༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་སློབ་གྲྭ་ཁག་ཏུ་གཞུང་འབྲེལ་གཟིགས་སྐོར་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་ཤེས་རིག་བཀའ་བློན་མཆོག་མོན་གྷོ་ཉེ་འགྲམ་ཧུབ་ལི་གནམ་ཐང་དུ་ཕེབས་འབྱོར་སྐབས་མོན་གྷོ་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་སྨོན་ལམ་རྒྱ་མཚོ་ལགས། མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་ནས་ཕེབས་བསུ་ཞུས་རྗེས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མགྲོན་ཁང་དུ་ཕེབས་སྐབས་ཕེབས་ལམ་དུ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་མཉམ་འབྲེལ། ས་གནས་གཞོན་ནུའི་ཚོགས་གཙོ། བརྒྱ་དཔོན་རྣམས་ནས་ཕེབས་བསུ་ཞུས།
མོན་གྷོའི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ཉིན་དང་པོར་ཤེས་རིག་བཀའ་བློན་མཆོག་སཾ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་སྐབས་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་གཙོས་པའི་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་རྗེས་སློབ་གྲྭའི་ཞོགས་ཚོགས་ལ་ལྷན་ཞུགས་ཀྱིས་གསུང་བཤད་གནང་། སྐབས་དེར་ཁོང་མོས་ལུས་ཁམས་བདེ་ཐང་ཆེད་ཟས་བཅུད་བཟང་པོ་བསྟེན་ཚུལ་དང་། འཛིན་ཁང་དུ་དགེ་རྒན་གྱི་སློབ་ཁྲིད་གནང་སྐབས་དོ་སྣང་དགོས་པ། དེ་བཞིན་སྒྲིག་ཁྲིམས་ལ་བརྩི་སྲུང་དགོས་པའི་ཐོག་སྨྱོ་རྫས་རིགས་གཏན་ནས་ལོངས་སུ་སྤྱོད་མི་རུང་བའི་ལམ་སྟོན་གནང་གྲུབ་མཚམས་སློབ་གྲྭའི་འཛིན་ཁང་དང་། སྡེ་ཚན་སོ་སོར་གཟིགས་སྐོར་དུ་ཕེབས་ཏེ་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་དང་། མཐུན་རྐྱེན་སོགས་རྟོག་ཞིབ་གནང་།
ཉིན་རྒྱབ་ཤེས་རིག་བཀའ་བློན་མཆོག་སཾ་བྷོ་ཊ་གཏན་སློབ་ཀྱི་ཡན་ལག་དམའ་རིམ་སློབ་གྲྭ་དང་། དེ་བཞིན་གཞིས་གྲོང་དང་པོ་དང་གཉིས་པར་ཡོད་པའི་སྔོན་འགྲོའི་སློབ་གྲྭ་སོ་སོར་གཟིགས་སྐོར་དུ་ཕེབས་ཏེ། སློབ་གྲྭའི་གནས་སྟངས་སྤྱི་དང་། ཡང་སྒོས་ཤེས་ཡོན་གྱི་གནས་ཚད་དང་མཐུན་རྐྱེན་སོགས་ཀྱི་སྐོར་གཟིགས་སྐོར་གནང་རྗེས་ཕྱི་དྲོ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ལྷོ་ཕྱོགས་འབྲེལ་མཐུད་པ་སྐུ་ཞབས་ཨམ་རུཊ་ཇོ་ཤི་ (Amruth Joshi) ལགས་དང་མཇལ་མོལ་གནང་ཡོད།
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཤེས་རིག་བཀའ་བློན་མཆོག་གིས་གཞིས་གྲོང་དྲུག་པར་ཡོད་པའི་སཾ་བྷོ་ཊ་ཉིན་སློབ་དང་། གཞིས་གྲོང་དྲུག་པ་དང་། བདུན་པ། བརྒྱད་པར་ཡོད་པའི་བུ་བཅོལ་ཁང་སོ་སོའི་འཛིན་ཁང་དང་། ཤེས་ཡོན་མཐུན་རྐྱེན་རྟོག་ཞིབ་གནང་། ཕྱི་ཚེས་ ༡༨ ཉིན་ཤེས་རིག་བཀའ་བློན་མཆོག་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་ཉེ་ལམ་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་དགའ་བསུའི་མཛད་སྒོ་ཞིག་བསྐོང་ཚོགས་གནང་བའི་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་སྟེ། ཨ་རིའི་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་སྐབས་བཅུ་དྲུག་པའི་བཀའ་ཤག་ངོས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བྱེ་བྲག་ཏུ་ཕ་མ་རྣམས་ནས་ཕྲུ་གུའི་ཤེས་ཡོན་ཐོག་ཐུགས་སྣང་ཆེ་ཙམ་གནང་དགོས་པའི་ལམ་སྟོན་གནང་། དེ་རྗེས་ཁོང་མོ་མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཀྱི་བུ་དང་བུ་མོའི་ཁང་ཚན་དུ་ཕེབས་ཏེ། ལས་གཞི་འགྲོ་མུས་ཁག་ལ་གཟིགས་ཞིབ་གནང་རྗེས་ཉིན་རྒྱབ་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད་པ་རེད།
ཕྱི་ཚེས་ ༡༩ ཉིན་ཤེས་རིག་བཀའ་བློན་མཆོག་གིས་མོན་གྷོ་གནས་འཁོད་གྲྭ་ཚང་སོ་སོར་གནས་གཟིགས་སུ་ཕེབས་སྐབས་གྲྭ་ཚང་སོ་སོའི་མཁན་རིན་པོ་ཆེས་ཕེབས་བསུ་ཞུས་པ་དང་སྦྲགས། དགོན་པའི་སྐུ་གསུང་ཐུགས་རྟེན་ལ་མཇལ་ཁ་ཞུས་པ་མ་ཟད། གྲྭ་ཚང་སོ་སོའི་སློབ་གྲྭའི་ཡིག་རྒྱུགས་འགྲོ་མུས་ལ་གཟིགས་ཞིབ་གནང་། ཕྱི་ཚེས་ ༢༠ ཉིན་ཤེས་རིག་བཀའ་བློན་མཆོག་ཧུབ་ལི་ནས་སྦེང་ལོར་དུ་ཕེབས་ཐོན་གྱིས་སྦེང་ལོར་དུ་ཁོང་མོས་ཀརནཱ་ཊཀ་མངའ་སྡེའི་དམའ་རིམ་དང་འབྲིང་རིམ་སློབ་གྲྭའི་བློན་ཆེན་སྐུ་ཞབས་མ་དུ་བྷང་བ་ར་བ་ (Madhu Bangarappa) ལགས་དང་མཇལ་མོལ་གནང་། སྐབས་དེར་སློབ་གྲྭའི་ཤེས་ཡོན་དང་འབྲི་ཀློག་ཤེས་བྱའི་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་རེ་ཏེཤ་ཀུ་མཱར་སིངྷ་ (Ritesh Kumar Singh) ལགས། སྤྱི་དམངས་སློབ་སྟོན་དང་འབྲེལ་བའི་འགན་འཛིན་ལྕམ་སྐུ་ཅ་ཧུ་བེ་རི་ (B.B. Cauvery) ལགས་ཀྱང་ལྷན་བཅར་ཞུས་ཡོད། སྐབས་དེར་བཀའ་བློན་མཆོག་གིས་མངའ་སྡེའི་བློན་ཆེན་ལས་ཁུངས་ངོས་ནས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གྲྭར་དགག་བྱ་མེད་པའི་རྒྱབ་གཉེར་གནང་བར་ཐུགས་རྗེ་ཆེ་ཞུས་དང་ཆབས་ཅིག མངའ་སྡེའི་ཤེས་རིག་ལྷན་ཁང་ནས་ངོས་འཛིན་རྒྱབ་གཉེར་ཐོབ་ཐབས་སུ་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། དེ་བཞིན་གྲྭ་ཚང་གཞན་ཁག་གི་སློབ་གྲྭར་དེ་མཚུངས་ཀྱི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་སྒྲིག་ཁོངས་སུ་ཞུགས་རྒྱུར་དགག་བྱ་མེད་པའི་རྒྱབ་གཉེར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པར། བློན་ཆེན་མཆོག་གིས་ཞལ་བཞེས་བཟང་པོ་གནང་ཐོག་བདུན་ཕྲག་འགའ་ཤས་ནང་དེ་དོན་ཡིག་ཆ་མཁོ་སྤྲོད་གནང་རྒྱུ་ཡིན་པ་གསུངས་ཡོད།
ཕྱི་དྲོ་ཤེས་རིག་བཀའ་བློན་མཆོག་གིས་སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་སྦེང་ལོར་ཁུལ་དུ་མཐོ་སློབ་འགྲིམས་བཞིན་པའི་བོད་ཕྲུག་རྣམས་དང་མཇལ་འཕྲད་ཀྱིས་བོད་ཕྲུག་གི་ལས་འགན་དང་། མཐོ་སློབ་ཁག་ཏུ་རང་ཁྲིམས་རང་སྲུང་དགོས་གལ། ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་བདག་གཅེས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་ལམ་སྟོན་གནང་རྗེས་སློབ་ཕྲུག་ཁག་ཅིག་གི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཤེས་རིག་བཀའ་བློན་མཆོག་སྦེང་ལོར་ནས་ཀོ་ལི་གྷལ་དུ་ཕེབས་ཐོན་གྱིས་ལམ་བར་དུ་༸གོང་ས་ཏཱ་ལའི་བླ་མ་མཐོ་སློབ་དང་། སྨན་རྩིས་ཁང་མཐོ་སློབ་ཏུ་ཕེབས་ཏེ། དགེ་ལས་སློབ་གཉེར་བ་ལྷན་དུ་མཇལ་མོལ་གནང་། དེ་རྗེས་བཀའ་བློན་མཆོག་ཀོ་ལི་གྷལ་དང་། གུ་རུ་པུ་ར། སྦེལ་ཀོབ་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད། ཤེས་རིག་བཀའ་བློན་མཆོག་དང་ལྷན་དུ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་། ཤེས་རིག་དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།