ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་དྲུང་ཆེ་མཆོག་དང་མཇལ་མོལ་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (Central Board of Secondary Education) ཀྱི་དྲུང་ཆེ་ཧི་མཱན་ཤུ་གུཔྟཱ་ (Himanshu Gupta) ལགས་དང་མཇལ་འཕྲད་གནང་ཡོད།

སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གྲྭ་དེ་བཞིན་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་སུ་ཁོངས་སུ་འཇུག་རྒྱུར་དམིགས་བསལ་དགོངས་བཞེས་ཡོང་བའི་རྒྱབ་གཉེར་རེ་སྐུལ་ཞུས་ཤིང་། དྲུང་ཆེ་ཧི་མཱན་ཤུ་གུཔྟཱ་ལགས་ཀྱིས་རྒྱབ་གཉེར་སྙན་ཞུར་གཟིགས་ཞིབ་ཀྱིས་རྒྱབ་སྐྱོར་གནང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད། ཚོགས་འདུའི་མཇུག་ཏུ་ཤེས་རིག་བཀའ་བློན་མཆོག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཚབ་ཞུས་ཏེ། དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་དྲུང་ཆེ་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་ཞིག་ཕུལ་ཡོད་པ་རེད།

དེ་ཡང་སྔ་དྲོ་ཤེས་རིག་བཀའ་བློན་མཆོག་གིས་ལྡི་ལིར་གནས་འཁོད་ལེགས་སྦྱར་གོང་འཕེལ་ཐེབས་རྩའི་སྤྱི་ཁྱབ་འགན་འཛིན་ལཀྵ་མཱི་ན་ར་སིམྷ་ (K. Lakhsminarasimhan) ལགས་དང་མཇལ་མོལ་གནང་ཡོད། ཚོགས་འདུའི་སྐབས་སུ་ཤེས་རིག་བཀའ་བློན་མཆོག་དང་ལྷན་དུ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ཤེས་རིག་དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་སྤྱི་དགེ་བཤེས་བློ་བཟང་ཚེ་རིང་ལགས་དང་དྲུང་ཡིག་བསྟན་འཛིན་མཁས་གྲུབ་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།

སྔོན་མ།
ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་ཆེད་ལས་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་ལ་དྭགས་བོད་ཁྱིམ་སློབ་གྲྭར་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu