ཟླ་རེའི་གསར་འགྱུར།

སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅུ་དྲུག་པ་དབུ་འཛུགས།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༦ ཉིན་སཾ་བྷོ་ཊ་བོད་སློབ་ཚོགས་པའི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ངེས་སྟོན་པ་ཚེ་རིང་དོན་གྲུབ་ལགས་དང་ངེས་སྟོན་པ་གཞོན་པ་བསྟན་འཛིན་ངག་སྒྲོན་ལགས། དེ་བཞིན་སཾ་བྷོ་ཊ་བོད་སློབ་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པ་ལྷན་ཞུགས་ཐོག་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅུ་དྲུག་པ་དབུ་འབྱེད་གནང་ཡོད།

མཛད་སྒོའི་ཐོག་མར་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ངེས་སྟོན་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་ཕེབས་བསུ་དང་སྦྲགས་ཚོགས་འདུའི་གྲོས་གཞི་ཁག་ངོ་སྤྲོད་གནང་རྗེས་དམིགས་བསལ་སྐུ་མགྲོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་ཡོད། སྐབས་དེར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ནས་སློབ་གྲྭའི་འགན་འཛིན་རྣམས་ནས་ཚོགས་འདུའི་ཐོག་རྣམ་དཔྱོད་རྩལ་བཏོན་གྱིས་གྲོས་བསྡུར་ལྷུག་པོ་གནང་དགོས་པ་དང་། དེ་ལྟར་གྲོས་དོན་གྲོས་ཆོད་གཏན་འབེབས་གནང་ཐུབ་ན་སློབ་གྲྭ་སྤྱི་ལ་ཕན་ཐོགས་ཆེན་པོ་འོང་ངེས་པ་འགྲེལ་བརྗོད་གནང་། དེ་བཞིན་ཁོང་གིས་དེང་གི་འཕྲུལ་རིག་ཡར་རྒྱས་དང་བསྟུན་ཏེ་འབྱུང་འགྱུར་སློབ་ཁྲིད་གནང་ཕྱོགས་ལའང་དུས་བསྟུན་ལེགས་བཅོས་དགོས་པ་བཞིན་སློབ་གྲྭ་ཁག་ཏུ་གློག་ཀླད་དང་། བརྙན་སྟོན་འཕྲུལ་ཆས་སོགས་ཀྱི་མཐུན་རྐྱེན་མཁོ་སྤྲོད་གནང་གི་ཡོད་པ་དང་། དེ་ལྟར་སློབ་མའི་དཔྱད་ཞིབ་བསམ་བློ་ཡར་རྒྱས་དང་། འཛིན་གྲྭར་ཕྲུ་གུར་བསམ་བློ་གཏང་རྒྱུའི་གོ་སྐབས་སྐྲུན་ཐོག་ཕྲུ་གུ་གཙོ་བོར་འཛིན་པའི་སློབ་ཁྲིད་ཐབས་ལམ་བསྟེན་ཐབས་གནང་དགོས་པའི་ལམ་སྟོན་གནང་ཡོད།

ཕྱོགས་མཚུངས་ཤེས་རིག་དྲུང་ཆེ་ནས་བཙན་བྱོལ་བོད་མིའི་སློབ་གྲྭའི་ནང་དུ་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ནའང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གང་མང་ཞིག་ཡོད་ཅིང་། ཁོ་ཅག་ལ་ཤེས་རིག་ལས་ཁུངས་ནས་དགོས་ངེས་རོགས་སྐྱོར་མཐུན་རྐྱེན་གང་འོས་སྦྱོར་བཞིན་པ་མ་ཟད། སློབ་གྲྭའི་དགེ་རྒན་རྣམས་ལའང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ལ་ལྟ་སྐྱོང་བྱེད་ཕྱོགས་ཀྱི་ཟབ་སྦྱོང་འབུལ་བཞིན་ཡོད་པ་འགྲེལ་བརྗོད་གནང་། དེ་ལས་འཕྲོས་ཏེ་ཁོང་གིས་མ་འོངས་པར་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ཏུ་ཞབས་ཞུ་མི་འགྲོ་མ་འདེང་བའི་དཀའ་ངལ་འཕྲད་ཉེན་ཆེན་པོ་ཡོད་པས། སློབ་གྲྭའི་ནང་དུ་སློབ་ཕྲུག་ཚོར་བོད་དོན་བསྟན་པ་ཆབ་སྲིད་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཐད་སློབ་གསོ་གང་མང་སྐྱོན་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལམ་སྟོན་གསུང་བཤད་གནང་བའི་ནང་གཙོ་བོ་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམ་པས་ཚོགས་འདུའི་ཐོག་གྲོས་ཆོད་ཇི་ཕེབས་ས་གནས་སློབ་གྲྭ་སོ་སོར་ལག་བསྟར་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་དང་། སློབ་སྤྱི་དང་དགེ་ཆེ་རྣམས་སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་བར་གྱི་འབྲེལ་མཐུད་པ་ཡིན་སྟབས། འབྲེལ་ཡོད་དགེ་ལས་སློབ་ཕྲུག་ཕན་ཚུན་བར་མཐུན་ལམ་དམ་གཙང་ཡོང་བར་འབད་རྩོལ་གནང་དགོས་པའི་ལམ་སྟོན་གནང་བ་མ་ཟད། ལས་བྱེད་གནས་སྤོ་ཚོགས་ཆུང་ངོས་ནས་སློབ་གྲྭའི་དགོས་མཁོ་དང་གནས་སྟངས་སྤྱི་སྨན་ལ་གཞིགས་ཏེ་དུས་ནས་དུས་སུ་སློབ་གྲྭའི་དགེ་ལས་རྣམ་པ་གནས་སྤོ་ཞུ་གི་ཡོད་པས། སློབ་གྲྭ་སོ་སོར་དེ་དོན་ལམ་སྟོན་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་དང་འབྲེལ་ཏེ་སློབ་གྲྭ་སོ་སོར་དགོས་ངེས་མཐུན་རྐྱེན་ཇི་འོས་རིམ་བཞིན་མཁོ་སྤྲོད་གནང་རྒྱུའི་ནན་བརྗོད་གནང་ཡོད་པ་རེད།

གཞན་ཡང་ཤེས་རིག་བཀའ་བློན་མཆོག་ནས་འདི་ལོ་ནས་ཤེས་རིག་ལས་ཁུངས་ངོས་ནས་བོད་སློབ་ཁག་གི་སློབ་གཉེར་བའི་ཤེས་ཚད་གནས་བབ་རྟོགས་ཞིབ་གནང་རྒྱུའི་ལས་གཞི་སྤེལ་འཆར་ཡོད་པ་དང་། སློབ་གྲྭ་སོ་སོས་ཤེས་ཡོན་སྲིད་བྱུས་དགོངས་དོན་སློབ་མའི་ཤེས་ཡོན་ཡར་རྒྱས་ལ་སྨན་པའི་ལས་གཞི་ལས་འཆར་གང་འོས་སྤེལ་དགོས་པའི་ལམ་སྟོན་གནང་ཡོད།

སྤྱིར་སྃ་བྷོ་ཊ་བོད་སློབ་ཚོགས་པས་གོ་སྒྲིག་ཞུས་པའི་སྃ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་གྲངས་ ༣༠ མཉམ་ཞུགས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༠༦ ནས་ ༠༩ བར་སྔ་ལོའི་འགན་འཛིན་ཚོགས་འདུའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། སློབ་མའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་གསར་གཏོད་དང་དཀའ་ངལ་ཇི་ཡོད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས། ཡིག་རྒྱུགས་ཚགས་ཚུད་གཏོང་ཕྱོགས་སོགས་ཁྱོན་གྲོས་གཞི་དྲུག་གི་ཐོག་གྲོས་བསྡུར་གནང་གི་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་སཾ་བྷོ་ཊོའི་ཁྱབ་ཁོངས་སློབ་གྲྭའི་འགན་འཛིན་རྣམས་ལ་དམིགས་པའི་འགོ་ཁྲིད་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
Menu