ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟློས་གར་དང་སྒྲུང་གཏམ་གྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སྦེལ་ཀོབ་སེར་བྱེས་ཡིད་དགའ་ཆོས་གླིང་མགྲོན་ཁང་དུ་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༢ ནས་ ༢༥ བར་ཉིན་གྲངས་བཞི་རིང་སྔོན་འགྲོའི་དགེ་རྒན་གྱི་ཟློས་གར་དང་སྒྲུང་གཏམ་གྱི་ཟབ་སྦྱོང་ཚོགས་ཡོད་པ་དང་། ཟབ་སྦྱོང་ནང་སྦེལ་ཀོབ་ས་གནས་སློབ་གྲྭ་ནས་སྔོན་འགྲོའི་དགེ་རྒན་ ༡༢ དང་། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་སྔོན་འགྲོའི་དགེ་རྒན་ ༩། གུ་རུ་པུ་ར་ (Gurupura) དང་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་སྔོན་འགྲོའི་དགེ་རྒན་ ༤ རེ་དང་། སེ་ར་བྱེས་སྨད་གཉིས་ནས་སྔོན་འགྲོའི་དགེ་རྒན་ ༣ བཅས་ཀྱི་སྔོན་འགྲོའི་དགེ་རྒན་ཁྱོན་བསྡོམས་གྲངས་ ༣༢ མཉམ་ཞུགས་གནང་ཡོད།

དེ་ཡང་སྔོན་འགྲོའི་དགེ་རྒན་གྱི་ཟློས་གར་དང་སྒྲུང་གཏམ་གྱི་ཟབ་སྦྱོང་དབུ་འབྱེད་མཛད་སྒོར་ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་། ཁྱད་སྟོན་མི་སྣ། དེ་བཞིན་མཉམ་ཞུགས་པ་ཡོངས་ལ་ཕེབས་བསུ་དང་ཟབ་སྦྱོང་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བདེ་སྐྱིད་སླར་གསོ་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་སྐབས་གཙོ་བོ་ཟབ་སྦྱོང་གི་ངོ་བོའི་སྐོར་ཤེས་རྟོགས་བྱེད་དགོས་པའི་གལ་གནད་དང་། མཉམ་ཞུགས་པ་རྣམས་ཀྱིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་སྟེ་ཟབ་སྦྱོང་གི་གོ་སྐབས་དེ་ཚད་དང་ལྡན་པ་བེད་སྤྱོད་གཏོང་དགོས་པའི་རེ་སྐུལ་གནང་ཡོད། གཞན་ཡང་ཁོང་གིས་དགེ་རྒན་རྣམ་པའི་ཆེད་ལས་ཧ་ཅང་རྩ་ཆེན་པོ་ཡིན་སྟབས། དགེ་རྒན་རྣམ་པས་འགན་འཁུར་གནང་སྟེ་སློབ་ཕྲུག་ཚོར་བྱམས་སྐྱོང་དང་ལྡན་པའི་སྒོ་ནས་སློབ་ཁྲིད་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད།

རྒྱ་གར་ལྷོ་ཕྱོགས་གོ་ཝཱ་མངའ་སྡེ་ནས་ཡིན་པའི་ཁྱད་སྟོན་མི་སྣ་སུ་ཇཱ་ཏ་ནོ་རོན་ཧ་ (Sujata Noronha) ལགས་དང་ཤི་རི་ཡ་སིང་ཧ་ (Shreya Sinha alias Alia) ལགས་ཀྱིས་བྱིས་སྒྲུང་དང་། བྱིས་པའི་སྐབས་ཀྱི་སྒྲུང་དྲན་གསོ། བྱིས་སྒྲུང་གི་དབྱེ་བ། སྐད་ཡིག སྒྲུང་གཏམ། གླུ་གར་རྩེད་མོ་བཅས་ཀྱི་གལ་གནད་སོགས་ཀྱི་སྐོར་ཟབ་ཁྲིད་གནང་ཡོད། ཟབ་སྦྱོང་གི་ཉིན་མཐའ་མར་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་དཔེ་མཛོད་དོ་དམ་པ་ཀརྨ་སྒྲོལ་མ་ལགས་དང་བོད་རོགས་སྐྱོར་ཐེབས་རྩའི་ (Help Tibet Trust) འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཟླ་མཛེས་ལགས་ཀྱིས་བྱིས་སྒྲུང་དཔེ་དེབ་རྣམས་འགྲེམས་སྟོན་དང་། ཟབ་སྦྱོང་སྐབས་དགེ་རྒན་རྣམས་ལ་བོད་སྐད་དུ་སྐད་སྒྱུར་གནང་ཡོད།

ཁྱད་སྟོན་མི་སྣ་དང་མཉམ་ཞུགས་པ་ཡོངས་ལ་ཉིན་གུང་གསོལ་ཚིགས་གོ་སྒྲིག་གནང་ཡོད་པ་དང་། དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་མཉམ་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད། མཉམ་ཞུགས་པ་ཡོངས་ནས་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གསུངས་ཡོད། ཤེས་རིག་ཤེས་ཡོན་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ལ་ཟབ་སྦྱོང་གོ་སྒྲིག་གནང་རོགས་དང་། ཨ་རིའི་རོགས་ཚོགས་ (USAID) ཞེས་པས་ཟབ་སྦྱོང་ཆེད་དུ་འགྲོ་གྲོན་གྱི་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
འཇོན་རྩལ་གཞིར་བཞག་གི་དཔྱད་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
ཕྱི་མ།
སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་བར་མའི་བོད་དགེ་དང་ཚན་རིག་དགེ་རྒན་གྱི་རིགས་ལམ་ཟབ་སྦྱོང་དབུ་འབྱེད་གནང་བ།
Menu