ཟླ་རེའི་གསར་འགྱུར།

སཱི་ཤེས་ཡོན་སློབ་གསོའི་རིམ་པ་དང་པོའི་མཐུན་སྦྱོར་བའི་ཟབ་སྦྱོང་ལེགས་གྲུབ་ཟིན་པ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༢ ནས་ ༡༥ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དྲྭ་ཐོག་སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་སཱི་ཤེས་ཡོན་སློབ་གསོའི་རིམ་པ་དང་པོའི་མཐུན་སྦྱོར་བ་ཡོངས་ལ་ཉིན་བཞིའི་ཟབ་སྦྱོང་དངོས་སུ་གོ་སྒྲིག་ཞུས་ཡོད།

ཉིན་དང་པོའི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ནས་ཟབ་སྦྱོང་ངོ་སྤྲོད་དང་དེ་བཞིན་མཉམ་ཞུགས་པ་ཕན་ཚུན་ངོ་སྤྲོད་གནང་ཡོད་པ་དང་། ཟབ་སྦྱོང་གྱི་མཐུན་སྦྱོར་བའི་ཁོངས་སུ་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། བརྩོན་འགྲུས་བསམ་འཕེལ་ལགས། དགེ་བཤེས་བསྟན་འཛིན་མཚན་ལེགས་ལགས། འབུམ་རམས་པ་བསྟན་འཛིན་བསོད་ནམས་ལགས། བསྟན་འཛིན་པདྨ་བཅས་ཡིན་པ་དང་། མཉམ་ཞུགས་གནང་མཁན་གྱི་ཁོངས་སུ་བོད་པའི་སློབ་གྲྭའི་སྡེ་ཁག་བཞི་ནས་སྐུ་ཚབ་ ༢༦ དང་། དེ་མིན་ཤེས་རིག་ལས་ཁུངས་དང་ས་རཱ་མཐོ་སློབ་ནས་གསུམ་བཅས་ཁྱོན་བསྡོམས་མཉམ་ཞུགས་པ་ ༢༩ ཡོད། དེའང་དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནས་ ༡༡ དང་། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་ ༣། སཾབྷོ་ཊ་ཁྱབ་ཁོངས་ནས་ ༨། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་ནས་ ༤ ཡོད། ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་ཡོངས་རྫོགས་འདི་ལོའི་ཟླ་ ༢ ནས་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བའི་དྲྭ་ཐོག་སྦྱོང་བརྡར་གནང་བཞིན་པ་དང་། ཟླ་བདུན་གྱི་སྦྱོང་བརྡར་དེ་ཉིད་ཟླ་ ༨ ནང་མཇུག་བསྒྲིལ་རྒྱུ་དང་། ཟླ་ ༡༠ ནང་ཚུད་ལ་སློབ་ཚན་གྱི་ནང་སྦྱོང་ཆ་ཚང་ཕུལ་ཟིན་པ་དགོས། དེའི་རྗེས་ཁོང་རྣམས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ངོས་འཛིན་ཡོད་པའི་སཱི་ཤེས་ཡོན་སློབ་གསོའི་རིམ་པ་དང་པོའི་མཐུན་སྦྱོར་བ་ཆགས་ཀྱི་ཡོད་པ་དང་། ཁོང་རྣམས་ཀྱིས་བཙན་བྱོལ་དུ་ཡོད་པའི་བོད་པའི་སློབ་གྲྭའི་དགེ་ལས་ཡོངས་ལ་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་གནང་ཆོག་གི་ཡོད།

ཟབ་སྦྱོང་དུ་གཙོ་བོ་མཐུན་སྦྱོར་བའི་རྩལ་ཁག་སྦྱོང་རྒྱུ་དང་། ཡར་རྒྱས་གཏོང་རྒྱུ། ལག་བསྟར་གནང་རྒྱུ་དང་། དེ་བཞིན་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་ལྟ་གྲུབ་ཁག དེ་བཞིན་བསླབ་གཞིའི་ནང་དོན་དང་མྱོང་ཚན་ཁག་བསྐྱར་སྦྱོང་གནང་རྒྱུ་བཅས་ཡིན།

ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་མཆོག་དང་། རིགས་སློབ་མ་ལག་གི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་མཆོག་ཕེབས་ཡོད། སྐུ་མགྲོན་གཙོ་བོ་མཆོག་གི་མཇུག་བསྡོམས་གསུང་བཤད་དུ་བོད་ཀྱི་སྐད་ཡིག་གི་ཛ་དྲག་གནས་སྟངས་དང་། གངས་ཅན་པ་ཚོས་བོད་ཀྱི་སྐད་ཡིག་ངེས་པར་དུ་སློབ་སྦྱོང་དང་བེད་སྤྱོད་གནང་རྒྱུའི་སྐོར་དང་། དེ་བཞིན་བོད་པའི་སྤྱི་ཚོགས་ཀྱི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོས་མཁོ་ཡོད་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། དེ་ནས་སློབ་སྡེ་ཁག་གི་སྐུ་ཚབ་བཞི་ནས་ཉིན་བཞིའི་ཟབ་སྦྱོང་ནས་བློ་སྐྱེད་དང་ཉམས་མྱོང་ཇི་བྱུང་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་། མཐའ་དོན་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས། དགེ་བཤེས་བསམ་གཏན་རྒྱ་མཚོ་མཆོག་ནས་མཐུན་སྦྱོར་བའི་སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་རྟེན་འབྲེལ་མཚོན་ཆེད་མཇལ་དར་གནང་ཡོད་པ་བཅས། །

ཉིན་གྲངས་བཞིའི་ཟབ་སྦྱོང་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌེ་ (DANIDA) ཚོགས་པ་ནས་མཐུན་འགྱུར་གནང་ཡོད།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་བདུན་ཕྲག་གཅིག་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས།
ཕྱི་མ།
ཝཱ་ན་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁོངས་དགེ་རྒན་འོས་སྦྱོང་གི་ས་མིག་གསལ་བསྒྲགས།
Menu