ཟླ་རེའི་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་རྣམས་ལ་གསུང་བཤད་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་ཚོགས་ཁང་ནང་དགེ་ལས་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༥༠ བརྒལ་བར་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ་དང་ཕྱག་རོགས་བཀའ་བློན་རྣམ་པ། ཤེས་རིག་དྲུང་ཆེ།དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་དང་སློབ་སྤྱིས་གཙོས་དགེ་རྒན་རྣམ་པ། ལས་བྱེད་རྣམ་པ་དང་སློབ་ཕྲུག་བཅས་ཚང་མར་ཞུ་རྒྱུར་དེ་རིང་བསྐྱར་དུ་ཁྱེད་རྣམས་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཐོག་མར་ངས་བཀའ་ཤག་དང་བཀའ་བློན་རྣམ་པའི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་རང་ན་ནིང་ལོའི་ཕྱི་ཟླ་བརྒྱད་པའི་ནང་འདི་གར་བཅར་རྒྱུའི་གོ་སྐབས་བྱུང། སྤྱིར་བཏང་སློབ་ཚན་ཁྲིད་སྟངས་ལ་འགྱུར་བ་ཕྱིན་ཡོད།
    དེ་བཞིན་དམིགས་བསལ་འཛིན་གྲྭ་བཅུ་གཉིས་ཡིག་ཚད་གཏོང་རྒྱུར་སློབ་ཕྲུག་ཁག་གཅིག་གིས་གསར་དུ་གྲ་སྒྲིག་བྱེད་ཀྱི་ཡོད། འཛིན་གྲྭ་བཅུ་པའི་ནང་ཡིག་ཚད་གཏོང་མཁན་སློབ་ཕྲུག་ཁག་གཅིག་ཡོད། དེ་སྔོན་བརྗོད་པ་ལྟར་ཁྱེད་རང་ཚོས་སློབ་སྦྱོང་མུ་མཐུད་བྱས་ན། འཛིན་གྲྭ་བཅུ་པ་དང་བཅུ་གཉིས། ཕྱོགས་མཚུངས་མཐོ་སློབ་དང་འབུམ་རམས་པ་སོགས་ལ་སློབ་སྦྱོང་བྱེད་འདོད་ཡོད་ན་གོ་སྐབས་ཡོད། སློབ་གྲྭ་འདི་ནས་ལག་ཤེས་ཀྱི་རིགས་ཁག་གཅིག་སློབ་ཀྱི་ཡོད། སྤྱིར་བཏང་ཁྱེད་རྣམ་པ་ཚོ་བོད་ནས་ཕེབས་པ་ཤ་སྟག་ཆགས་ཡོད། ཁྱེད་རང་ཚོ་འདི་གར་ཕེབས་རྒྱུ་དེ་ཡང་བོད་སྤྱིའི་དོན་དུ་ལས་དོན་ཞིག་སྒྲུབ་ཀྱི་ཡིན་ཞེས་ཕེབས་ཡོད་ངེས་རེད། སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོ་ ༡༩༩༣ ལོར་སློབ་གྲྭ་འདི་གསར་འཛུགས་གནང་བ་དང་འབྲེལ་༸གོང་ས་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་ཞེས་མཚན་གསོལ་རས་སྩལ་ཡོད། ཤེས་རབ་དགའ་ཚལ་སློབ་གླིང་ནས་དུས་ད་ལྟ་བར་དུ་སློབ་ཕྲུག་དྲུག་སྟོང་ལྷག་ཐོན་ཡོད་ཁོངས་ནས་གཞུང་སྒེར་ཚོགས་པའི་ནང་ལས་ཀ་བྱེད་མཁན་མང་པོ་ཞིག་ཡོད། ཤེས་རབ་དགའ་ཚལ་གླིང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་དང་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་རྐྱེན་བསྐྲུན་ཏེ་རེ་བ་བྱས་པ་ལྟར་གྲུབ་འབྲས་གང་ཙམ་སྨིན་ཡོད། སློབ་གྲྭ་འདི་ནས་ཐོན་པའི་སློབ་ཕྲུག་སྤྱི་ཚོགས་ནང་ལ་ཡིན་རུང་རང་ཉིད་ཀྱིས་བྱས་པའི་སློབ་སྦྱོང་དང་ལག་ཤེས་གང་ཞིག་ཡིན་རུང་བེདསྤྱོད་བཏང་བ་བརྒྱུད་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟའི་ཆར་སློབ་གྲྭའི་དུས་ཡུན་ཡང་ལོ་བརྒྱད་ལ་སྤར་བ་ལྟར་བཞུགས་མཁན་ཡོད་ན། དེའི་རིང་གོ་སྐབས་དམ་འཛིན་ཐོག་ལག་ཤེས་དང་སློབ་སྦྱོང་གང་ཞིག་ཡིན་རུང་མཐར་ཕྱིན་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རྣམ་པ་ཚོ་རྒྱ་ནག་གཞུང་གི་བཙན་གནོན་འོག་ནས་ཕེབས་པ་ཞིག་ཡིན་སྟབས། བོད་ནང་གི་གནས་སྟངས་དངོས་སུ་མྱོང་མཁན་ཆགས་ཡོད།
    དེར་བརྟེན་རྒྱལ་སྤྱི་སྡིངས་ཆ་དང་རྒྱ་གར། བཙན་བྱོལ་བོད་མིའི་སྤྱི་ཚོགས་སོགས་ལ་ཁྱེད་རྣམ་པའི་ཉམས་མྱོང་བརྒྱུད་བོད་དོན་གོ་རྟོགས་སྔར་ལྷག་སྤེལ་རྒྱུ་གལ་ཆེན་པོ་མཐོང་གི་ཡོད། བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་གལ་ཆེ་ཤོས་རྩི་བཞིན་ཡོད། གང་ལ་ཞེ་ན། ང་ཚོས་དབུ་མའི་ལམ་གཞིར་བཞག་ཐོག་རྩ་དོན་རྩོད་ནས་བོད་ཀྱི་བདེན་མཐའ་གསལ་དགོས་ཀྱི་ཡོད། དེར་བརྟེན་ཤེས་ཡོན་གལ་ཆེན་པོ་ཆགས་ཀྱི་ཡོད། སྤྱིར་བཏང་འཛམ་གླིང་གི་ལུང་པ་གང་དུ་བལྟས་ཀྱང་ཤེས་ཡོན་གྱི་བཀའ་དྲིན་ལ་བརྟེན་ནས་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ནུས་པ་ཤུགས་ཆེ་འདོན་ཐུབ་ཀྱི་ཡོད། ང་ཚོས་ཕྱོགས་གཅིག་ནས་རང་ཉིད་ཀྱི་འཚོ་གོས་ཆེད་སློབ་སྦྱོང་དགོས་ཀྱི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་ང་ཚོར་རྩ་དོན་བསྒྲུབ་རྒྱུའི་འགན་འཁྲི་ཡོད་སྟབས། ཤེས་ཡོན་ཐོག་དམིགས་བསལ་འབད་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་དང་སློབ་ཕྲུག་གི་དྲི་བར་ལན་འདེབས་གནང་ཡོད། དེ་བཞིན་ཆོས་རིག་དང་བདེ་སྲུང། འཕྲོད་བསྟེན་གྱི་བཀའ་བློན་རྣམ་པ་མཆོག་དང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་བཅས་ཀྱང་ལྷན་བཅར་ཞུས་འདུག
    བཀའ་ཤག་སྐབས་ ༡༤ པའི་དགོངས་གཞི་ལྟར་ཤེས་རབ་དགའ་ཚལ་སློབ་གླིང་ནང་ཕྱི་ལོ་ ༢༠༡༣ ཟླ་ ༥ ནས་སློབ་གཞི་བསྐྱར་ཞིབ་དང་ལག་བསྟར་ཞུ་བཞིན་པའི་སྡེ་ཚན་ཁག་གི་སློབ་ཁྲིད་ལས་དོན་ཞུ་བཞིན་ཡོད་པ་ཁག་ནི། ༡༽ཟས་རིགས་སྦྱོང་བརྡར་ནི་དུས་ཡུན་ལོ་གཅིག་དང་ཕྱེད་ཀ་ཡིན་པ་དང། དེའི་རིང་ཁ་ཟས་འདྲ་མིན་བཟོ་སྟངས། བོད་ཡིག་དང་ཨིན་ཡིག་འབྲི་ཀློག ཀམ་པུ་ཊར་སྦྱོང་བརྡར། ༢༽ ལྷ་བྲིས་ཀྱི་སློབ་ཁྲིད་དུས་ཡུན་ལོ་ལྔ་ཡིན་ཞིང། དུས་ཡུན་དེའི་རིང་ལྷ་བྲིས། བོད་ཡིག་དང་ཨིན་ཡིག་འབྲི་ཀློག ཀམ་པུ་ཊར་སྦྱོང་བརྡར། ༣༽ འཚེམ་བཟོ་སྦྱོང་བརྡར་ནི་དུས་ཡུན་ལོ་གསུམ་ཡིན་ཞིང་། དེའི་རིང་འཚེམ་བཟོ། བོད་ཡིག་དང་ཨིན་ཡིག་འབྲི་ཀློག ཀམ་པུ་ཊར་སྦྱོང་བརྡར། ༤༽ ཡིག་འགྲུལ་(open schooling)གྱི་ལམ་ནས་སློབ་སྦྱོང་བྱེད་རྒྱུའི་དུས་ཡུན་ལོ་ལྔ་ཡིན་ཞིང། དེའི་རིང་སློབ་གྲྭ་ཁག་གི་སློབ་ཚན་ཁག་ལྔ་དང། བོད་ཡིག་དང་ཨིན་ཡིག་འབྲི་ཀློག ཀམ་པུ་ཊར་སྦྱོང་བརྡར། ༥༽ ཀམ་པུ་ཊར་སྦྱོང་བརྡར་དུས་ཡུན་ལོ་གསུམ་རིང་ཡིན་ཞིང། དེའི་རིང་ཀམ་པུ་ཊར་སྦྱོང་བརྡར་(Computer Certificate Course)། དུས་ཡུན་ཐུང་ངུའི་ཀམ་པུ་ཊར་སྦྱོང་བརྡར(Computer Diploma)། བོད་ཡིག་དང་ཨིན་ཡིག་འབྲི་ཀློག ༦༽ མཐོ་རིམ་རིག་གནས་ནང་ས་རཱ་མཐོ་སློབ་ཀྱི་སློབ་ཚན་གཏན་འབེབས་ལྟར་སློབ་ཁྲིད་གནང་བཞིན་ཡོད་པ་མ་ཟད། ཀམ་པུ་ཊར་རྨང་གཞི་བཅས་དུས་ཡུན་ལོ་བཞིའི་རིང་སློབ་ཁྲིད་གནང་གི་འདུག  ད་ལྟའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་ཕྲུག་ ༢༢༠ ཡོད་འདུག་པ་བཅས། །

སྔོན་མ།
སྲིད་སྐྱོང་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྩེད་འགྲན་ཐེངས་ ༢༢ པ་དབུ་འབྱེད་དང་གསུང་བཤད་གནང་བ།
ཕྱི་མ།
གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ།
Menu