
༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༤ ནས་ ༩ བར་འདི་ག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་གོ་སྒྲིག་འོག་མེའོ་སཾ་བྷོ་ཊ་ཉིན་སློབ་ཀྱི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་རྣམས་ལ་དགུན་དུས་འགོ་ཁྲིད་ཟབ་སྦྱོང་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་ཚོར་ཚོགས་ཆུང་གསར་འཛུགས་བརྒྱུད་འགོ་ཁྲིད་ནུས་རྩལ་སྦྱོང་བརྡར་སྤྲོད་རྒྱུ་དེ་ཡིན་པ་དང་། ཟབ་སྦྱོང་རྗེས་སུ་སློབ་གྲྭའི་ནང་དུ་སློབ་ཕྲུག་གི་དགོས་མཁོ་དང་། དཀའ་ངལ། དོ་དབྱིངས་ལ་གཞིགས་ཏེ་ཚོགས་ཆུང་འཛུགས་རྒྱུ་དང་། ཚོགས་ཆུང་དེ་ཉིད་སློབ་ཕྲུག་ངོས་ནས་འགོ་ཁྲིད་རྒྱུ་ཡིན་ལ། དགེ་རྒན་རྣམས་ནས་དེ་དོན་ལམ་སྟོན་གནང་རྒྱུ་ཡིན་པ་རེད། ཟབ་སྦྱོང་ནང་དམིགས་ཡུལ་འཛིན་སྟངས་དང་། ཡུལ་སྐོར་རྩེད་མོ། སོ་ནམ་གསར་གཏོད། གནམ་གཤིས་འགྱུར་ལྡོག་དང་འཕྲུལ་ཆས། བཅོས་མའི་རིག་ནུས། སྒྲུང་གཏམ་བཤད་རྒྱུ། དེ་བཞིན་སློབ་གྲྭའི་ནང་སློབ་ཕྲུག་ཚོགས་ཆུང་གསར་འཛུགས་བྱ་ཐབས་སྐོར་སློབ་ཁྲིད་གནང་ཡོད་པ་རེད།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཚེ་རིང་དོན་གྲུབ་ལགས་དང་། དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ། རྡོར་གླིང་སཾ་བྷོ་ཊ་དང་ཅནྡྲ་གི་རི་སཾ་བྷོ་ཊ་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་རྣམ་པ། དང་བླངས་དགེ་རྒན་བཅས་ཕེབས་ཡོད། ཁེ་ན་ཌའི་རོགས་ཚོགས་ (Global Affairs Canada) ནས་མཐུན་འགྱུར་གནང་བའི་དགུན་དུས་འགོ་ཁྲིད་ཟབ་སྦྱོང་འདི་ནི་མཉམ་ཞུགས་པ་ཚོས་རང་ཉིད་དང་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཐབས་སྐོར་སློབ་སྦྱོང་བྱེད་སའི་སྡིངས་ཆ་ཞིག་ཡིན། དེ་དང་འདྲ་བའི་ཟབ་སྦྱོང་ཞིག་ཕྱི་ལོ་ ༢༠༢༤ ཟླ་བ་ ༦ པའི་ནང་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་ཡང་གོ་སྒྲིག་གནང་ཡོད།
ཟབ་སྦྱོང་འདི་རྒྱ་གར་གྱི་མངའ་སྡེ་ཏེ་ལངྒཱ་ནཱའི་ནང་རྟེན་གཞི་བྱས་པའི་སྤྱི་ཚོགས་གཟེངས་རྟགས་ཐོབ་མྱོང་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ (edventure X) གསར་འཛུགས་གནང་མཁན་དང་འགན་འཛིན་ཨ་དི་ཐི་ཡ་སུབ་ར་མ་ནི་ཡན་ (Adithya Subramanian) ལགས་དང་ཚོགས་མི་རྣམས་ནས་སློབ་སྟོན་གནང་གི་ཡོད་པ་བཅས།།




