ཟླ་རེའི་གསར་འགྱུར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག་སོགས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།

གསར་འཕྲིན།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཆེད་དད་འདུན་གཡོ་བ་མེད་པའི་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག རྒྱལ་རོང་གཞིས་བྱེས་མི་མང་ཐུན་མོང་། བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་བོད་ཀྱི་གསོ་རིག་སྨན་ཁང་བཅས་ནས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་བཀའ་བཞེས་ཟབ་མོ་སྨིན་སྩལ་བྱུང་བ་བཞིན། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༧ གཟའ་ལྷག་པ་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་གྱི་སྔ་དྲོར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཉུག་མར་གནས་པ་དང་གློ་བུར་དུ་ལྷག་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཀར་གཙང་མཇལ་དར་རྐྱང་འབུལ་ཞུས་པ་དང་སྦྲགས་སྐུ་བཅར་རྣམ་གྲྭ་དབུ་མཛད་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུང་མུར་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་བཟླས་པའི་བར་ཆོག་གཞུང་ལྟར་ཕེབས་རྗེས་ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་། དེ་ནས་དབུ་བཞུགས་རྡོ་རྗེ་སློབ་དཔོན་དང་ཤེས་རིག་ལས་ཁུངས། ཚོགས་སྡེ་ཁག་གི་འཐུས་ཚབ་བཅས་ནས་མཎྜལ་ཚོམ་བུ་འདེགས་འབུལ་དང་། དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་གིས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་གསུང་ཐུགས། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་བཅས་རིམ་པར་ཕུལ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག རྒྱལ་རོང་གཞིས་བྱེས་མི་མང་ཐུན་མོང་། བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་བོད་ཀྱི་གསོ་རིག་སྨན་ཁང་བཅས་ནས་བརྟན་བཞུགས་བསྟར་གནང་བ་འདི་ལྟར་རེད།
བོད་ལོ་སྟོང་ཕྲག་ལྷག་གི་རིང་བོད་མིའི་སེམས་ཤུགས་དང་སྙིང་སྟོབས་ཕལ་ཆེར་ངོ་མཚར་སྐྱེ་དགོས་པ་ཞིག་རེད། དཀའ་ངལ་ག་རེ་འཕྲད་པ་ཡིན་ནའང་དེར་གདོང་ལེན་བྱེད་ཐུན་མཁན་ཞིག་དང་། དེ་ཡོང་ས་གཙོ་བོ་ནི། སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་ཞིག་ཡོད་བསྡད་པ་དེ་རེད། ཁ་སང་ངོས་ཀྱིས་འདི་ནས་ལབ་རྒྱུ་བྱུང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡོད་པའི་སྐབས་ལ་བོད་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེན་པོ་ཡོད་པ་རེད།
མངའ་བདག་ཁྲི་རལ་གྲོངས་པའི་རྗེས་ལ་བོད་སིལ་བུར་ཕྱིན་པ་རེད། ཆབ་སྲིད་ཀྱི་ཐོག་ནས་ཉམས་དམའ་བོ་དང་ཐབས་སྐྱོ་བོ་ཆགས་ཡོད། བོད་སིལ་བུར་ཕྱིན་པའི་རྗེས་བོད་མི་ཚོར་དཀའ་ངལ་ཞེ་དྲགས་ཕྲད་པ་རེད། ངོས་རང་སྐྱེས་ས་མདོ་སྨད་ཙོང་ཁའི་ཡུལ་ལ་ཆ་བཞག་ན། ཆོས་ཕྱོགས་ཐོག་ནས་འབྲེལ་བ་ཡོད་པ་རེད་མ་གཏོགས། བོད་དབུས་དང་ཧ་ལམ་འབྲེལ་བ་ཡོད་མ་རེད། དཔེར་ན་ངོས་ཀྱི་ཁྱིམ་ཚང་ཆ་བཞག་ན། ཕ་ལགས་དང་ཨ་མ་ལགས་ཁོང་ཚོས་ང་ཚོའི་དཔོན་པོ་ཟི་ལིང་གི་མཱ་ཀྲུའུ་ཞི་ཡིན་བསམ་པ་མ་གཏོགས། དགའ་ལྡན་ཕོ་བྲང་བསམ་བློའི་ནང་འཁོར་མྱོང་མེད་ལ་རྒྱུས་ཀྱང་མེད། ཆབ་སྲིད་ཐོག་ནས་བོད་སིལ་བུར་ཕྱིན་པ་རེད། དུས་ཕྱིས་སུ་ཁམས་ཁུལ་དུ་རྒྱ་སྡེ་དང་བོད་སྡེ་གཉིས་སུ་ཕྱེ། ཆབ་སྲིད་ཀྱི་ཐོག་ནས་ང་ཚོ་ཐབས་སྐྱོ་བོ་ཞེ་དྲགས་བྱུང་ཡོད། འོན་ཀྱང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱས་ནས་བསྡད་ཐུབ་པ་དེ་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་གིས་བྱས་འདུག
དབུས་སྐད་ལབ་ན་འགྲིག ཨ་མདོའི་སྐད་ལབ་ན་འགྲིག ཁམས་སྐད་ལབ་ན་འགྲིག སྟོད་པའི་སྐད་ལབ་ན་འགྲིག སྒྲ་གདངས་ཁྱད་པར་ཕྲན་བུ་མི་འདྲ་བ་ཡོང་གི་རེད་མ་གཏོགས། གཞན་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་གཅིག་གྱུར་རེད། བོད་ཡོངས་རྫོགས་གཅིག་གྱུར་ཡིན་པ་མ་ཟད། ནུབ་ལ་དྭགས་ནས་ཤར་མོན་ཡུལ་བར་དུ་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་གཅིག་གྱུར་བྱས་ནས་བསྡད་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཡི་གེ་གསར་བཏོད་གནང་བ་ཡིན་ན་འདྲ། ཡར་རྒྱས་བཏང་བཏང་བ་ཡིན་ན་འདྲ། གང་ལྟར་བོད་པའི་ཡི་གེ་ལ་དབྱངས་དང་གསལ་བྱེད་ཡོད་བསྡད་པ་ཞིག་རེད། རྩ་བའི་བོད་པའི་ཡི་གེའི་དཔེ་ལྟ་སའི་དེ་རྒྱ་གར་གྱི་ཡི་གེ་རེད། ཡིན་ཡང་བོད་པའི་ཡི་གེ་ཟུར་དུ་བཟོས་ཡོད། བོད་པའི་ཡི་གེ་ཟུར་དུ་ཡོད་པ་མ་ཟད།
སྔ་མོ་རྒྱ་གར་གྱི་མཁས་པའི་གཞུང་དེ་དག་སྟོན་པ་མྱང་ངན་ལས་འདས་ཟིན་པའི་རྗེས་ལ། དེའི་ཚེ་དེའི་དུས་ཀྱི་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་གཞུང་ཁག་ཚད་མ་རིག་པ་དང་། སེམས་ཁམས་རིག་པ། ལྟ་གྲུབ་སོགས་མང་པོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཤུགས་ཆེན་པོ་བྱུང་ཡོད་པ་འདྲ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རིག་གནས་ཀྱི་འབྱུང་ཁུངས་ལྟ་བུ་ཁུངས་གཏུག་ས་དེ་ནཱ་ལེནྡྲ་རེད་འདུག་དགོངས་ནས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་། མཁན་ཆེན་ཞི་བ་འཚོ་དགུང་ལོ་བགྲེས་པོ་རེད། རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་ཚོས་བརྗོད་ན། སྐབས་དེ་དུས་མཁན་ཆེན་ཞི་བ་འཚོ་དགུང་ལོ་བདུན་ཅུ་དོན་གྲངས་རེད་ཟེར་གྱི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།།

སྔོན་མ།
བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་ལེགས་པར་མཇུག་སྒྲིལ་བ།
ཕྱི་མ།
བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་ཚོགས་པ།
Menu