ཟླ་རེའི་གསར་འགྱུར།

སུ་ཇཱ་བོད་ཁྱིམ་དུ་གཞི་རིམ་འོག་མའི་དགེ་རྒན་ཁག་གཅིག་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞིག་གནང་དང་གནང་མུས་བཞིན། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༥ ནས་ ༢༩ བར་ཉིན་གྲངས་ལྔའི་རིང་སུ་ཇཱ་བོད་ཁྱིམ་སློབ་གྲྭར་གཞི་རིམ་འོག་མའི་དགེ་རྒན་ཁག་གཅིག་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞིག་ཚོགས་ཡོད་འདུག
དེ་ཡང་ཐེངས་འདིའི་ཟབ་སྦྱོང་ནང་སུ་ཇཱ་བོད་ཁྱིམ་ནས་དགེ་རྒན་བཅུ་གཅིག་དང་། ཅོན་ཏཱ་ར་བོད་ཁྱིམ་ནས་དགེ་རྒན་བརྒྱད་བཅས་ཁྱོན་དགེ་རྒན་བཅུ་དགུས་མཉམ་ཞུགས་གནང་སྟེ་ཟབ་ཁྲིད་གནང་ཡོད་པ་དང་། ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི། བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཡར་རྒྱས་གཏོང་ཕྱོགས་གང་འདྲ་ཡིན་མིན་སྐོར་གཞི་རིམ་འོག་མའི་དགེ་རྒན་ཚོར་རྒྱུས་མངའ་ལྡན་པ་ཞིག་ཡོང་རྒྱུ་དང་། ཀློག་རྩལ་ཁྲིད་ཐབས་གོང་སྤེལ་གྱིས་ལམ་ནས་བོད་པའི་སློབ་གྲྭ་ཁག་གི་ནང་ཀློག་རྩལ་ཡར་རྒྱས་གཏོང་རྒྱུ་དང་ལྷན་དམིགས་བསལ་གཞི་རིམ་འོག་མའི་སློབ་ཕྲུག་ཚོར་ཀློག་རྩལ་དང་ཀློག་རྩལ་གྱི་གོམས་གཤིས་རྒྱུད་ལ་འཇགས་ཐབས་བྱེད་རྒྱུའི་ལས་འཆར་ཞིག་ཡིན་འདུག
ད་བར་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་ཐེངས་ ༡༨ གནང་བའི་ཁྲོད་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༢༩༩ ལ་ཟབ་སྦྱོང་ཕུལ་ཐུབ་པ་བྱུང་བའི་དགེ་རྒན་རྣམས་ཀྱིས་ཟབ་སྦྱོང་དེ་ཉིད་དགེ་རྒན་གྱི་སློབ་ཁྲིད་གནང་ཐབས་དང་། དེ་བཞིན་སློབ་ཕྲུག་ཚོར་ཕན་ཐོགས་ཆེན་པོ་ཡོད་སྐོར་གྱི་དགོངས་འཆར་གསུང་མཁན་ཡང་བྱུང་ཡོད་འདུག ཐེངས་འདིའི་ཟབ་སྦྱོང་ནང་ཟབ་ཁྲིད་གནང་མཁན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ལྕམ་སྐུ་ལ་ཏི་ཀ་གུཔྟཱ་ Dr. Latika Gupta ལགས་ཡིན་འདུག་པ་དང་། ཟབ་སྦྱོང་འདི་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་ USAID རོགས་ཚོགས་ནས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས། །

སྔོན་མ།
ཕྱི་ལོ་ ༢༠༡༦ ལོ་ཡང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་བུ་མོས་མཐོ་བ་བླངས་འདུག
ཕྱི་མ།
གཞི་རིམ་བར་མའི་ཨིན་དགེ་ཁག་གཅིག་ལ་སློབ་ཁྲིད་ཡར་རྒྱས་གཏོང་ཐབས་ཀྱི་ཟབ་སྦྱོང་གནང་།
Menu