ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་དང་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ་དང་། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ཡོད།

དེ་ཡང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་ཕེབས་སྐབས་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། དགེ་ཆེ་ལས་རོགས་བསྟན་འཛིན་དོན་གྲུབ་ལགས། དགེ་ལས་སློབ་ཕྲུག དེ་བཞིན་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་ཀརྨ་རྣམ་རྒྱལ་ལགས། སྦིར་སྡེ་དགེ་ས་གནས་འགོ་འཛིན་དཀོན་མཆོག་ལྷ་མོ་ལགས། སྦིར་ནང་ཆེན་ས་གནས་འགོ་འཛིན་མེ་རི་སྐྱབས་ལགས། སྦིར་སྡེ་དགེའི་ས་འཐུས་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས།  རང་བདེན་ཚོགས་ཆུང་གི་སྐུ་ཚབ་དང་ས་གནས་བུད་མེད་ལྷན་ཚོགས་ནས་ཕེབས་བསུ་ཞུས་ཡོད།

ཐོག་མར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སློབ་གྲྭའི་ཁྱིམ་ཚང་དང་། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ དཔེ་མཛོད་ཁང་། སྨན་ཁང་སོགས་སུ་གཟིགས་སྐོར་དང་། དེ་རྗེས་སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་གྱི་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད་གནང་། སྐབས་དེར་བཀའ་བློན་མཆོག་ནས་བོད་ཕྲུག་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་ཡིན་པས་རང་ཉིད་ལ་འགན་ཡོད་པའི་ཐོག་ནས་ཤེས་ཡོན་ལ་སྦྱང་བརྩོན་གྱིས་མ་འོངས་པར་གྲུབ་འབྲས་ཐོན་པ་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། བཙན་བྱོལ་བོད་མི་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་བཟང་པོ་ཐོབ་པ་འདི་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་པས། བཀའ་དྲིན་བསམ་ཤེས་དགོས་གལ་ཆེན་པོ་ཡིན་པ་གསུངས།

དེ་བཞིན་ཁོང་གིས་སློབ་ཕྲུག་འཛིན་རིམ་བདུན་པ་ཡན་ནས་མ་འོངས་པའི་དམིགས་ཡུལ་བཟུང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེའི་ཐོག་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་རྣམས་ནས་ལམ་སྟོན་ཞུ་དགོས་པ་སོགས་ཀྱི་སྐོར་ལམ་སྟོན་གནང་རྗེས་བཀའ་བློན་མཆོག་གིས་སློབ་གྲྭའི་དགེ་རྒན་ལས་བྱེད་ལྷན་མཇལ་མོལ་གནང་སྟེ་དགེ་རྒན་གྱི་རིན་ཐང་དང་། ལས་འགན་སོགས་ཀྱི་སྐོར་ལམ་སྟོན་གསུང་བཤད་གནང་ཡོད།

ཉིན་རྒྱབ་ཤེས་རིག་བཀའ་བློན་མཆོག་ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ཏེ་དགེ་ལས་སློབ་ཕྲུག་ལྷན་མཇལ་མོལ་གྱིས་ལམ་སྟོན་གསུང་བཤད་གནང་ཡོད་པ་བཅས།།

སྔོན་མ།
དགེ་སློབ་རྩོམ་འབྲི་ཐེངས་བརྒྱད་པའི་གསལ་བསྒྲགས།
ཕྱི་མ།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ནང་དགེ་རྒན་གསུམ་གྱི་ས་མིག་གསལ་བསྒྲགས།
Menu