ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྲོས་མོལ་གནང་།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཉི་འོང་གྲོས་ཚོགས་སུ་ཕེབས་ཏེ། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལས་བྱེད་ལྷན་མཇལ་འཕྲད་གནང་ཡོད།

དེ་ཡང་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བུན་ (Shimomura Hakubun) ལགས་དང་། ལྕམ་སྐུ་ཨི་ཤི་ཤི་ཐོ་ཀོ་ (Ishii Mitsuko) ལགས། སྐུ་ཞབས་རུའུ་ཧི་རོ་ཧྥུ་མི་ (Ryu Hirofumi) ལགས་སོགས་ནས་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཚོགས་ཁང་དུ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ལ་ཕེབས་བསུ་ཞུས་ཡོད། སྐབས་དེར་སྐུ་ཞབས་ཤི་མོ་མུ་ར་ལགས་ཀྱིས་ཤེས་རིག་བཀའ་བློན་མཆོག་ལ་དགའ་བསུ་ཞུས་པ་དང་ཆབས་ཅིག སྲིད་བློན་ཟུར་པ་ཨ་བེ་ཤིན་ཛོ་མཆོག་གི་དབུ་ཁྲིད་འོག་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཇི་ལྟར་གསར་འཛུགས་གནང་ཚུལ་དང་། གྲོས་ཚོགས་འཐུས་མི་རྣམ་པས་༸གོང་ས་མཆོག་གི་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཡོང་ཐབས་ཀྱི་དགོངས་འཆར་ལ་ཇི་ལྟར་གུས་བཀུར་ཞུ་ཚུལ། དེ་བཞིན་ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལྕམ་སྐུ་ས་ཀ་ར་ཡི་ཡོ་ཤི་ཁོ་ (Sakurai Yoshiko) ལགས་དང་ལྷན་དུ་དྷ་རམ་ས་ལར་ཐོག་མར་ཕེབས་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་མཇལ་འཕྲད་གནང་བའི་སྐོར་དྲན་གསོ་གནང་ཡོད།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཚོགས་གཙོ་ཤེ་མུ་ར་མཆོག་དང་གྲོས་ཚོགས་འཐུས་མི་རྣམ་པས་ཁོང་ཉིད་གྲོས་ཚོགས་སུ་མགྲོན་འབོད་གནང་བ་མ་ཟད། གྲོས་ཚོགས་འཐུས་མི་རྣམ་པའི་མདུན་དུ་གསུང་བཤད་གནང་རྒྱུའི་གོ་སྐབས་བཟང་པོ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག གྲོས་ཚོགས་འཐུས་མི་རྣམ་པ་དང་། ཉི་འོང་གཞུང་དམངས་གཉིས་ནས་བོད་མིའི་རང་དབང་དང་། དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད། གཞན་ཡང་ཤེས་རིག་བཀའ་བློན་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་བོད་ནང་གི་ཛ་དྲག་གནས་སྟངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ནང་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པ། བོད་ནང་རྒྱ་གཞུང་ནས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་ཆེད་མི་སེར་སྤེལ་ཡུལ་གྱི་གཏན་སློབ་བཙུགས་ཡོད་པའི་སྐོར་གསལ་བཤད་གནང་། དེ་དང་འབྲེལ་ཏེ་ཁོང་མོས་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་ཡོད་སྐོར་ནན་བརྗོད་དང་འབྲེལ། ཉི་འོང་གྲོས་ཚོགས་ཀྱིས་ཀྱང་དེ་དང་ཕྱོགས་མཚུངས་ཀྱི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པའི་ཁར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་ཨ་རིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཞབས་པུས་སྨན་བཅོས་ཧ་ཅང་ལེགས་གྲུབ་བྱུང་ཡོད་པ་མ་ཟད། ད་ལྟ་མགོན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པ་གསལ་བཤད་གནང་ཡོད་པ་རེད།

ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྤྱི་ཚོགས་ཀྱི་གནད་དོན་བཅས་ལ་ཐེ་བྱུས་བྱེད་བཞིན་པའི་སྐོར་ལ་འགྲེལ་བཤད་གནང་བ་མ་ཟད། ཉི་འོང་གྲོས་ཚོགས་དང་སྲིད་གཞུང་གིས་འདི་ལོའི་ཕྱི་ཟླ་དང་པོའི་ནང་འཇི་ནི་ཝར་འཚོགས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་བསྐྱར་ཞིབ་ཚོགས་འདུའི་ཐོག་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བར་ཐུགས་རྗེ་ཆེ་ཞུས། དེ་མཚུངས་ཁོང་གིས་ཉེ་ཆར་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་སློབ་ནི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་འཆར་གཞི་ངན་པ་ཞིག་ཡིན། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་སྐོར་དང་། དེ་དང་འབྲེལ་ཏེ་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་གཞུང་གི་མི་སེར་སྤེལ་ཡུལ་གཏན་སློབ་ཁག་ཕྱིར་བསྡུ་མཚམས་འཇོག་ཡོང་སླད་སྐྱོན་བརྗོད་ཞུ་སྐུལ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་ཤེ་མུ་ར་ཧུ་བུན་ (Ishii Mitsuko) ལགས་ཀྱིས་ཚོགས་འདུའི་གཙོ་སྐྱོང་དང་འབྲེལ། ཤེས་རིག་བཀའ་བློན་མཆོག་དང་ཚོགས་ཞུགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་རྗེས་མཇུག་སྡོམ་གསུང་བཤད་སྐབས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གྲོས་ཚོགས་སུ་ཕེབས་ནས་ཚོགས་ཞུགས་འཐུས་མི་རྣམས་ལ་གསུང་བཤད་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་དང་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཡོང་ཐབས་སྐོར་གྱི་དགོངས་འཆར་ལ་རྒྱུན་མཐུད་དེ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཀྲོག་ཀྱོ་གཙུག་ལག་སློབ་ཁང་དུ་བོད་ནང་གི་མི་སེར་སྤེལ་ཡུལ་གཏན་སློབ་ཁག་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་།
ཕྱི་མ།
ཕྱི་ལོ་ ༢༠༢༤ ལོའི་སློབ་ཐོན་འབུམ་རམས་པར་ཆེ་བསྟོད་གསལ་བསྒྲགས།
Menu