༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༡༢ ནས་ ༡༧ བར་ཉིན་གྲངས་དྲུག་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དང་། མ་སུ་རི་སཾ་བྷོ་ཊ་གཏན་སློབ་གཉིས་ཀྱི་འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་སློབ་ཕྲུག་རྣམས་ལ་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གནང་ཡོད།
དེ་ཡང་ཟབ་སྦྱོང་འདི་བརྒྱུད་སློབ་ཕྲུག་ཁྲོད་གསར་གཏོད་དང་། གདེང་སྤོབས། མཉམ་ལས་བཅས་ཀྱི་ནུས་པ་གོང་མཐོར་གཏོང་ཆེད་ལས་རིམ་བཀོད་སྒྲིག་ཞུས་ཡོད་པ་དང་། ཚོགས་པའི་ལམ་ལུགས་བརྒྱུད་འགོ་ཁྲིད་ཞིབ་འཇུག་བྱེད་པའི་གོ་སྐབས་འདྲ་མིན་བསྐྲུན་ཐུབ་ཡོད། ཟབ་སྦྱོང་གྲུབ་རྗེས་སློབ་གྲྭ་ནས་ཕྲུག་གུའི་དོ་དབྱིངས་དང་། དགོས་མཁོ། དཀའ་ངལ་བཅས་ལ་གཞིགས་ནས་མཐུན་ཚོགས་འདྲ་མིན་གསར་འཛུགས་གནང་རྒྱུ་ཡིན་པ་རེད། ཚོགས་པ་དེ་དག་ནི་སློབ་ཕྲུག་ཚོས་འགོ་ཁྲིད་བྱ་རྒྱུ་དང་། སློབ་སྟོན་པ་དང་དགེ་རྒན་རྣམས་ནས་མཐུན་འགྱུར་དང་ལམ་སྟོན་གནང་རྒྱུ་ཡིན། ཟབ་སྦྱོང་འདིས་གསར་གཏོད་དང་། སོ་ནམ་དང་སྔོ་ཚལ་ཕྲ་མོ། ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་། རྩེད་རིགས་དང་གཟུགས་གཞི་བདེ་ཐང་ཉིན་མོ། ཁྲོམ་ཟས་དང་ཚོང་ལས་ཆུང་ཚགས། མ་འོངས་པའི་གྱོན་གོས་དཔེ་གསར་སོགས་བརྗོད་གཞི་སྣ་མང་ཚུད་ཡོད།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་ལགས་དང་། དྲུང་ཆེ་ལས་རོགས་མིག་དམར་ཚེ་རིང་ལགས། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། མ་སུ་རི་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་བཟང་པོ་རིག་འཛིན་ལགས། མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སློབ་སྤྱི་ཆོས་སྒྲོན་ལགས་བཅས་ཕེབས་ཡོད།
ཐོག་མར་སྐུ་མགྲོན་གཙོ་བོ་བསྟན་འཛིན་ཕྱོགས་གླང་ལགས་ཀྱིས་དབུ་འབྱེད་གསུང་བཤད་གནང་སྐབས་སློབ་ཕྲུག་གི་འགོ་ཁྲིད་ནུས་པའི་གལ་གནད་ཐོག་ནན་བཤད་གནང་བ་དང་། ཚོགས་བཅར་བ་རྣམས་ལ་ཉིན་དྲུག་གི་ཟབ་སྦྱོང་འདི་དོན་ཕན་ལྡན་པ་ཞིག་བཟོ་དགོས་པའི་སྐུལ་མ་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་སློབ་སྤྱི་བཟང་པོ་རིག་འཛིན་ལགས་ཀྱིས་སློབ་ཕྲུག་རེ་རེ་ནི་རང་རང་གི་སྒོ་ནས་འགོ་ཁྲིད་ཅིག་ཡིན་ལ། རང་ཉིད་ལ་ཡིད་ཆེས་བྱེད་པ་ནི་རང་གི་སྤོབས་པ་གོང་འཕེལ་གཏོང་བའི་ལྡེ་མིག་ཡིན་ཞེས་གསུངས།
དེ་རྗེས་ཤེས་རིག་སློབ་སྟོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གི་དམིགས་ཡུལ་ངོ་སྤྲོད་གནང་བ་དང་། སློབ་ཕྲུག་ཚོས་རང་ཉིད་ཀྱི་དོ་དབྱིངས་དང། སྤྲོ་སྣང་། རིག་རྩལ་སོགས་རྙེད་པར་སློབ་གྲྭའི་མཐུན་ཚོགས་ཀྱི་གལ་གནད་ཡང་གསལ་སྟོན་གནང་།
དབྱར་དུས་འགོ་ཁྲིད་ཟབ་སྐྱོང་འདི་ནི་ཁེ་ན་ཌ་རོགས་ཚོགས་ཀྱིས་མཐུན་འགྱུར་གནང་བ་ཞིག་ཡིན་ཞིང་། སྐབས་དེར་སློབ་ཕྲུག་ ༡༧༤ མཉམ་ཞུགས་གནང་ཡོད། དེ་དང་འདྲ་བའི་ཟབ་སྦྱོང་ཁག་མོན་གྷོ་སཾ་བྷོ་ཊ་གཏན་སློབ་དང་། གོ་པལ་པུར་བོད་ཁྱིམ་སློབ་གྲྭ ལ་དྭགས་བོད་ཁྱིམ། མེའོ་སཾ་བྷོ་ཊ་བཅས་སུའང་ཚོགས་ཡོད།
ཟབ་སྦྱོང་འདི་ནི་ཏེ་ལང་གྷ་ནར་རྟེན་གཞི་བྱས་པའི་སྤྱི་ཚོགས་གཟེངས་རྟགས་ཐོབ་མྱོང་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ KAARMIC Education & adventureX ཞེས་པའི་འགན་འཛིན་དང་། གསར་འཛུགས་གནང་མཁན་ཨ་དི་ཐ་ཡ་སུབ་ར་མ་ནི་ཡན་ལགས་དང་ཁོང་གི་ལས་རོགས་རྣམ་པས་མཐུན་འགྱུར་གནང་ཡོད་པ་བཅས།།