ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམ་པར་འགོ་འཁྲིད་ཟབ་སྦྱོང་གནང་འགོ་ཚུགས་པ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མ་ཧཏྦ་ (Mahattattva) ཚོགས་པ་ཟུང་སྦྲེལ་ཐོག་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།

དེ་ཡང་མ་ཧཏྦ་ཚོགས་པའི་ཆེད་མཁས་པའི་སློབ་སྟོན་འོག་འགོ་ཁྲིད་ཟབ་སྦྱོང་དེ་བཞིན་ཆ་ཤས་བརྒྱད་དུ་ཕྱེས་ཏེ་སློབ་སྤྱི་དང་དགེ་ཆེ་རྣམ་པའི་འགོ་ཁྲིད་ནུས་རྩལ་གོང་མཐོར་གཏང་རྒྱུ་ཡིན་པ་ལྟར། ཆ་ཤས་དང་པོ་བཞི་དྲྭ་ཐོག་ནས་སློབ་ཁྲིད་གནང་རྒྱུ་དང་། དེ་འཕྲོས་ཆ་ཤས་བཞི་ས་གནས་སུ་སྦྱོང་བརྡར་གནང་རྒྱུ་ཡིན་ཞིང་། ཟབ་སྦྱོང་གི་སློབ་སྟོན་པ་མ་ཧཏྦ་ཚོགས་པའི་སྤྱི་ཁྱབ་དཱི་པ་ཤ་ཧུ་ནི་(Deepti Sawhney) ལགས་གཙོས་པའི་ལས་རོགས་ཤི་ན་རོ་ཧི་ (Sneha Roy) ལགས་དང་། ཨི་སི་ཕི་མ་ཐི་ (Stephy K Mathai) ལགས་ནས་གནང་གི་ཡོད་པ་རེད།

དེ་ཡང་ཟབ་སྦྱོང་གི་ཆ་ཤས་དང་པོ་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༢༢ ཉིན་དྲྭ་ཐོག་ནས་དབུ་འཛུགས་ཐོག་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་གཞོན་པ་བསྟན་འཛིན་ངག་སྒྲོན་ལགས། སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་ ༣༤ མཉམ་ཞུགས་གནང་ཡོད།

ཟབ་ཁྲིད་སྐབས་སློབ་སྤྱི་དང་དགེ་ཆེ་རྣམ་པར་སློབ་གྲྭའི་ནང་སློབ་ཕྲུག་གཙོ་བོར་བཟུང་སྟེ་འཆར་གཞི་འཆར་འགོད་དང་དམིགས་ཚད་བཟུང་རྒྱུའི་ཐད་སློབ་སྟོན་གནང་གི་ཡོད་པ་མ་ཟད། ཟབ་སྦྱོང་བ་རྣམས་སྡེ་ཚན་ཆ་བགོས་ཀྱིས་བྱེད་སྒོ་རྣམ་གཞག་དང་། བགྲོ་གླེང་། འགོ་ཁྲིད་ཀྱི་ཁྱད་ཆོས་དང་འབྲེལ་བའི་གནས་ཚུལ་དཔྱད་ཞིབ་ཀྱི་བྱེད་སྒོ་སོགས་སྤེལ་ཏེ་སློབ་ཁྲིད་གནང་གི་ཡོད་པ་རེད།

ཟབ་སྦྱོང་གི་ཆ་ཤས་གཞན་གསུམ་རིང་མིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༢༡ དང་། ཟླ་བ་ ༡༠ ཚེས་ ༡༩ ཟླ་བ་ ༡༢ ཚེས་ ༠༧ བཅས་སུ་དྲྭ་ཐོག་ནས་བསྐོང་ཚོགས་གནང་རྒྱུ་དང་། ཆ་ཤས་མཐའ་མ་བཞི་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༣ ནས་ ༠༥ བར་བཞུགས་སྒར་རྡ་རམ་ས་ལར་འཚོགས་རྒྱུ་ཡིན།

སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམ་པའི་འགོ་ཁྲིད་ཟབ་སྦྱོང་ལ་ (Alinea International) བརྒྱུད་ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས།།

 

སྔོན་མ།
བོད་དགེའི་འོས་སྦྱོང་ཆེད་འཚང་སྙན་འབུལ་དུས་ཕར་འགྱངས་ཞུས་པའི་གསལ་བསྒྲགས།
ཕྱི་མ།
དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ།