ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་རྣམས་ལ་དམིགས་པའི་ཀམ་པུ་ཊར་སློབ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམས་ལ་དམིགས་པའི་ཀམ་པུ་ཊར་སློབ་ཁྲིད་ཀྱི་ཟབ་སྦྱོང་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༡༦ ཉིན་མཇུག་སྒྲིལ་ཡོད། དེ་ཡང་ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་སློབ་ཁྲིད་པ་རྣམས་ལ་མཇལ་དར་དང་བཅས་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་ཆབས་ཅིག་ཟབ་སྦྱོང་ལེགས་གྲུབ་ཀྱི་ཕྱག་ཁྱེར་གནང་ཡོད།

ཐེངས་འདིའི་ཀམ་པུ་ཊར་དང་འབྲེལ་བའི་ཟབ་སྦྱོང་དེ་བཞིན་དམའ་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་གི་ཀམ་པུ་ཊར་དགེ་རྒན་རྣམས་ལ་དགོས་ངེས་ཀྱི་ཤེས་བྱ་ལག་རྩལ་གོང་མཐོར་གཏོང་བར་དམིགས་ཏེ་གོ་སྒྲིག་ཞུས་ཡོད་པ་ལྟར། ཁྱོན་སམ་བྷོ་ཊ་ཁྱབ་ཁོངས་སློབ་གྲྭ་ཁག་ ༡༨ ནས་དགེ་རྒན་གྲངས་ ༡༩ མཉམ་ཞུགས་གནང་ཞིང་། སྐབས་དེར་ཀམ་པུ་ཊར་དང་འབྲེལ་བའི་ཤེས་བྱ་ལག་ལེན་དང་། ལྷག་པར་འཛིན་རིམ་བཞི་པ་ནས་བརྒྱད་པ་བར་གྱི་ཀམ་པུ་ཊར་བསླབ་གཞི་གཅིག་མཚུངས་གཏན་འབེབས་གནང་ཕྱོགས་སྐོར་གོ་བསྡུར་ལམ་སྟོན་གནང་ཡོད།

ཟབ་སྦྱོང་ཐོག་སམ་བྷོ་ཊ་དབུས་སྤྱི་ཁྱབ་ཡིག་ཚང་གི་ཀམ་པུ་ཊར་འབྲེལ་ལས་ཚེ་དབང་ནོར་བུ་ལགས་དང་། སམ་བྷོ་ཊ་ཧར་པ་པུར་གྱི་ཀམ་པུ་ཊར་དགེ་རྒན་དོན་གྲུབ་ལགས། སམ་བྷོ་ཊ་མེའོ་ཡི་ཀམ་ཀམ་པུ་ཊར་དགེ་རྒན་བྱང་ཆུབ་ལགས་བཅས་ནས་སྔ་དྲོ་ཀམ་པུ་ཊར་སློབ་ཁྲིད་ལག་ལེན་སྐོར་སློབ་སྟོན་གནང་ཡོད་པ་དང་། ཉིན་རྒྱབ་སློབ་སྟོན་པ་གཞན་ཁག་གཅིག་ནས་ཀམ་པུ་དང་འབྲེལ་བའི་གནད་དོན་སྐོར་གསུང་བཤད་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་དེ་བཞིན་ཤེས་རིག་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་དང་། འབྲེལ་ལས་ཚེ་རིང་དབྱངས་སྐྱིད་ལགས་ནས་འབྲེལ་མཐུད་ཞུས་ཡོད་པ་དང་། དེར་ཨ་རིའི་རོགས་ཚོགས་ (USAID) ནས་མཐུན་འགྱུར་སྦྱར་ཡོད་པ་བཅས།།

སྔོན་མ།
ཕྱི་ལོ་ ༢༠༢༣ ལོར་སྨན་པའི་བར་བཞག་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གནང་བ།
Menu