༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༢༡ རེས་གཟའ་ལྷག་པ་ཉིན་འདི་ག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོའམ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་འགན་འཛིན་གཞོན་པ་དང་མཐུན་སྦྱོར་བ་རྒན་པ་བརྩོན་འགྲུས་བསམ་འཕེལ་ལགས། དེ་བཞིན་བོད་པའི་སློབ་གྲྭ་ཁག་གི་དགེ་རྒན་མཐུན་སྦྱོར་བ་ཁྱོན་མི་གྲངས་ ༦༦ བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་གི་ངོ་སྤྲོད་དང་འབྲེལ་སཱི་ཤེས་ཡོན་གྱི་གལ་གནད་སྐོར་གསུང་བཤད་གནང་།
དེ་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་སཱི་ཤེས་ཡོན་སློབ་གསོ་ཐོག་ཐུགས་འཁུར་ཆེན་པོ་མཛད་ཀྱི་ཡོད་པ་དང་། འཛམ་གླིང་ནང་དུ་དེའི་གལ་གནད་ངོས་འཛིན་གནང་བའི་ཐོག་ཤེས་ཡོན་བསྟི་གནས་ཁང་ ༦༠ ལྷག་གི་ནང་སཱི་ཤེས་ཡོན་ལག་བསྟར་གནང་བཞིན་ཡོད་པ་ངོ་སྤྲོད་གནང་། དེ་བཞིན་སློབ་གྲྭ་ཁག་ཏུ་བདུན་ཕྲག་རེ་རེའི་ནང་ཉིན་གཅིག་སཱི་ཤེས་ཡོན་གྱི་སློབ་གསོ་ཐོག་དོ་སྣང་གནང་དགོས་གལ་སྐོར་ནན་བརྗོད་གནང་ཞིང་། ཤེས་ཡོན་ནི་ལག་ཆ་ལྟ་བུ་ཡིན་ལ། སཱི་ཤེས་ཡོན་བརྒྱུད་ལག་ཆ་དེ་ཇི་ལྟར་བེད་སྤྱོད་གཏོང་མིན་ལ་ཕན་ཐོགས་ཡོད་པ་དང་། མི་སྒེར་སོ་སོའི་བདེ་ཐང་མ་ཟད། གཞན་ལའང་ཕན་ཐོགས་གྲུབ་ངེས་ཡིན་ཞེས་གསུངས།
དེ་རྗེས་སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དེང་སྐབས་བྲེལ་ཚུབ་ཅན་གྱི་དུས་སུ་ཕྱིའི་དངོས་པོའི་བདེ་བ་འཚོལ་བ་ལས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་རྒྱུ་གལ་འགངས་ཆེ་བ་ཡིན་པ་དང་། སོ་སོའི་བདེ་སྐྱིད་ནི་རང་ཉིད་ཀྱི་ཉིན་རེར་གོམས་གཤིས་དང་། ཀུན་སློང་ལ་རག་ལས་ཡོད་ཅེས་འགྲེལ་བརྗོད་གནང་། དེ་དང་འབྲེལ་ཏེ་ཁོང་གིས་སཱི་ཤེས་ཡོན་གྱི་སློབ་གསོས་འཛམ་གླིང་ཡོངས་སུ་ཕན་ཐོགས་གྲུབ་བཞིན་ཡོད་པ་དང་། དེའི་གལ་གནད་ཤེས་པའི་སྒོ་ནས་ཐོག་མར་སོ་སོའི་ཁྱིམ་ཚང་ནས་འགོ་བཙུགས་དགོས་པའི་ནན་བརྗོད་གནང་ཡོད།
མཐར་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་སྡེ་འགན་ཀརྨ་བདེ་སྐྱིད་ལགས་ཀྱི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད་པ་རེད། ཌེ་ནི་ཌ་(DANIDA) རོགས་ཚོགས་ཀྱིས་མཐུན་འགྱུར་གནང་བའི་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་ཟབ་སྦྱོང་འདི་བཞིན་ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༧ བར་ཉིན་གྲངས་བདུན་རིང་ཚོགས་རྒྱུ་ཡིན་པ་དང་། སྐབས་དེར་བོད་སློབ་ཁག་ ༣༣ ནས་སཱི་ཤེས་ཡོན་མཐུན་སྦྱོར་བ་གྲངས་ ༦༦ མཉམ་ཞུགས་གནང་ཡོད་པ་བཅས།།