ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པས་རྒྱ་གར་ལྷོ་ཕྱོགས་སུ་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་སྤེལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༢ ནས་ ༣༠ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་ངོས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་ཕྲུག་རྣམས་ལ་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་དང་། སློབ་ཕྲུག་གི་གནས་སྟངས་རྟོག་ཞིབ་གནང་ཡོད།

དེ་ཡང་ཐེངས་འདིའི་ལས་གཞིའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་སློབ་ཕྲུག་གི་གནས་སྟངས་རྟོག་ཞིབ་དང་། ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་ལྟར། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་དང་། འབྲེལ་ལས་བསོད་ནམས་ཆོས་སྒྲོན་ལགས་གཉིས་བོད་ཕྲུག་སློབ་གཉེར་གནང་ཡུལ་མེང་ལོར་དང་། མཻ་སོར། བྷེང་ལོར་གྲོང་ཁྱེར་བཅས་སུ་ཕྱོགས་ཕེབས་གནང་ཡོད།

གཞན་ཡང་སྐབས་དེར་ཁོང་རྣམས་ནས་མཻ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ལོཀ་ནཐ་ (N.K. Lokanath) ལགས་ཐེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་གི་རིགས་བདག་དང་ངེས་སྟོན་པ་སོགས་མཇལ་ཏེ་གཙུག་ལག་སློབ་གཉེར་ཁང་སོ་སོའི་སློབ་ཚན་དང་བསླབ་གཞིའི་སྐོར་རྒྱུས་ལོན་ཞུས་པ་མ་ཟད། ཁོང་ཚོར་བོད་མིའི་སྒྲིག་འཛུགས་དང་། དམིགས་བསལ་ཤེས་རིག་ལས་ཁུངས་སྐོར་ངོ་སྤྲོད་གནང་ཡོད།

དེ་བཞིན་ཤེས་རིག་སློབ་ཡོན་ཚན་པའི་འཐུས་ཚབ་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཙུག་སློབ་གཉེར་ཁང་དང་། མཐོ་སློབ་ཁག་ཅིག་གི་སློབ་སྤྱི་དང་། འབྲེལ་ཡོད་ལས་བྱེད་སོ་སོར་མཇལ་ཏེ་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་གནང་ཕྱོགས་དང་། མཐོ་སློབ་དེ་དག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་རྣམས་ཀྱི་ཤེས་སྤྱོད་སྐོར་རྒྱུས་ལོན་གནང་ཡོད། ཐེངས་འདིའི་ཕྱོགས་བསྐྱོད་དེ་བཞིན་ལྷོ་སྤྱི་ལས་ཁུངས་དང་། བྷེང་ལོར་བོད་ཁྱིམ་སྡོད་ཁང་། གཞན་ཕན་དགེ་རྩ་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་གྲུབ་འབྲས་གང་ལེགས་སོན་ཡོད།

ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པ་ནི་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ལ་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་མཐོ་རིམ་སློབ་སྦྱོང་མུ་མཐུད་བྱ་རྒྱུར་སློབ་ཡོན་གྱི་མཐུན་འགྱུར་ཞུ་མཁན་གྱི་ཚན་པ་ཞིག་ཡིན་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱིས་བྱིས་སྒྲུང་གསར་པ་བཅུ་འདོན་སྤེལ་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕིན་ལེནཊ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་དང་མཇལ་འཕྲད་གནང་བ།
Menu