ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་ལང་ཚོ་དར་བབ་པའི་རྒྱུད་ལ་གོམས་གཤིས་བཟང་པོ་དང་། སྒྱུ་རྩལ་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་ལང་ཚོ་དར་བབ་པའི་རྒྱུད་ལ་གོམས་གཤིས་བཟང་པོ་དང་། སྒྱུ་རྩལ་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་།  ཟུང་དྲུང་འཇམ་དབྱངས་དབང་རྒྱལ་ལགས། དྲུང་ལས་བསྟན་འཛིན་དཔལ་སྒྲོན་ལགས། འབྲེལ་ཡོད་ལས་བྱེད། སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་བཅས་ཚང་འཛོམས་ཐོག་ཟབ་སྦྱོང་དངོས་སུ་དབུ་འཛུགས་ཞུས་ཡོད།

སྐབས་དེར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ནས་ཤེས་རིག་ལས་ཁུངས་ངོས་ནས་སློབ་གྲྭ་ཁག་ཏུ་མདུན་ལམ་སློབ་སྟོན་བྱ་རྒྱུ་གལ་ཆེ་གཟིགས་ཏེ་མདུན་ལམ་སྟོན་པ་བསྐོ་བཞག་གནང་ཡོད་པ་དང་། མདུན་ལམ་སློབ་སྟོན་པ་རྣམས་ནས་ཀྱང་སློབ་ཕྲུག་གི་ཤེས་ཡོན་ཙམ་མ་ཡིན་པར་མ་འོངས་མདུན་ལམ་འདེམས་ཕྱོགས་ཐད་རོགས་སྐྱོར་གནང་དགོས་པའི་ལམ་སྟོན་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་བལ་གཉིས་ནང་ཡོད་པའི་བོད་སློབ་ཁག་གི་མདུན་ལམ་སློབ་སྟོན་པ་གྲངས་ ༢༢ མཉམ་ཞུགས་ཀྱིས་བྷེང་ལོར་དུ་རྟེན་གཞི་བྱས་པའི་བྷ་ནར་ཇ་བསྟི་གནས་ཁང་(Bnajara Academy)གི་འབུམ་རམས་པ་ཨ་ལི་ཁ་ཝ་ཇ་(Ali Khwaja)ལགས་དང་། པཱུརྞི་མཱ་ག་ཎེཤ་(Purnima Ganesh)ལགས་གཉིས་ནས་བྱིས་པའི་འཚར་ལོངས་དང་། བྱིས་དུས་ཀྱི་གཤིས་ཀ་འགྱུར་ལྡོག འཁྲིག་སྦྱོར་ལུས་འབྲེལ་སོགས་ཀྱི་སྐོར་སློབ་སྟོན་གནང་གི་ཡོད་པ་བཅས།།

སྔོན་མ།
དགེ་སློབ་རྩོམ་འབྲི་ཐེངས་བདུན་པའི་གསལ་བསྒྲགས།
ཕྱི་མ།
༢༠༢༤ ལོའི་ UWC སློབ་ཡོན་གསལ་བསྒྲགས།
Menu