༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཀྲོག་ཀྱོ་ཀོ་མ་བྷ་(Tokyo Komaba) གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གླིང་དུ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་གཏན་སློབ་ནི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་འཆར་གཞི་ངན་པ་ཞིག་ཡིན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། གསུང་བཤད་ལས་རིམ་དེ་བཞིན་ཉི་འོང་སྐུ་ཚབ་དོན་ཁང་དང་། ཉི་ཧོང་བོད་སྐྱོབ་ཚོགས་པ་ (Save Tibet Network) གཉིས་ནས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་གོ་སྒྲིག་ཞུས་ཡོད་པ་རེད།
ཉི་ཧོང་བོད་སྐྱོབ་ཚོགས་པའི་ཚོགས་གཙོ་མ་ཁི་ནི་སེ་སུ་ (Makino Seishu) ལགས་ཀྱིས་སྐུ་མགྲོན་དང་། གསུང་བཤད་པ། སློབ་ཕྲུག། ཚོགས་བཅར་བ་རྣམས་ལ་དགའ་བསུ་ཞུས་ཏེ། ཚོགས་འདུ་འདིའི་གལ་ཆེའི་རང་བཞིན་དང་། རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག ཆོས་ལུགས། རིག་གཞུང་རྩ་མེད་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ད་དུང་རྒྱ་ནག་ནང་འགྱུར་བ་གཏོང་རྒྱུར་འཛམ་གླིང་ལ་འགྱུར་བ་གཏོང་དགོས་པ་དང་། དེ་ལྟར་བྱུང་ན་རྒྱ་ནག་གཞུང་གིས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་དབང་ཡོད་ཤོད་པའི་དཀའ་ངལ་ཐམས་ཅད་སེལ་ཐུབ་རྒྱུ་ཡིན་པར་གསུངས། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གྱི་གཏན་སློབ་བརྒྱུད་ནས་བཙན་བཟུང་བྱས་པའི་ས་ཁུལ་ཁག་གི་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་ཀྱི་འཇིགས་སུ་རུང་བའི་རང་བཞིན་སྐོར་ལ་གསལ་བཤད་གནང་ཡོད་པ་རེད།
ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་གྲོས་ཚོགས་འཐུས་མི་ཨི་ཤི་མེ་ཙོག་ (Ishii Mitsuko) ལགས་ནས་བོད་དང་གཞན་ཡང་བཙན་བཟུང་འོག་ཡོད་པའི་མི་རིགས་རྣམས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་ལུགས་དང་། ཉི་འོང་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་ཕྲུ་གུ་ཚོར་རང་གི་སྐད་ཡིག་དང་། རིག་གཞུང་གི་སློབ་སྦྱོང་སྤྲོད་མཚམས་འཇོག་པའི་སྲིད་བྱུས་ངན་པ་འདི་མཚམས་འཇོག་ཡོང་ཐབས་སུ་ལས་དོན་སྒྲུབ་རྒྱུ་ཡིན་ལུགས་གསུངས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཚོགས་འདུར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བ་རྣམས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཕྱི་ལོ ༡༩༥༠ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་ཀྱི་ངོ་བོ་དང་། སྐད་ཡིག ཆོས་རིག་བཅས་པ་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་བརྩམས་དང་རྩོམ་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། བཙན་བཟུང་ས་ཁུལ་དུ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་སློབ་ཁག་ཕྱིར་བསྡུ་མཚམས་འཇོག་ཡོང་སླད་ཁོང་མོས་གསུངས་དོན། ང་ཚོ་ཚང་མས་མཉམ་རུབ་ཀྱིས་ལངས་ཏེ་རྒྱ་ནག་གཞུང་ལ་གཏན་སློབ་དེ་དག་སྒོ་རྒྱག་དགོས་པ་དང་། རྒྱ་གཞུང་གི་ཉེན་ཚབས་ཅན་གྱི་སྲིད་ཇུས་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་དགོས། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་སྤྱིའི་འགན་འཁྲི་སྲུང་སྐྱོབ་དང་། ལྷོ་སོག་ཡུ་གུར་ཐེ་བའི་མི་རིགས་ཚང་མའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བྱེད་དགོས། དེ་བཞིན་ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ། ལོ་རྒྱུས་ཀྱི་ཐོག་ནས་མི་སེར་སྤེལ་ཡུལ་གཏན་སློབ་ཀྱི་ཉམས་མྱོང་གཅིག་མཚུངས་ཡོད་པའི་མི་རིགས། ཁྲིམས་བཟོ་བ། ཕྲུ་གུའི་ཐོབ་ཐང་ཆེད་མཁས་པ། གྲོས་ཚོགས། གསར་འགྱུར་བརྒྱུད་ལམ། སྤྱི་ཚོགས་དྲ་རྒྱ་བཅས་ཀྱི་མཐུན་གྲོགས་འཚོལ་སྒྲུབ་བྱ་དགོས། རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་སློབ་གྲྭ་དང་མཐོ་སློབ་ཁག་སླར་ཡང་སྒོ་ཕྱེ་བར་རེ་འདུན་དང་གནོན་ཤུགས་སྤྲོད་དགོས་ཞེས་གསུངས།
ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་བོད་ནང་གི་མི་སེར་སྤེལ་ཡུལ་གཏན་སློབ་ཁག་གི་གནས་སྟངས་དང་། དེས་ཕྲུ་གུ་ཆུང་ཆུང་ཚོར་ཤུགས་རྐྱེན་ཇི་ལྟར་སྤྲོད་ཚུལ་གསལ་སྟོན་གནང་བ་མ་ཟད། ཁོང་གིས་ཀྲོག་ཀྱོ་རླུང་འཕྲིན་ཁང་གིས་འདོན་སྤེལ་ཞུས་པའི་བརྙན་ཞིག་བཏོན་སྟེ། དེའི་ནང་ཕྲུ་གུ་ཚོས་གཏན་སློབ་ཁག་ཏུ་མྱངས་པའི་དཀའ་སྡུག་གི་སྐོར་ལ་བཤད་པའི་དངོས་བྱུང་གི་གནས་ཚུལ་མཉམ་སྤྱོད་ཞུས་ཡོད་པ་རེད།
ལྷོ་སོག་ལྷན་ཚོགས་ཀྱི་སྐུ་ཞབས་དའི་ཆིན་ཨོལ་ཧུན་རྡུ་ (Daichin Olhunud) ལགས་དང་། ཉི་འོང་ཡུ་གུར་མཉམ་འབྲེལ་ཚོགས་པའི་སྐུ་ཞབས་རས་ཐེབ་ཨ་ཕུ་མེཊ་ (Retep Afumet) ལགས་རྣམ་གཉིས་ནས་རྒྱ་ནག་གིས་ལྷོ་སོག་དང་ཡུ་གུར་ནང་གཏན་སློབ་གསར་འཛུགས་ཀྱིས་བཙན་ཤེད་ཐོག་ནས་སློབ་ཕྲུག་ཚོའི་བསམ་བློའི་འཁྱེར་སོ་བསྒྱུར་བ་དང་། ཁོང་ཚོའི་སྲོལ་རྒྱུན་དང་། ཡུལ་སྲོལ་གོམས་གཤིས་ཀྱི་རིན་ཐང་རྣམས་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་སྐོར་གསུང་བཤད་གནང་།
བོད་ནང་ཞི་བདེ་དང་དྲང་བདེན་ཡོང་ཐབས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཉི་འོང་གི་གྲྭ་བཙུན་གྱི་ཚོགས་པ་ཉི་འོང་དགེ་འདུན་ལྷན་ཚོགས་ཀྱི་དགེ་འདུན་པ་ཀོ་བ་ཡ་ཤི་ཧྲུའུ་ཨེ་ (Kobayashi Shuei) ལགས་དང་། ཕྲུ་གུའི་རྨི་ལམ་ཚོགས་པའི་ཚོགས་གཙོ་ཀ་མེ་ཏ་ཧི་རོ་ཧྥུ་མི་ (Kameda Hirofumi) ལགས་གཉིས་ནས་མི་སེར་སྤེལ་ཡུལ་གཏན་སློབ་སྐོར་འགྲེལ་བརྗོད་གནང་སྟེ། དེ་ཉིད་ཛ་དྲག་དཀའ་ངལ་ཞིག་ཏུ་ངོས་འཛིན་དགོས་པའི་རེ་སྐུལ་ཞུས་ཡོད།
སྐུ་ཞབས་མཱ་ཀི་ནི་ཤེ་ཤུ་ (Makino Sheishu) ལགས་ཀྱིས་བགྲོ་གླེང་ཚོགས་འདུའི་མཇུག་ཏུ། གྲོས་ཆོད་ཅིག་འདོན་གནང་ཡོང་བའི་རེ་འདུན་བཏོན་པ་ལྟར། སྤྱི་མོས་ཀྱིས་ངོས་འཛིན་གནང་ཐོག བོད་དང་། ཡུ་གུར། ལྷོ་སོག་བཅས་ཀྱི་སྐུ་ཚབ་རྣམས་ནས་རང་རང་གི་གྲོས་ཚོགས་རྒྱབ་སྐྱོར་ཚོགས་པ་ཁག་ལ་བཅར་ནས་བགྲོ་གླེང་འདིའི་སྐོར་ངོ་སྤྲོད་དང་སྦྲགས། གྲོས་ཚོགས་རྒྱབ་སྐྱོར་ཚོགས་པ་ཁག་ལ་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་གདུག་རྩུབ་ཅན་གྱི་སྲིད་ཇུས་འདི་མཚམས་འཇོག་ཡོང་སླད་རེ་སྐུལ་ཞུ་དགོས་པའི་ཐག་གཅོད་བྱུང་ཡོད།
ཀྲོག་ཁྱོ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཨ་ཁོ་ཊོ་མོ་ཀོ་ (Ako Tomoko) ལགས་ནས་མཇུག་སྡོམ་གསུང་བཤད་དུ། བགྲོ་གླེང་དང་ཤེས་ཡོན་བརྗེ་རེས་གལ་གནད་ཆེ་བའི་སྐོར་ནན་བརྗོད་དང་འབྲེལ། བགྲོ་གླེང་དེས་མི་མང་པོ་ཞིག་ལ་མི་སེར་སྤེལ་ཡུལ་གྱི་གཏན་སློབ་ཀྱི་དངོས་ཡོད་གནས་ལུགས་ཤེས་རྟོགས་ཡོང་བར་གོ་སྐབས་བཟང་པོ་ཞིག་སྤྲད་ཡོད་པ་གསུངས།
ཚོགས་ཁང་དུ་ཉི་འོང་དང་། རྒྱ་ནག། སོག་པོ། ཐེ་ཝན། ཧོང་ཀོང་བཅས་ཀྱི་ཚོགས་བཅར་བ་ལྷན་ཞུགས་ཀྱིས་གནད་དོན་འདིའི་ཐོག་ལ་གྲོས་མོལ་ལྷུག་པོ་གནང་ཡོད་པ་མ་ཟད། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཚོགས་འདུར་ཕེབས་པའི་མཁས་དབང་རྣམ་པ་དང་། ཚོགས་བཅར་བ་ལྷན་འབྲེལ་མོལ་གྱིས་མི་སེར་སྤེལ་ཡུལ་གཏན་སློབ་སྐོར་དོ་སྣང་གནང་བར་ཐུགས་རྗེ་ཆེ་ཞུས། ཚོགས་འདུའི་གཙོ་སྐྱོང་བ་ཉི་ཧོང་བོད་སྐྱོབ་ཚོགས་པའི་ལྕམ་སྐུ་ཨན་རི་ཀི་ཏ་ཛ་ཝ་ (Anri Kitazawa) ལགས་ཀྱིས་གནང་ཡོད།
གཞན་ཡང་ཚོགས་འདུའི་ཐོག་ཉི་འོང་སྐད་ཐོག་བསྒྱུར་བའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་མི་སེར་སྤེལ་ཡུལ་གཏན་སློབ་སྐོར་གྱི་སྙན་ཐོའང་བགོ་འགྲེམས་གནང་ཡོད་པ་བཅས།།