། ལུས་སྦྱོང་། གཞས་སྣ་འཁྲབ་སྟོན་ཞུས་གྲུབ་མཚམས་བཀའ་བློན་མཆོག་གིས་དགེ་ལས་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གལ་གནད་སྐོར་དང་། སློབ་ཕྲུག་དབར་མཐུན་ལམ་བྱེད་དགོས་སྐོར། ལྷག་པར་རྒྱ་གར་དགེ་རྒན་དང་ལས་བྱེད་རྣམས་ནས་ད་བར་བོད་ཕྲུག་རྣམས་ལ་སློབ་ཁྲིད་གང་ལེགས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་བཀའ་བློན་མཆོག་དང་དགེ་ལས་རྣམས་ཟུར་དུ་ཚོགས་འདུ་ཚོགས་གནང་གྲུབ་བསྟུན་གཞིས་གྲོང་སོ་སོའི་སྔོན་འགྲོ་དང་བུ་བཅོལ་ཁང་ལ་འཚམས་གཟིགས་གནང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ས་གནས་ཀྱི་ལས་ཁུངས་ཁག་དང་། དགོན་སྡེ་ཁག རྒན་གསོ་ཁང་། སྨན་ཁང་། གཞིས་གྲོང་བཅས་སུ་འཚམས་གཟིགས་གནང་། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་གཞིས་གྲོང་གཉིས་པའི་སྤྱི་ཁང་དུ་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་ཚོགས་མི། ལས་བྱེད་ལྷན་བཞུགས་མོལ་ཚོགས་འདུ་དང་། ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་སེར་བྱེས་ཡན་ལག་ཐེག་ཆེན་གླིང་དགོན་པའི་མདུན་ཐང་དུ་མི་མང་འདུ་འཛོམས་ཀྱི་ཚོགས་ཆེན་ཐོག་ས་གནས་འགོ་འཛིན་གྱིས་འཚམས་འདྲིའི་གསུང་བཤད་དང་ལྷན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་ཞུས།
དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་སྐབས་ ༡༤ པའི་བཀའ་ཤག་གིས་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ཡིན་སྐོར་དང་། ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྐོར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་སྐོར། ད་ལྟའི་བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་ཐོག་གྲུབ་འབྲས་ཇི་ཐོན་སྐོར་སོགས་གསུང་བཤད་གནང་རྗེས་མང་ཚོགས་ཀྱིས་དྲི་བར་ལན་འདེབས་གནང་། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ ༧ ཐོག་ནཱག་པུར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་ཡོད། །

སྔོན་མ།
ཤེས་རིག་བཀའ་བློན་མཆོག་མེན་པཱཊ་གཞིས་ཆགས་སུ་ཕྱོགས་ཕེབས་གནང་།
ཕྱི་མ།
དགའ་ལྡན་ཕོ་བྲང་གཟེངས་རྟགས་གནང་བ།