༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༥ འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐོག ཤེས་རིག་བཀའ་བློན་དང་སྲིད་སྐྱོད་གཅིག་ལྕོགས་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན།
ཤེེས་རིག་ལས་ཁུངས་ཀྱིས་དྲུང་ཆེ་གཙོས་རྣམ་པ་ཚང་མར་ཐོག་མར་ངས་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱིར་བཏང་བལ་ཡུལ་ཕུད་པའི་རྒྱ་གར་ནང་ཡོད་པའི་སློབ་གྲྭ་མང་ཆེ་བའི་ནང་ང་རང་བཅར་རྒྱུ་བྱུང། བཀའ་ཤག་གི་ལྟ་གྲུབ་གསུམ་ཡོད་པ་རྣམས་རྒྱ་ཆེ་ནས་བལྟས་ན་ཧ་ཅང་ཆེན་པོ་རེད།
༡༽ ཆིག་སྒྲིལ་ནི། ཆོལ་ཁ་དབྱེར་མེད་དང་ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ། དབུལ་པོ་དང་ཕྱུག་པོའི་དབར་དབྱེ་འབྱེད་མེད་པ་ཞིག་རེད། ༢༽ གསར་གཏོད་ནི་གསར་པ་གང་ཡང་མ་རེད། དེ་ནི་བྱེད་ཕྱོགས་གསར་གཏོད་རིམ་པའི་ཐོག་ནས་ལས་དོན་སྒྲུབ་དགོས་ཀྱི་ཡོད། ༣༽ རང་ཁ་རང་གསོ་ནི། སོ་སོའི་རྐང་པའི་ཐོག་ལངས་ཐུབ་པ་དགོས་ཀྱི་ཡོད། དེ་ལྟར་ལངས་པར་ཐོག་མར་བསམ་བློའི་ཐོག་ནས་བྱེད་ཐུབ་ཀྱི་ཡོད་བསམ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོའི་སྤྱི་ཚོགས་ནང་སྐྱོན་གཅིག་ནི་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་པོ་འདུག དཔེར་ན། ཕྱི་ལོ་ ༡༩༦༦ བར་དུ་དབྱིན་ཇིའི་ཁྱབ་ཁོངས་སུ་ཡོད་པའི་ལུང་པ་བརྒྱ་ཆ་ ༩༥ ཚང་མ་བློས་བཏང་ཡོད། དེའི་སྐབས་ཨ་ཕི་རི་ཀའི་ལུང་པ་འགའ་ཤས་ཤིག་གིས་དབྱིན་ཇིར་མ་འགྲོ་རོགས། གལ་ཏེ་ཁྱེད་རང་ཚོ་ཕྱིན་ན་ང་ཚོའི་སློབ་གྲྭ་སོགས་ལ་སུས་ལྟ་རྟོག་བྱེད་ཀྱི་རེད། ཅེས་རྩོམ་ཡིག་འབྲི་མཁན་བྱུང་ཡོད། དེ་རྗེས་ཨ་ཕི་རི་ཀའི་ལུང་པ་སྐྱོ་བའི་ནང་ནས་གཞན་བརྟེན་གྱི་བསམ་བློ་དེ་དུག་རེད་ཅེས་རྩོམ་ཡིག་འབྲི་མཁན་བྱུང་ཡོད།
དེ་བཞིན་ངས་གཞིས་ཆགས་དང་སློབ་གྲྭ་བརྒྱ་ཆ་དགུ་བཅུ་ཙམ་ཞིག་བསྐོར་སྐྱོད་བྱས་པ་ཡིན། ད་དུང་ཡིན་རུང་མི་ལོ་ལྔ༌བཅུའི་རྗེས་སུའང་ང་ཚོའི་སྤྱི་ཚོགས་ནང་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་པོ་འདུག གང་ཡིན་ཞེ་ན། ང་རང་གཞིས་ཆགས་དང་སློབ་གྲྭ་ཁག་མང་པོ་ཞིག་ལ་སླེབས་སྐབས། མང་དག་ཅིག་གིས་སྤྱི་ཡོངས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་གི་ཡོད་ཀྱང་ང་ཚོའི་སློབ་གྲྭའི་སློབ་ཕྲུག་རྣམས་ཧ་ཅང་ཁག་པོ་རེད། ཅེས་བརྗོད་ཀྱི་འདུག དེ་ནི་གཞན་བརྟེན་གྱི་གསུང་སྟངས་ཤིག་རེད། ཁྱེད་རང་ཚོ་འཛིན་གྲྭ་བཅུ་པའི་སློབ་ཕྲུག་ཡིན་སྟབས། འཛིན་གྲྭ་བཅུ་གཅིག་གི་སློབ་ཚན་སོགས་ཀྱི་ཐོག་སེམས་ཁྲལ་ཡོད་ངེས་རེད། ཁྱེད་རང་ཚོས་སློབ་སྦྱོང་བྱ་རྒྱུ་དེ་འཚོ་བ་སྐྱེལ་རྒྱུ་ཁོ་ནའི་ཆེད་མིན་པར་འཚོོ་བ་བསྐྱལ་བའི་ཐོག་ནས་དྲིན་ཆེ་བའི་ཕ་མར་དྲིན་ལན་འཇལ་དགོས་ཀྱི་ཡོད། དེ་བཞིན་འཚོ་བ་བསྐྱལ་བ་དང་ལྷན་བོད་མིའི་རྩ་དོན་རྩོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་ཁྱེད་རང་ཚོ་ང་ཚོའི་མ་འོངས་པའི་སོན་རྩ་ཙམ་མ་ཟད། མ་འོངས་པའི་འགོ་ཁྲིད་ཀྱང་རེད། དེ་རིང་འདིར་འཛིན་གྲྭ་བཅུ་པའི་སློབ་ཕྲུག་ཁེ་གཙང་ཞིག་སླེབས་ཏེ་འདི་ལྟ་བུའི་ཚོགས་འདུ་འཚོགས་རྒྱུའི་གོ་སྐབས་ང་ཚོར་བྱུང་མེད། མཐུན་རྐྱེན་དང་ཤེས་ཡོན་ཐོག་ནས་ང་ཚོ་ལས་ཁྱེད་རང་ཚོ་ལྷག་པ་ཡོད། དེར་བརྟེན་ང་ཚོ་ལས་ཁྱེད་རང་ཚོ་ཡག་པོ་ཆགས་ཀྱི་ཡོད་པའི་གདེང་ཚོད་ཆ་ཚང་ཡོད། མ་འོངས་པའི་སོན་རྩ་དང་མ་འོངས་པའི་འགོ་ཁྲིད་དེ་དག་ཤེས་འཇོན་ལྡན་ཐོག་ལྷག་བསམ་རྣམ་དག་སྒོ་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་མ་བརྗེད་པའི་ཐོག་ནས་ཞབས་ཕྱི་སྒྲུབ་མཁན་མང་དག་ཅིག་ཡོང་གི་རེད་བསམས་པའི་ཡིད་ཆེས་བརྟན་པོ་ཡོད། ད་ལྟའི་ཆར་བོད་ཀྱི་གནས་སྟངས་ཛ་དྲག་གི་གནས་སུ་ལྷུང་ཡོད། གཞིས་ལུས་བོད་མིའི་མངོན་འདོད་བསྒྲུབ་རྒྱུའི་ལས་འགན་ང་ཚོ་རང་དབང་ལུང་པའི་ནང་སྡོད་མཁན་ཚོ་དང་དམིགས་བསལ་ཁྱེད་རང་ཚོར་འགན་ཡོད། དེར་བརྟེན་ཁྱེད་རང་ཚོས་གཞན་བརྟེན་གྱི་བསམ་བློ་དོར་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ན་ནིང་ལོར་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་བརྒྱ་དགུ་བཅུ་གོ་ལྔ་དང་ཚེག་བཞི་ལོན་མཁན་སློབ་ཕྲུག་དང་། བརྒྱ་ཆ་བརྒྱད་ཅུ་ལྷག་ལོན་མཁན་སློབ་ཕྲུག་ ༡༣༠ བྱུང་ཡོད།
དེར་བརྟེན་ཁྱེད་རང་ཚོ་ལོ་གཉིས་རྗེས་ཡིག་རྒྱུགས་གཏོང་སྐབས་བརྒྱ་ཆ་དགུ་བཅུ་ལོན་མཁན་ ༡༣༠ ཡོང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། ཅེས་བརྗོད་རྒྱུ་ཡིན། དེ་སྔ་ང་རང་ཝ་ཤིང་ཊོན་ཌེ་སིའི་ནང་འགྲོ་སྐབས་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་གཅིག་གིས་ཁྱེད་རང་ཚོར་ལྟ་བཟོ་གསུམ་ཡོད། ༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་སྙན་གྲགས་དང་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རང་བཞིན་གྱིས་བོད་དོན་ལ་རྒྱབ་སྐྱོར་ཡོད། ༢༽ ཡ་རབས་སྤྱོད་བཟང། ༣༽ དྲང་བདེན་བྱེད་རྒྱུ་གསུམ་ཡོད། དེ་གསུམ་མེད་ན་བོད་ཀྱི་རྩ་དོན་ལ་གནོད་ཀྱི་རེད། ཅེས་གསུངས་བྱུང། བཞི་པ་ངས་ཁ་སྣོན་ཞིག་ཞུས་ན། བོད་མིས་དཀའ་ལས་རྒྱག་གི་ཡོད། གོང་འཁོད་རྣམས་གཞི་བཞག་སྟེ་འབད་བརྩོན་བྱས་ན་སྣང་དག་ཡོད་པ་མ་རེད། ཅེས་གསུང་བཤད་གནང་ཡོད།