ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་བཞུགས་སྒར་རྡ་སའི་ཉེ་ཁུལ་བོད་སློབ་ཁག་ཏུ་གཟིགས་སྐོར་གནང་འགོ་བཙུགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་བཞུགས་སྒར་རྡ་སའི་ཉེ་ཁུལ་བོད་སློབ་ཁག་ཏུ་འཚམས་གཟིགས་ཕེབས་འགོ་བཙུགས་ཡོད་པ་ལྟར། དེ་རིང་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཡོད་པ་རེད།

དེ་ཡང་ཐོག་མར་དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ལ་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་ཕེབས་སྐབས་སློབ་གྲྭའི་ངེས་སྟོན་པ་སྐལ་བཟང་ཕུན་ཚོགས་ལགས་དང་། སློབ་སྤྱི་ཀརྨ་ཤེས་རབ་མཐར་ཕྱིན་ལགས། དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་རྗེས་སློབ་གྲྭའི་འཛིན་སྐྱོང་ལས་བྱེད་ལྷན་ཚོགས་འདུ་དང་། དེ་ནས་སློབ་གྲྭའི་འཛིན་ཁང་སོ་སོར་གཟིགས་སྐོར་དུ་ཕེབས་ཏེ་དགེ་རྒན་དང་སློབ་ཕྲུག་ལྷན་ཐུག་འཕྲད་གནང་ཡོད།

དེ་རྗེས་བཀའ་བློན་མཆོག་ནས་སློབ་གྲྭའི་ཚོགས་ཁང་དུ་འཛིན་རིམ་བདུན་ཡན་གྱི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཞིང་། སྐབས་དེར་ཁོང་མོས་བོད་ཀྱི་སྐད་ཡིག་གི་གལ་གནད་དང་གཅེས་འཛིན་གནང་ཐབས། དེ་བཞིན་སློབ་ཕྲུག་སོ་སོས་རང་གི་རྣམ་དཔྱོད་དང་ནུས་པ་བཀོལ་སྤྱོད་བཏང་སྟེ་རང་ཉིད་ཡར་རྒྱས་གཏོང་དགོས་སྐོར། དེ་དང་འབྲེལ་ཏེ་སློབ་ཕྲུག་ཚོས་དགེ་རྒན་ལྷན་དུ་འཚེར་སྣང་མེད་པའི་ཐོག་ནས་བཀའ་འདྲི་ལམ་སྟོན་ཞུ་དགོས་པའི་ཁར། སློབ་གྲྭའི་སྒྲིག་ལམ་བརྩི་སྲུང་དང་། རང་ཁྲིམས་རང་ཁུར། ཆུང་བར་བརྙས་བཅོས་བྱེད་མི་ཉན་པ་སོགས་ཀྱི་སྐོར་ལམ་སྟོན་གནང་ཡོད་པ་རེད།

ཉིན་རྒྱབ་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་དགེ་རྒ་ལས་བྱེད་ལྷན་དུ་ལོགས་སུ་འཛོམས་ཏེ་བཀའ་མོལ་ལྷུག་པོ་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་ཚུད་པར་སྔོན་འགྲོའི་ཡིག་རྒྱུགས་འགོ་འཛུགས་གནང་བ།
ཕྱི་མ།
དགེ་སློབ་རྩོམ་འབྲི་ཐེངས་བརྒྱད་པའི་གསལ་བསྒྲགས།
Menu