
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༦ ཚེས་ ༢ རེས་གཟའ་ཟླ་བའི་ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་པའི་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་རིག་ཤེས་ཡོན་ཚན་པའི་དྲུང་ལས་རྡོ་རྗེ་དབང་འདུས་ལགས། དེ་བཞིན་བོད་སློབ་ཁག་ ༡༣ ནས་སློབ་གྲྭ་སོ་སོའི་རྒན་བདག་གྲངས་ ༣༨ དང་ལམ་སྟོན་པ་དགེ་རྒན་གྲངས་ ༡༣ བཅས་ཁྱོན་མི་གྲངས་ ༥༡ ཚང་འཛོམས་ཀྱིས་མཛད་སྒོ་དབུ་འཛུགས་གནང་། ཐོག་མར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ནས་མཆོད་མེ་ཞལ་ཁ་ཕྱེས་གནང་རྗེས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་ཕེབས་བསུའི་འཚམས་འདྲི་དང་སྦྲགས། ཟབ་སྦྱོང་འདིའི་འཕེལ་རིམ་དང་རྒྱབ་ལྗོངས། ཟབ་སྦྱོང་འདིའི་དམིགས་ཡུལ་ནི་མ་འོངས་པའི་སློབ་ཕྲུག་རྣམས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་དང་མཐུན་པའི་སྒོ་ནས་གསོ་སྐྱོང་གནང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ངོ་སྤྲོད་དེའི་བརྒྱུད་ནས་འགོ་ཁྲིད་ཀྱི་ནུས་པ་གོང་འཕེལ་གཏོང་ཆེད་དུ་དམིགས་པ་བཅས་འགྲེལ་བརྗོད་དང་བསྟུན། ཟབ་ཁྲིད་ཀྱི་ནང་དོན་རགས་བསྡུས་གཅིག་ངོ་སྤྲོད་གནང་ཡོད།

དེ་ནས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཟབ་སྦྱོང་དེ་བཞིན་ལོ་ལྟར་ཚོགས་བཞིན་ཡོད་པ་དང་། དེ་ཡང་ཟབ་སྦྱོང་དེ་ནི་དགུན་ཁ་དང་དབྱར་ཁའི་གུང་སེང་སྟབས་བསྟུན་ཚོགས་དགོས་པའི་དགོས་དམིགས་བཅས་ལ་འགྲེལ་བརྗོད་གནང་། དེ་ཡང་ཁོང་གིས་རྒན་བདག་གཅིག་གི་ངོས་ནས་རང་ཉིད་ཀྱི་འགན་དབང་ཤེས་དགོས་པ་དང་། ཚང་མར་གཅིག་མཐུན་བྱེད་དགོས་པ་མ་ཟད། འགན་འཁུར་བའི་སྐབས་རང་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་པར་གཟབ་གཟབ་གནང་དགོས་པའི་ལམ་སྟོན་དང་འབྲེལ། སློབ་མ་ཚོར་སློབ་གྲྭའི་ནང་རྒན་བདག་གནང་རྒྱུ་བྱུང་བ་ནི་གོ་སྐབས་བཟང་པོ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་ཁོང་ནས་འཛམ་གླིང་གི་འགོ་ཁྲིད་འགའ་ཞིག་ལ་དཔེ་བཞག་པའི་ཐོག་གསུང་བཤད་གནང་དོན་ལ། འགོ་ཁྲིད་འགའ་ཞིག་ནི་རང་ཉིད་ལ་སྐྱེས་སྟོབས་ཀྱི་ཡོན་ཏན་མེད་ཀྱང་སྤྱི་ཚོགས་ཀྱི་གནས་སྟངས་ལས་འགོ་ཁྲིད་ཚད་ལྡན་ཞིག་ཆགས་ཐུབ་ཀྱི་ཡོོད་པའི་ར་སྤྲོད་དང་། འགོ་ཁྲིད་ཆགས་པ་ལ་ཆུང་དུས་ནས་མང་ཚོགས་དཀྱིལ་དུ་གཏམ་བཤད་དང་བགྲོ་གླེང་གནང་ཐུབ་མཁན་གཅིག་དགོས་པ་དང་དུས་རྒྱུན་དུ་ནས་སློབ་ཁྲིད་ལ་དོ་སྣང་དང་། རང་ངོས་ནས་དཔེ་དེབ་དུས་དེབ་ཚགས་པར་སོགས་བལྟ་ཀློག་གིས་མཁས་པ་ཁག་གི་བསམ་ཚུལ་བསྡུ་རུབ་བྱས་ཏེ་མ་འོངས་པར་འགོ་འཁྲིད་སྐབས་དམིགས་ཡུལ་དང་འཆར་སྣང་དེ་བཞིན་ཚོད་དཔག་ཐུབ་མཁན་གྱི་འགོ་ཁྲིད་ཅིག་ཆགས་ཐུབ་ངེས་ཡིན་པས་དེ་དག་ལ་དོ་སྣང་གནང་དགོས་པ་ནི་གལ་འགངས་ཆེན་པོ་ཡིན་པའི་ར་སྤྲོད་གནང་། དེ་དང་འབྲེལ་ནས་ཉེ་ཆར་དཔེ་སྐྲུན་གནང་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པ་འདི་ཚང་མས་ངེས་པར་དུ་ལྗགས་ཀློག་གནང་དགོས་པའི་སྐུལ་འདེད་ཀྱང་གནང་སོང་།

སྐབས་དེར་ཁོང་གིས་སློབ་མ་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མི་རབས་རྒན་པའི་བཀའ་དྲིན་ལ་བསམ་ཤེས་དང་། སློབ་མ་ཚོས་མ་འོངས་པར་༸གོང་ས་མཆོག་དང་བོད་པའི་རྩ་དོན་ཆེད་ཞབས་ཕྱི་ཞུ་དགོས་པའི་ཆོད་སེམས་བརྟན་པོ་བཟུང་དགོས་པ་དང་། ད་ཐེངས་ཟབ་སྦྱོང་དེའི་བརྒྱུད་ནས་རང་ཉིད་ལ་ཐོབ་པའི་གོ་རྟོགས་དང་ཤེས་ཡོན་དག་སློབ་གྲྭའི་ནང་ཉམས་ལེན་དང་ལག་བསྟར་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་སོང་།
སྤྱིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཞུ་བཞིན་པའི་འགོ་ཁྲིད་ཟབ་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༢ ནས་ ༧ བར་འཚོག་འཆར་ཡོད་པ་དང་། ཟབ་ཁྲིད་ཀྱི་ནང་དོན་གཙོ་བོར་བོད་ཀྱི་སྐད་དང་རིག་གཞུང་གི་གལ་གནད། དྲྭ་རྒྱའི་ཉེན་སྲུང་དང་བདེ་འཇགས། སློབ་གྲྭའི་ནང་ཕོ་མོའི་འདྲ་མཉམ། བོད་ཀྱི་ཁོར་ཡུག་གི་གལ་གནད། སློབ་སྦྱོང་དང་འགོ་ཁྲིད། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་དང་ལྟ་སྐོར། འགོ་ཁྲིད་ཀྱི་འབྲེལ་ལམ་ནུས་སྩལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཅས་ཀྱི་སྐོར་ལ་ལམ་སྟོན་སློབ་ཁྲིད་གནང་རྒྱུ་ཡིན་པ་བཅས།།


