ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སྐད་ཡིག་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ལེགས་བཅོས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་།

གསར་འཕྲིན།

 

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་དཔེ་འབུ་ (Bookworm) ཞེས་པའི་ཚོགས་པའི་གོ་སྒྲིག་འོག་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སྐད་ཡིག་དགེ་རྒན་རྣམས་ལ་བྱིས་པའི་ཀློག་རྩལ་ལེགས་བཅོས་ཀྱི་ཟབ་སྦྱོང་ཞིག་རྒྱ་གར་གྱི་མངའ་སྡེ་གྷོ་ཝཱར་བསྐོང་ཚོགས་གནང་ཡོད།

དེ་ཡང་ཐེངས་འདིའི་ཟབ་སྦྱོང་དེ་བཞིན་སློབ་ཕྲུག་གི་ཀློག་རྩལ་ཡར་རྒྱས་གཏོང་ཕྱོགས་ཐད་དགེ་རྒན་རྣམས་ལ་ལམ་སྟོན་ཞུ་རྒྱུ་ཡིན་པ་ལྟར། དགེ་རྒན་རྣམས་ལ་ཟབ་སྦྱོང་རིམ་པ་གསུམ་གནང་སྟེ། སྔོན་འགྲོའི་ཟབ་སྦྱོང་ཟླ་བ་ ༠༣ ཚེས་ ༢༦ དང་ ༢༧ བཅས་ཉིན་གཉིས་རིང་དྲྭ་ཐོག་ནས་བསྐོང་ཚོགས་གནང་ཡོད་པ་དང་། ཟླ་བ་ ༠༤ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་ཟབ་སྦྱོང་དངོས་གཞི་གྷོ་ཝཱར་འཚོགས་ཡོད། རིང་མིན་ཕྱི་ཟླ་ ༧ ནང་དྲྭ་ཐོག་ནས་ཟབ་སྦྱོང་གི་མཇུག་སྐྱོང་གནང་རྒྱུ་ཡིན་པ་རེད།

མཉམ་ཞུགས་པ་རྣམས་ལ་དཔེ་ཀློག་གི་ཐབས་ལམ་དང་བྱེད་སྒོ་སྣ་ཚོགས་ངོ་སྤྲོད་ཞུས་པ་དང་། དེ་དག་གིས་དཔེ་ཀློག་ཐད་རོགས་རམ་དགོས་པའི་སློབ་ཕྲུག་ངོས་བཟུང་བའི་ཐོག་དཔེ་ཀློག་ལ་སྤྲོ་སྣང་དང་ཡར་རྒྱས་གཏོང་བར་ཕན་ཐོགས། སྐབས་དེར་མཉམ་ཞུགས་པ་རྣམས་ལ་ལས་འཆར་འདིའི་སྐོར་གོ་རྟོགས་བྱུང་ཡོད་པ་མ་ཟད། ཉིན་གཉིས་པར་ཁོང་ཚོ་གྷོ་ཝཱའི་མཚོ་འགྲམ་དུ་སོང་ནས་རང་བྱུང་ཁམས་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་སྤེལ། ཉིན་གསུམ་པར་ཁོང་ཚོ་གྷོ་ཝཱའི་དབུས་དཔེ་མཛོད་ཁང་དང་དཔེ་འབུའི་དཔེ་མཛོད་ཁང་དུ་ཕེབས་ཏེ། དཔེ་འབུའི་སློབ་ཁྲིད་པ་རྣམས་དང་ལྷན་དུ་དཔེ་ཀློག་ཚོགས་པའི་དཔེ་ཀློག་འཆར་འགོད་སོགས་ཀྱི་སྐོར་རྒྱུས་ལོན་ཞུས་ཡོད།

ཟབ་སྦྱོང་ནང་བོད་སློབ་ཁག་ ༣༧ ནས་དགེ་རྒན་གྲངས་ ༤༨ མཉམ་ཞུགས་གནང་ཡོད་པ་དང་། ཁོང་རྣམས་ལ་སུ་ཇ་ཏ་ནོ་རོ་ན་ལགས་དང་། ཨ་ནནྡི་ཏ་ར་ཧོ་ལགས། ཇེ་ནི་ཕར་ཐོ་མ་སི་ལགས། བིཤ་བ་ནཐ་ལགས། མེལ་ཀོམ་ལགས་བཅས་ནས་སློབ་སྟོན་གནང་ཡོད།

ཟབ་སྦྱོང་འདིར་ཨ་རིའི་རོགས་ཚོགས་ཀྱིས་མཐུན་འགྱུར་གནང་བའི་ཐོག་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ལས་བསོད་ནམས་གང་བཟང་ལགས་ཀྱིས་འབྲེལ་མཐུད་ཞུས་ཡོད་པ་བཅས།།

སྔོན་མ།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ནང་དགེ་རྒན་གསུམ་གྱི་ས་མིག་གསལ་བསྒྲགས།
ཕྱི་མ།
བོད་སྒྱུར་བྱིས་སྒྲུང་ཞུ་དག་ལེགས་གྲུབ་བྱུང་བ།
Menu