
༄༅། །ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སྣེ་ཁྲིད་པའི་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། དྲུང་འཕར་བསྟན་འཛིན་པདྨ་ལགས། དྲུང་གཞོན་འཇིགས་མེད་དབྱངས་ཅན་ལགས། ལས་དོ་རྡོ་རྗེ་དབང་ཕྱུག་ལགས་བཅས་ཌན་མག་ཏུ་བདུན་གཅིག་རིང་གི་འཚམས་གཟིགས་ལེགས་པར་གྲུབ་ཡོད།
དེ་ཡང་འཚམས་གཟིགས་དེའི་དམིགས་ཡུལ་གཙོ་བོ་ནི། ཤེས་ཡོན་མཉམ་ལས་དམ་ཟབ་གཏོང་ཆེད་དང་། སློབ་ཁྲིད་ཐོག་གོ་རྟོགས་གསར་པ་ཐོབ་ཆེད་དུ་ཡིན་པ་རེད།
འཚམས་གཟིགས་དེའི་རིང་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་། ཌན་མག་གི་མཐོ་རིམ་འགན་འཛིན་དང་། སློབ་གཉེར་ཁང་། དེ་བཞིན་ཤེས་ཡོན་འགན་འཛིན་བཅས་དང་ལྷན་དུ་མཇལ་འཕྲད་གནང་ཡོད། སྐབས་དེར་སྐུ་ཚབ་རྣམས་པ་ Vadgaard Skole in Gladsaxe Municipality དུ་འབྱོར་སྐབས་སློབ་གྲྭའི་འགན་འཛིན་ཨོ་ལེ་ཧོབ་ལེནཌ་ (Ole Hovland) ལགས་དང་། ཇེ་ཊི་ལུ་ན་ (Jette Luna) ལགས་རྣམ་གཉིས་ནས་ཕེབས་བསུ་ཞུས་ཡོད། སྐུ་ཚབ་ཚོས་སློབ་གྲྭའི་འཛིན་ཁང་དང་། དེ་བཞིན་སློབ་ཁྲིད་ཀྱི་སློབ་ཚན་ཁག་ལ་ལྟ་རྟོག་དང་། སློབ་གྲྭའི་དགེ་རྒན་རྣམས་དང་སློོབ་ཁྲིད་བྱེད་ཕྱོགས་ཐད་གླེང་མོལ་གནང་ཡོད།
གཞན་ཡང་སྐུ་ཚབ་ཚོས་ University College Absalon in Roskilde ལ་གཟིགས་སྐོར་གནང་སྐབས མོར་ཏེན་བིརྐ་ཧན་སེན་ (Mr. Morten Birk Hansen, Head of the Study Program) ལགས། སུ་སན་པེ་རེས (Ms. Susanne Pérez) ལགས་དང་མེ་རེ་ཏེ་ཧུལ་ཧབ་གཱརྡ་ (Ms. Merete Hull Havgaard from the International Department) ནས་ཕེབས་བསུ་ཞུས་ཡོད།

མཚམས་གཟིགས་སྐབས་ཌན་མག་དགེ་རྒན་འོས་སྦྱོང་གི་ལམ་ལུགས་དང་། རྩེད་མོའི་ལམ་ནས་སློབ་ཁྲིད་བྱེད་ཕྱོགས། དེ་བཞིན་རིགས་རུས་དང་ཤེས་ཡོན་གྱི་འབྲེལ་བའི་སྐོར་ལ་གྲོས་བསྡུར་གནང་ཡོད། ཤེས་རིག་ལས་ཁུངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་དྲུང་འཕར་བསྟན་འཛིན་པདྨ་ལགས་ནས་ཌན་མག་གི་དགེ་རྒན་དང་སློབ་ཕྲུག་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྐོར་ཟབ་ཁྲིད་གནང་ཡོད།
དེ་བཞིན་སྐུ་ཚབ་རྣམས་པས་ CICED ཚོགས་གཙོ་སྐུ་ཞབས་་ཇཱོན་ནི་བྷལ་ཊི་ཛར་སེན་ ( Dr. Johnny Baltzersen) ལགས་དང་། ཚོགས་གཞོན་ཇེ་ཊི་ལུ་ན་(Jette Luna) ལགས་རྣམས་གཉིས་དང་མཇལ་འཕྲད་ཀྱིས་ད་ལྟའི་མཐུན་འབྲེལ་དེ་དག་སྲ་བརྟན་དང་མ་འོངས་པར་མཉམ་ལས་ཡོང་བའི་གྲོས་གླེང་གནང་ཡོད།


