ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༢༡ ནས་ ༣༠ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་ནང་དུ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་བརྒྱད་དང་། རྡ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་གཅིག་ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་གི་ཕ་མ་ ༧༠༠ ཙམ་ལ་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་སྐོར་ཟབ་སྦྱོང་གནང་གི་ཡོད་ལ། ཟབ་སྦྱོང་ནང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་སློབ་སྟོན་གནང་གི་ཡོད།

ཕ་མའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་ཕྲུ་གུའི་ཕ་མ་རྣམས་ལ་བཟང་ཕྱོགས་ནས་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་ཀྱི་ཐབས་བྱུས་སྐོར་རྒྱུས་སྟོན་གནང་རྒྱུ་ཡིན་ཞིང་། སྐབས་དེར་ཕ་མ་ཚོར་ཡ་རབས་བཟང་སྤྱོད་དང་། ཕྲུ་གུའི་སེམས་ཚོར་རྟོགས་རྒྱུ། དཔེ་ཀློག་གོམས་གཤིས་བསྐྲུན་རྒྱུ། ཁ་པར་ཀློག་ཀླད་སོགས་བལྟ་རྒྱུར་ཚོད་འཛིན་བྱ་རྒྱུ་སོགས་ཀྱི་སྐོར་སློབ་སྟོན་གནང་རྒྱུ་མ་ཟད། གཞན་ཡང་ཕ་མ་སོ་སོར་ཕྲུ་གུ་གསོ་སྐྱོང་བྱེད་ཕྱོགས་ཀྱི་དེབ་ཆུང་དང་། ཕྲུ་གུའི་དཔེ་དེབ་ཁག་ཅིག་གནང་གི་ཡོད་པ་རེད།

སྤྱིར་འདི་ལོའི་ཕྱི་ཟླ་ ༠༧ ནང་དེ་མཚུངས་ཀྱི་ཟབ་སྦྱོང་མ་ན་ལི་དང་། ལ་དྭགས་སུ་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་ཕྲུ་གུའི་ཕ་མ་ ༢༤༣ ལྷག་མཉམ་ཞུགས་ཀྱིས་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་སྐོར་སློབ་སྟོན་ཞུས་ཡོད།

ཕྲུ་གུ་གསོ་སྐྱོང་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ལ་ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) ཀྱིས་མཐུན་འགྱུར་དང་། (Alinea International) ཚོགས་པས་རྒྱབ་སྐྱོར་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་སྐོར་ལ་ཕེབས་པ།
ཕྱི་མ།
བོད་དགེའི་འོས་སྦྱོང་ཆེད་འཚང་སྙན་འབུལ་དུས་ཕར་འགྱངས་ཞུས་པའི་གསལ་བསྒྲགས།
Menu