ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་ལ་དྭགས་བོད་ཁྱིམ་སློབ་གྲྭར་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༢༥ ནས་ ༣༠ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལ་དྭགས་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བརྒྱད་པ་ནས་དགུ་པ་བར་གྱི་སློབ་ཕྲུག་རྣམས་ལ་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།

དེ་ཡང་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། གཞན་ལ་སྣེ་ཁྲིད་ཐུབ་པ་ཙམ་མ་ཡིན་པར་སློབ་ཕྲུག་ཚོའི་ཁྲོད་དུ་འདྲི་རྩད་ཀྱི་བསམ་བློ་དང་། འགན་འཁྲིའི་འདུ་ཤེས། སྤྱི་ཚོགས་ཀྱི་འདུ་ཤེས་བརྟན་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད། སྐབས་དེར་ (Edventure X) ཞེས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ཨ་དིཐ་ཡཱ་ (Adithya Subramanian) ལགས་དང་། ཁོང་གི་ཕྱག་རོགས་བཞིས་སློབ་ཁྲིད་གནང་སྟེ་ཕྲུ་གུ་ཚོར་འགན་འཁྲིའི་ལྟ་བ་དང་ལག་བསྟར་གཉིས་ཀའི་ཐོག་སློབ་སྟོན་གནང་ཡོད།

ཟབ་སྦྱོང་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་བོད་ཁྱིམ་གྱི་ངེས་སྟོན་པ་བསྟན་འཛིན་རབ་བརྟན་ལགས་ཕེབས་ཡོད་པ་དང་། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་ཟབ་སྦྱོང་ཀྱི་དགོས་དམིགས་སོགས་ངོ་སྤྲོད་དང་སྦྲགས། ཟབ་སྦྱོང་དངོས་གཞི་སྐབས་སློབ་གཉེར་བ་རྣམས་ནས་དོ་སྣང་ཆེན་པོའི་སྒོ་ནས་སློབ་སྟོན་པའི་ལམ་སྟོན་ལ་ཉན་དགོས་པའི་སྐུལ་མ་གནང་ཡོད།

ཉིན་དྲུག་གི་ཟབ་སྦྱོང་རིང་སློབ་གཉེར་བ་རྣམས་སྡེ་ཚན་ཁག་ཏུ་ཆ་བགོས་ཀྱིས་བྱེད་སྒོ་སྣ་མང་ཞིག་གོ་སྒྲིག་ཞུས་ཡོད་པ་མ་ཟད། བྱེད་སྒོ་དེ་དག་ཕྲུ་གུའི་དབར་འབྲེལ་ལམ་ཡར་རྒྱས་གཏང་རྒྱུ་དང་། མཉམ་རུབ་ཀྱི་ལས་འཆར་བཟོ་སྟངས་བཅས་ཀྱི་སྐོར་གོ་རྟོགསསྤེལ་ཡོད།

མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལ་དྭགས་བོད་ཁྱིམ་གྱི་སློབ་སྤྱི་དོན་འདུལ་འཇིགས་མེད་ལགས་ཕེབས་ཏེ་མཉམ་ཞུགས་པ་རྣམས་ལ་ཕྱག་འཁྱེར་གནང་བ་མ་ཟད། ཟབ་སྦྱོང་དུ་མཉམ་ཞུགས་གནང་བར་ཡི་རང་བསྔགས་བརྗོད་ཞུས་ཡོད། དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་སློབ་གྲྭའི་འཛིན་སྐྱོང་དང་། ལས་བྱེད་བཅས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།

ཟབ་སྦྱོང་དེར་མཐུན་འགྱུར་གནང་མཁན་ (Global Affairs Canada) ཡིན་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་དྲུང་ཆེ་མཆོག་དང་མཇལ་མོལ་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་སུ་ཇ་བོད་ཁྱིམ་དུ་ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu