བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལྟ་ཚུལ་དང་གོ་བ་ལེན་སྟངས་མ་འདྲ་བ་སྣ་ཚོགས་འདུག་ཅིང༌། རང་སྐྱོང་སྡེ་ཚན་གྱི་སློབ་གྲྭ་འགའི་མཐོ་རིམ་མི་སྣས་གཙོས་རིགས་གཅིག་གིས། སྔ་ནས་ད་ལྟར་བར་རང་རེའི་གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་ལག་བསྟར་བྱས་དང་བྱེད་བཞིན་པའི་དབྱིན་ཇིའི་ལུགས་སྲོལ་གྱི་ཤེས་ཡོན་ལམ་ལུགས་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་གཉིས་ལ་གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་བར་དུ་དབྱིན་ཇིའི་སྐད་ཡིག་སྦྱོང་མིན་ཙམ་ལས་གཞི་རྩའི་ནང་དོན་དང་དམིགས་ཡུལ་གྱི་ཆ་ནས་ཁྱད་པར་མེད་པར་འདོད་ཅིང༌། ཉེ་ལམ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་འདྲ་ཞིག་གསར་རྩོམ་མཛད་པར་དམིགས་བསལ་གྱི་དགེ་མཚན་ཞིག་མཐོང་གི་མེད་པར་མ་ཟད། ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་ངེས་པར་ལག་བསྟར་བྱ་དགོས་པའི་སྲིད་བྱུས་གལ་གནད་ཅན་ཞིག་མིན་པའི་ངོས་འཛིན་དང་གཏམ་བརྗོད་སྤེལ་བཞིན་ཡོད། བོད་ཁྱིམ་གྱི་མཐོ་རིམ་མི་སྣ་ཞིག་གིས། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཟེར་བ་འདི་མི་རེ་ཟུང་གིས་རང་གི་མཁས་ཉམས་འདོན་པ་དང༌། ལྟ་གྲུབ་ཀྱི་ཆེ་བ་ངོམ་རྒྱུའི་ཆེད་དུ་བཟོས་པའི་གཡོ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་ལས། ནང་དོན་ངོ་མའི་ལག་ལེན་གྱི་ཐོག་ནས་བཤད་ན་མ་སྐད་ཀྱི་བརྒྱུད་ལམ་ཐོག་ནས་སློབ་སྦྱོང་བྱ་བ་ཡིན་པས། སྲིད་བྱུས་འདི་ང་ཚོས་ཕྱི་ལོ་ ༡༩༨༦ ལོ་ཡས་མས་ནས་ལག་བསྟར་བྱས་ནས་ཡོང་ཡོད། སྲིད་བྱུས་འདི་འདྲ་བཟོ་དགོས་པའི་རྒྱུ་མཚན་མེད་ཅེས་སོགས་ཟེར། སྤྱིར་མི་སྒེར་པ་དང་སྒྲིག་འཛུགས་རེ་ཟུང་གི་ལྟ་ཚུལ་ལ་རྗེས་འདེད་བྱ་བ་དགོས་གལ་མ་མཆིས་ཀྱང༌། ལྟ་ཚུལ་དང་ངོས་འཛིན་འདི་ནི་ཆགས་འཇིག་གི་འགག་འཕྲང་དུ་གྱར་བའི་བོད་མི་རིགས་ཀྱིས་རེ་བཞག་བྱེད་སའི་བུ་ཕྲུག་སྟོང་ཕྲག་དུ་མའི་བསམ་བློའི་ཤེས་ཡོན་དང་ཀུན་སྤྱོད་ཀྱི་འཚར་ལོངས་ལ་འབྲེལ་བ་ངེས་ཅན་ཡོད་པས། ཅི་བསམ་དང་ཅི་བྱེད་ཁྱེད་ཚོའི་རང་དབང་ཡིན་ཟེར་ནས་གུ་ཡངས་མདོག་གིས་ཅམ་འཇོག་བྱེད་པ་གཞུང་སྒེར་སུ་ཡིས་ཀྱང་བློས་འགན་བཟོད་པར་དཀའ་བའི་གནད་དོན་ཤིན་ཏུ་ཚབས་ཆེན་ཞིག་ཡིན།
    བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་འཚར་ལོངས་བྱེད་བཞིན་པའི་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་འདི་དག་བོད་ཀྱི་རིག་གཞུང་དང༌། བཟང་སྤྱོད་གོམས་གཤིས་དང་བཅས་པའི་གཞི་རྩ་མ་བརླག་པའི་ཐོག་ནས་བོད་མིའི་ངོ་བོ་རྒྱུན་འཛིན་ཐུབ་མཁན་ཞིག་ཏུ་གསོ་སྐྱོང་བྱ་བ་བོད་མི་ཡོད་ཚད་ཀྱི་རེ་བཞག་གཅིག་གྱུར་ཡིན་ངེས་ཀྱང༌། རེ་བཞག་འདི་མངོན་འགྱུར་ཡོང་ཐུབ་མིན་ནི་སློབ་གྲྭ་དེ་དག་ཏུ་ལག་བསྟར་བྱེད་བཞིན་པའི་སློབ་གསོའི་བྱེད་ཐབས་ལ་ལྟོས་གྲུབ་ཀྱི་འབྲེལ་བ་ངེས་ཅན་ཡོད་པ་སྨོས་མ་དགོས། དབྱིན་ཇིའི་ལུགས་སྲོལ་གྱི་ཤེས་ཡོན་ལམ་ལུགས་འདས་པའི་ལོ་ལྔ་བཅུ་ཐམ་པའི་རིང་རང་རེའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱས་ཀྱང་དེས་ང་ཚོར་གྲུབ་འབྲས་འདོད་པ་ཁེངས་པ་ཞིག་ཐོབ་ཐུབ་མེད། ཉམས་མྱོང་དམར་རྗེན་མ་འདིའི་ཐོག་ནས་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་གསར་རྩོམ་མཛད་པའི་ཚུལ་ཤེས་ཡོན་སྲིད་བྱུས་རང་ཉིད་དུ་ཡང་ཤིན་ཏུ་གསལ་བར་མཛད་ཡོད།
    གཟུ་བོའི་བློས་ཤེས་ཡོན་སྲིད་བྱུས་གཉིས་མཚུངས་བསྡུར་གྱིས་ཞིབ་ཏུ་བལྟས་ན༑ ད་ལྟ་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས་དང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཉིས་ལ་ཁྱད་པར་ཅི་ཙམ་ཡོད་མེད་གསལ་པོ་རྟོགས་ཐུབ་ངེས། འོན་ཀྱང་སྲིད་བྱུས་འདིས་མཚོན་རིག་པའི་གཞུང་ལུགས་འཐུས་སྒོ་ཚང་བ་དང་གནས་ཚད་མཐོ་བོ་གང་འདྲ་ཞིག་ཡིན་ཡང་དེའི་གྲུབ་འབྲས་དང་ཕན་ནུས་ནི་མིའི་ཉམས་ལེན་གྱི་བརྒྱུད་རིམ་ཁྲོད་ནས་ཡོང་དགོས་པ་ལས། སྲིད་བྱུས་དེའི་ཉམས་ལེན་དང་གཏན་ནས་ཁ་བྲལ་བའི་གང་ཟག་སྒེར་པ་དང་མི་རིགས་ཤིག་ལ་སྲིད་བྱུས་དེས་ཕན་ནུས་འབྱུང་བ་མི་སྲིད། གཞི་རིམ་ཤེས་ཡོན་སྲིད་བྱུས་འདིས་བཀའ་སྤྱི་གཉིས་ཀྱི་ཐུགས་རེ་ལྟར་རང་རེའི་སློབ་གྲྭ་ཁག་ལ་སྔོན་མེད་ཀྱི་གྲུབ་འབྲས་གསར་པ་ཞིག་སྔོགས་འདོན་བྱེད་དགོས་ཀྱི་ཡོད་ན། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་འཐུས་སྒོ་ཚང་བ་ཞིག་ངེས་པར་བྱེད་དགོས། འོན་ཀྱང་ལས་འགུལ་འདི་ལ་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་མེད་མི་རུང་བས། བཙན་བྱོལ་གཞུང་གི་མཐོ་རིམ་མི་སྣ་དང༌། སློབ་གྲྭ་ཁག་གི་ལས་བྱེད་དང་དགེ་རྒན་རྣམ་པ། ཕ་མ་བཅས་ཀྱི་བསམ་བློའི་གཏིང་རིམ་ལ་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་དང་བོད་མི་རིགས་གསོན་གནས་ཀྱི་ཚེ་སྲོག་བར་ལ་འབྲེལ་བ་ཅི་ཙམ་གཏིང་ཟབ་ཡོད་མེད་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་བོད་མིའི་དོན་དམ་དགོས་མཁོ་དང་འཚམས་པའི་དགེ་མཚན་གང་ཡོད། བུ་ཕྲུག་སྟོང་ཕྲག་མང་པོ་འདི་དག་ཤེས་ཡོན་འདབ་གཤོག་གཉིས་ལྡན་གྱི་རྨང་གཞི་ལྡན་པ་ཞིག་ཏུ་བསྐྱེད་བསྲིང་ཐུབ་པར་སྔར་མེད་གསར་གཏོད་ཀྱི་རང་བཞིན་ལྡན་པའི་བྱེད་ཐབས་གསར་པ་གང་ཡོད་བཅས། མདོར་ན། ཤེས་ཡོན་སྲིད་བྱུས་འདིའི་ལྟ་གྲུབ་དང་ལག་ལེན་དམིགས་ཚད་བཅས་ལ་གོ་རྟོགས་གཏིང་ཟབ་ཅིག་དགོས་པ་ནི་སྲིད་བྱུས་ལག་བསྟར་བྱ་བར་མེད་མི་རུང་བའི་གཙོ་གནད་ཅན་གྱི་ཆ་རྐྱེན་ཞིག་ཡིན། དེར་བརྟེན་གོ་རྟོགས་བདེ་བོ་འབྱུང་ཆེད་གཤམ་དུ་ད་ལྟར་འགྲོ་བཞིན་པའི་དབྱིན་ཇིའི་ལུགས་སྲོལ་གྱི་ཤེས་ཡོན་ལམ་ལུགས་དང༌། སྐབས་བཅུ་གཉིས་པའི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་མཐུན་པར་གསར་རྩོམ་མཛད་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཉིས་ཀྱི་གཙོ་གནད་ཆེ་བའི་ཁྱད་པར་འགའ་ཤས་ཤིག་མཚུངས་བསྡུར་གྱིས་གླེང་བར་བྱ།
    ༡༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། དབྱིན་སྐད་དང་པོ་དང་བོད་སྐད་གཉིས་པ་བྱས་པའི་ཐོག་ནས་དེང་རབས་ཤེས་ཡོན་ལ་སློབ་སྦྱོང་བྱ་བ་གཙོ་གནད་དུ་འཛིན་ཅིང༌། སྲོལ་རྒྱུན་གྱི་ཤེས་ཡོན་མིང་ཙམ་ལས་གོ་རྟོགས་ངེས་ཅན་ཐོབ་པ་དང༌། ཤེས་རྒྱུད་དུ་འཇགས་ཐབས་མི་བྱེད་པར་མ་ཟད། དངོས་ཡོད་ལག་ལེན་ཁྲོད་ནས་མི་རིགས་ཀྱི་ངོ་བོ་འཛིན་པའི་སྐད་ཡིག་ཀྱང་མི་ཚེའི་ལྟོ་གོས་ཙམ་ཡང་མི་འཕྱིད་པའི་བེད་མེད་དུ་གྱུར་ནས་ཚབས་ཆེའི་ཉམས་དམས་ཀྱི་གནས་སུ་གྱར་ནས་ཡོད། འདིའི་ཐད་བཙན་བྱོལ་བོད་མིའི་གཞི་རིམ་སློབ་ཕྲུག་རྒན་གཞོན་ཅི་རིགས་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱས་པར། བརྒྱ་ཆ་བརྒྱད་ཅུ་བརྒལ་བས་བོད་ཡིག་ལས་དབྱིན་ཇི་ལ་དགའ་བོ་ཡོད། དབྱིན་ཇིའི་གཙོ་བོ་བྱས་ནས་སྦྱོང་གི་ཡོད། ཕ་མ་དང་དགེ་རྒན་གཉིས་ཀས་བོད་ཡིག་སྦྱོང་དགོས་པ་མ་རེད། དབྱིན་ཇི་གཙོ་བོར་བྱས་ནས་སྦྱོངས། བོད་ཡིག་གིས་གང་ཡོང༌། མཐའ་ན་ལྟོ་ཙམ་ཡང་རག་གི་མ་རེད་གསུང་གི་འདུག་ལ༑ མཚམས་རེར་བོད་ཡིག་གི་དེབ་རེར་བལྟས་པ་ཡིན་ན་བཀའ་བཀྱོན་ཡང་གཏོང་གི་འདུག་ཅེས་ཟེར།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། ཤེས་ཡོན་སློབ་སྦྱོང་བྱེད་པ་ནི་ཤེས་རྒྱུད་སད་སྨིན་རྫོགས་གསུམ་བྱེད་པ་དང༌། ལུས་ངག་གི་སྤྱོད་ལམ་ཡ་རབས་ཚུལ་མཐུན་ཞིག་ཡོང་བའི་སླད་དུ་ཡིན་པའི་རྩ་དོན་གཞི་རྩར་བཟུང་ནས། སྒོ་གསུམ་གྱི་ཡར་རྒྱས་མཐའ་མེད་དུ་སྤེལ་བའི་བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གཙོ་བོ་དང༌། འཛམ་གླིང་རིག་གཞུང་སྣ་ཚོགས་ཅན་དང༌། ལྟ་བ་སྣ་ཚོགས་ཅན། ཆོས་ལུགས་སྣ་ཚོགས་ཅན་ཞིག་ཏུ་གྱུར་པའི་ཡུལ་དུས་ཀྱི་དགོས་མཁོར་དམིགས་དེང་རབས་ཀྱི་ཤེས་ཡོན་ཡང་སྲོལ་རྒྱུན་ཤེས་ཡོན་གྱི་ཟུང་ཟླར་བཟུང་ནས་དགོས་ངེས་ཀྱི་རིགས་སློབ་སྦྱོང་རང་སྐྱ་འཕེར་བ་དང༌། སྲོལ་རྒྱུན་གྱི་ཤེས་ཡོན་གང་དུ་གནས་པའི་བོད་ཀྱི་སྐད་ཡིག་ཤེས་ཡོན་སྤྱིའི་སློབ་སྟོན་བརྒྱུད་ལམ་དུ་འཛིན་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན།
    ༢༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། ཤེས་ཡོན་སློབ་སྦྱོང་བྱེད་པ་ནི། རང་གི་མི་ཚེར་ལྟོ་གོས་གནས་མལ་གྱི་མཐུན་རྐྱེན་གྲ་རྒྱས་པོ་ཞིག་འཚོལ་སྒྲུབ་ཀྱི་ནུས་པ་བསྐྱེད་བསྲིང་ཐུབ་པ་དམིགས་ཚད་དུ་བཟུང་ནས་དངོས་པོའི་དཔལ་ཡོན་གསར་བསྐྲུན་དང་འབྲེལ་བའི་ཕྱི་དངོས་རིག་གནས་སློབ་ཚན་གྱི་གཙོ་གནད་དུ་འཛིན་པ་ལས། སེམས་དོན་རིག་གནས་དང་ཀུན་སྤྱོད་རིག་གནས་ལ་དེ་ཙམ་གལ་གནད་དུ་མི་འཛིན།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། རང་གི་འཚོ་བ་དང་མི་ཚེ་འཕྱིད་པ་ཙམ་ཞིག་ནི་ཉམ་ཐག་ཁྱི་ཕག་སོགས་ལ་ཡང་ཡོད་པའི་འགྲོ་བ་སྤྱི་ཡོངས་དང་ཐུན་མོང་བའི་ཁྱད་ཆོས་ཤིག་ཡིན། འགྲོ་བ་མིའི་རིགས་ལ་རྣམ་དཔྱོད་ཀྱི་ནུས་པ་ཕུལ་དུ་བྱུང་བ་ཞིག་ཡོད་པའི་དགོས་དོན་ནི་རང་གཞན་གཉིས་ཀ་འཕྲལ་ཕུགས་ཀུན་ཏུ་བདེ་བའི་འབྲས་བུ་མངོན་འགྱུར་བྱ་བ་ཡིན་ལ། དེ་ནི་སྒོ་གསུམ་འདུལ་སྦྱོང་བྱེད་པའི་ཐབས་ཀྱི་རྣམ་གཞག་ཚང་ལ་མ་ནོར་བའི་རིག་གཞུང་གི་ལམ་སྟོན་རང་གི་ཤེས་རྒྱུད་དུ་འཇགས་ཐུབ་མིན་ལ་རག་ལུས་ཀྱི་འབྲེལ་བ་གྲུབ། དེའི་ཕྱིར་ཤེས་ཡོན་ནི་དཔལ་འབྱོར་འདུ་འགོད་ཀྱི་བྱེད་ཐབས་ཙམ་དང༌། ཤེས་བྱའི་རྣམ་གྲངས་བསགས་པ་ཙམ་མ་ཡིན་པར་བླར་དོར་འབྱེད་པའི་ཤེས་རབ་དང༌། མང་དང་སྤྱི་བའི་དོན་ཁུར་དུ་ལེན་པའི་ལྷག་བསམ། ཤེས་སྤྱོད་དུལ་བའི་ཡོན་ཏན་བཅས་ལ་ངོས་འཛིན་གྱི་ཐོག་ནས། ཤེས་ཡོན་སློབ་སྦྱོང་བྱ་བ་ནི། དཔལ་ཡོན་གཉིས་ལྡན་གྱི་མི་ཚེ་དང་ཞི་དུལ་བག་ཡོད་ཀྱི་འཇིག་རྟེན་ཞིག་བསྐྲུན་པའི་ཆེད་དུ་བྱེད།
    ༣༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། འཛིན་སྐྱོང་གི་ངོས་ནས་དགེ་རྒན་ནི་གླ་པ་དང༌། ཁྲོམ་སྲང་གི་ཚོང་བ་ལྟ་བུར་བརྩིས་པ་མ་གཏོགས། སློབ་མའི་མི་ཚེའི་ནང་དགེ་རྒན་ནི་ཤུགས་རྐྱེན་ཐེབས་ཆེ་ཤོས་ཡིན་པའི་གལ་གནད་ངོས་འཛིན་བྱེད་ཀྱི་མེད་ལ། དགེ་རྒན་གྱི་ངོས་ནས་ཀྱང་རང་ཉིད་སློབ་མ་ལ་དགོས་མཁོ་ཡོད་པའི་ཤེས་བྱའི་རྣམ་གྲངས་ངོ་སྤྲོད་བྱེད་མཁན་ཙམ་མ་གཏོགས་སློབ་མིའི་མི་ཚེ་ལ་འགན་ལེན་ཡོད་པའི་ཤ་ཚ་དང་ལྷག་བསམ་གཉིས་ཀ་མེད། འདིའི་ཐད་གཞི་རིམ་སློབ་གྲྭ་ཁག་ཏུ་དགེ་རྒན་ལོ་མང་གནང་མྱོང་བ་ཞིག་གིས། དགེ་རྒན་ཕལ་ཆེར་བས་རང་གི་ཉིན་རེའི་སློབ་ཁྲིད་ཀྱིས་སློབ་མར་ཕན་ཐོགས་ཅི་ཙམ་འབྱུང་གི་ཡོད་མེད་བསྐྱར་ཞིབ་དང་འབྲེལ་རང་གི་སློབ་ཁྲིད་ཀྱི་བྱེད་ཐབས་ལ་ཡར་རྒྱས་གཏོང་ཐུབ་ཀྱི་མེད། མང་པོ་ཞིག་ལ་ཡར་རྒྱས་གཏོང་དགོས་པའི་གོ་རྟོགས་ཙམ་ཡང་མེད། ང་དགེ་རྒན་ཡིན་ང་ལ་མི་རིགས་ཀྱི་སྤུས་ཚད་ཡག་པོ་ཡོང་བའི་འགན་ཡོད་བསམ་མཁན་ཤིན་ཏུ་དཀོན་པོ་རེད། སྒྲིག་འཛུགས་ཀྱི་ཐོག་ནས་ཉིན་རེའི་འཛིན་གྲྭ་ཚུགས་པ་ཕན་ཆོད་ནས་སློབ་མའི་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཀའི་ཐོག་ཤ་ཚས་འགན་ལེན་གྱི་མི་འདུག འཛིན་སྐྱོང་གི་ངོས་ནས་ཀྱང་དགེ་རྒན་ལ་ལས་གླ་བ་ལྟ་བུའི་འདུ་ཤེས་མ་གཏོགས། ཤེས་ཡོན་སློབ་སྟོན་གྱི་མི་སྣ་གལ་ཆེན་པོ་ཡིན་པའི་ངོས་འཛིན་དང་གུས་བཀུར་དགོས་ངེས་ཤིག་བྱེད་ཐུབ་ཀྱི་མི་འདུག་ཅེས་སོགས་ཟེར།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། སློབ་ཕྲུག་གི་ཤེས་ཡོན་དང་ཀུན་སྤྱོད་ཡོངས་རྫོགས་ཀྱི་གཞི་རྩ་དགེ་རྒན་ཁོ་ནའི་སློབ་སྟོན་དང་ཁྲིད་ཐབས་ལ་རག་ལུས་པས། འཛིན་སྐྱོང་དང་སློབ་ཕྲུག་གི་ངོས་ནས་དགེ་རྒན་ནི་དཀྱིལ་འཁོར་གྱི་གཙོ་བོ་ལྟ་བུར་བཀུར་ཏེ་དགེ་རྒན་དབུས་བཞག་གམ་གཙོ་བོར་འཛིན་པའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད།
    ༤༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། དགེ་རྒན་དང་འཛིན་སྐྱོང་གིས་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་སློབ་ཕྲུག་ཚོར་ཕན་ཐོགས་ཅི་ཙམ་འབྱུང་གི་ཡོད་མེད་ལ་ཚད་འཕེར་བའི་ཉམས་ཞིབ་མི་བྱེད་པར་རྒྱུགས་སྤྲོད་ཀྱི་སྐར་གྲངས་ཙམ་གྱི་ཆེད་དུ་དམིགས། སློབ་ཕྲུག་ཚོར་སློབ་དེབ་ཀྱི་ཚིག་རིས་ཁ་ལབ་ཀྱིས་ངག་ཐོག་ཏུ་འཇུ་ཐབས་བྱེད་པ་ལས། དེའི་རྒྱབ་ལྗོངས་ཀྱི་ཤེས་བྱ་དང་རྒྱུ་མཚན་ལ་བསམ་གཞིག་བྱེད་འཇུག་པའི་གོམས་གཤིས་མེད། འདིའི་ཐད་འཛིན་གྲྭ་བཅུ་པ་ཐོན་པའི་སློབ་ཟུར་ཞིག་གིས། ང་ཚོ་སློབ་གྲྭར་འགྲོ་བའི་སྐབས་རང་གི་ངོས་ནས་འབད་བརྩོན་ཤུགས་ཆེན་པོ་བྱེད་ཐུབ་མེད་ལ། དགེ་རྒན་ཚོས་ཤ་ཚ་བོས་སློབ་སྦྱོང་ལ་སྐུལ་འདེད་ཀྱང་དེ་ཙམ་བྱེད་ཀྱི་མེད། སློབ་ཚན་ཡོངས་རྫོགས་དགེ་རྒན་གྱིས་ཁ་ལབ་བྱས་པ་རྣམས་ངག་ཐོག་ཏུ་འཇུ་བ་དང༌། ནག་པང་ཐོག་ཏུ་བྲིས་པ་རྣམས་འབྲི་དེབ་ཐོག་ཕབ་བཤུས་བྱ་རྒྱུ་ཙམ་ལས་དེའི་ཐོག་བསྐྱར་དུ་བསམ་གཞིག་དང་རྟོག་དཔྱོད་བྱེད་པའི་སློབ་སྟོན་དང་གོ་སྐབས་གཏན་ནས་མེད། ཡིག་རྒྱུགས་ཀྱི་དྲིས་ལན་ཡང་ངག་ཐོག་དང་འབྲི་དེབ་ཐོག་ཕབ་བཤུས་བྱས་པ་དེ་ཁོ་ན་ལས་འབྲི་རྒྱུ་མེད་ལ། གལ་སྲིད་དྲི་བ་འགའ་ཤས་ཀྱི་ལན་དགེ་རྒན་གྱིས་ཁ་ལབ་བྱས་པ་དེ་མ་བྲིས་པར། རང་གིས་བསམ་བློ་གཏོང་ཁུལ་གྱིས་ལན་གསར་པ་ཞིག་བྲིས་པ་ཡིན་ན་དགེ་རྒན་གྱིས་བཀའ་བཀྱོན་ཚ་བོ་གཏོང་གི་ཡོད་ཅེས་སོགས་ཟེར།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། དངོས་སུ་སློབ་ཁྲིད་བྱེད་པའི་སྐབས་དགེ་རྒན་གྱིས་རང་གི་གནས་ཚད་དབང་བཙན་པར་བྱས་ཏེ་མཐོ་བཤད་དམའ་བཤད་བྱས་པ་ལྟ་བུ་མ་ཡིན་པར། སློབ་ཕྲུག་གི་དོན་དུ་གང་འགྱུར་གཙོ་བོར་འཛིན་ཅིང༌། སློབ་དེབ་ཀྱི་ཚིག་རིས་ཁ་ལབ་བྱེད་པ་ལས་སློབ་ཚན་གྱི་སྤྱི་དོན་ཁོག་འབུག་དང་ནང་སྙིང་ངོ་སྤྲོད་ཀྱིས་དེའི་ཐོག་བསམ་གཞིག་དང་རྟོག་དཔྱོད་བྱེད་པའི་ལམ་ནས་སློབ་མའི་རྣམ་དཔྱོད་འཕེལ་ཐབས་གཙོ་བོ་བྱེད་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན།
    ༥༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། གཞན་སྐད་སྐད་ཡིག་དང་པོར་བཞག་ནས་སློབ་ཚན་སློབ་སྦྱོང་གི་བརྒྱུད་ལམ་གཙོ་བོ་བྱེད། རང་རེའི་སློབ་གྲྭ་མང་ཆེ་བའི་ནང་སློབ་ཚན་སློབ་པའི་བརྒྱུད་ལམ་གཙོ་བོ་དབྱིན་ཇིའི་སྐད་ཡིག་ཐོག་ནས་འགྲོ་གི་ཡོད། སྐད་ཡིག་གང་ཞིག་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་ལམ་དུ་བཟུང་ན༑ མི་དེ་ཡང་རིམ་པས་སྐད་ཡིག་དེའི་བརྒྱུད་ལམ་དུ་ཡོད་པའི་རིག་གཞུང་དང་གོམས་གཤིས་ཀྱི་སེམས་རྒྱུད་ཅན་ཞིག་ཏུ་འགྱུར་འགྲོ་བ་ཡིན། དེར་བརྟེན་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་ལམ་སྐད་ཡིག་གང་བྱེད་མིན་ཤིན་ཏུ་གནད་འགག་ཏུ་འཛིན་དགོས། ྋགོང་ས་མཆོག་གིས་དྲུག་ཅུ་རེ་གྲངས་ནས་འདིའི་ཐོག་བཀའ་སློབ་ཤུགས་ཆེན་པོ་གནང་དགོས་པའི་རྒྱུ་མཚན་འདི་འདྲ་ལ་ཐུག་པ་ཡིན།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། རང་སྐད་སྐད་ཡིག་དང་པོར་བཞག་ནས་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་ལམ་གཙོ་བོར་འཛིན་པ་ཞིག་ཡིན།
    གཞན་སྐད་ཀྱི་བརྒྱུད་ལམ་ཐོག་ནས་གཞན་པའི་བསམ་སྤྱོད་བསྐྲུན་པ་དང༌། རང་སྐད་ཀྱི་བརྒྱུད་ལམ་ཐོག་ནས་རང་མི་རིགས་ཀྱི་བསམ་སྤྱོད་བསྐྲུན་པ་དོན་དངོས་ཀྱི་གནས་སྟངས་ཡིན་པས། ང་ཚོའི་སློབ་གྲྭ་ཁག་གི་བོད་ཕྲུག་རྣམས་བོད་མིའི་རང་གཤིས་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱེད་དམ། ཡང་ན། ཁྲག་རྒྱུད་དང་ཤ་མདོག་བོད་པ་ཡིན་པ་ལ་དབྱིན་ཇི་པའི་གཤིས་སྤྱོད་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱེད། འདི་ནི་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཚན་བརྒྱུད་ལམ་གྱི་སྐད་ཡིག་གཙོ་བོ་གང་བྱེད་མིན་ཐག་གཅོད་ཀྱི་གཞི་རྩ་གཙོ་བོ་ཡིན།
    ༦༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། དམའ་རིམ་དང་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་ལོ་ན་ཆུང་བའི་ཚོད་རྩིས་ལྟ་བུས་ཤེས་ཡོན་སློབ་སྦྱོང་སྤྲོད་ཐབས་ལ་སྣང་ཆུང་གིས། དམའ་རིམ་དགེ་རྒན་གྱི་ཤེས་ཚད་དང་ཀུན་སྤྱོད་ལ་དེ་ཙམ་གནད་འགག་ཏུ་མི་འཛིན།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། དམའ་རིམ་དང་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་མི་ཚེ་ཐོག་མའི་འགོ་འཛུགས་ཀྱི་སྐབས་ཡིན་པས་བག་ཆགས་དང་གཞི་རྩ་བརྟན་པོ་ཞོགས་དགོས་པ་ཤིན་ཏུ་གཙིགས་ཆེར་བཟུང་སྟེ། དགེ་རྒན་ཤེས་ཚད་ལྡན་པ་དང༌། ཉམས་མྱོང་ཡོད་པ། ཀུན་སྤྱོད་ལེགས་པ་ཞིག་བསྐོ་བཞག་བྱེད། མདོར་ན། མཐོ་རིམ་ལས་ཀྱང་དམའ་རིམ་གྱི་སློབ་ཕྲུག་རྣམས་གཙིགས་ཆེར་འཛིན་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན།
    ༧༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། སློབ་ཕྲུག་གི་ཤེས་ཚད་ཆུ་ཚོད་གསུམ་གྱི་དུས་ཡུན་ནང་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཁོ་ནའི་ཐོག་ནས་འཇལ་ཐབས་བྱེད་ཅིང༌། འཛིན་གྲྭ་སྤར་ཆག་གི་གནད་དོན་ཡང་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་རྐྱང་པའི་ཐོག་ནས་ཐག་གཅོད་བྱེད།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། སློབ་ཕྲུག་གི་ཤེས་ཚད་ལ་རྒྱུས་ལོན་མ་ནོར་བ་བྱེད་དགོས་པ་འཛིན་གྲྭ་གོང་མར་སྤོ་འོས་མིན་གྱི་གནད་དོན་ལ་ཐུག་ཅིང༌། དེའི་གཞི་རྩ་ནི་རིམ་པ་ལྟར་སྒྲིག་པའི་འོག་མའི་ཤེས་ཡོན་གྱི་གཞི་རྩ་མ་ཞོགས་པར་གོང་རིམ་གྱི་ཤེས་ཡོན་སྤུས་ཚད་ལྡན་པར་སྦྱོང་མི་ནུས་པས་ཡིན། སློབ་ཕྲུག་གི་ཤེས་ཚད་ལ་རྒྱུས་ལོན་མ་ནོར་བར་བྱ་དགོས་པ་གནད་འགག་ཆེ་བ་དེ་ལྟར་ཡང༌། དུས་ཡུན་ཐུང་ངུའི་རྒྱུགས་སྤྲོད་ཁོ་ནའི་བྱེད་ཐབས་ཀྱི་ཐོག་ནས་ཤེས་རྟོགས་མི་ནུས་པར་བརྟེན། དུས་ཡུན་ཐུང་ངུའི་རྒྱུགས་སྤྲོད་ཙམ་མ་ཡིན་པར། སློབ་མའི་རྒྱུན་ལྡན་གྱི་སློབ་སྦྱོང་བརྒྱུད་རིམ་ཐོག་ནས་འཇལ་ཐབས་བྱེད་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན།
    ༨༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། རེ་དོགས་དང་འཇིགས་ཞུམ་ལ་བརྟེན་པའི་བྱེད་ཐབས་ནི་ཁྱི་དང་སྤྲེའུ་གླང་ཆེན། སྟག་གཟིག་སོགས་བདག་པོས་རང་གི་དམིགས་དོན་དུ་སྐུལ་འདེད་བྱེད་པའི་ཐབས་སུ་བེད་སྤྱད་པའི་ཨུ་ཐུག་གི་ཐབས་ལམ་ཞིག་ཡིན། ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱིས་མི་ཡང་རེ་དོགས་དང་འཇིགས་ཞུམ་གྱི་བར་ནས་སློབ་གྲྭའི་བདག་པོ་དང༌། དགེ་རྒན་གྱིས་འཇིམ་པ་བཞིན་གང་འདོད་དུ་བཟོ་རུང་བ་ཞིག་ཏུ་ངོས་འཛིན་བྱེད།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། རེ་དོགས་དང་འཇིགས་ཞུམ་གྱི་བར་ནས་མིའི་ཕྱི་ཚུལ་གྱི་རྣམ་འགྱུར་ཙམ་མ་གཏོགས་དོན་དམ་གྱི་ཡར་རྒྱས་དང་རྣམ་དཔྱོད་མཐར་སོན་པ་ཞིག་ཡོང་རེ་མ་མཆིས་པས། རེ་དོགས་དང་འཇིགས་ཞུམ་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ནང་སྤང་བྱའི་སྐྱོན་དུ་ལྟ་བའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན།
    འདིར་བཤད་པའི་རེ་དོགས་དང་འཇིགས་ཞུམ་ནི། གཞན་པས་བསྟོད་བསྔགས་ཐོབ་པའི་རེ་བ་དང༌། རྒྱུགས་སྤྲོད་ཀྱི་སྐར་གྲངས་མི་ལོན་པའི་དོགས་པ། ཕ་མ་དང་དགེ་རྒན་གྱི་ཉེས་ཆད་ཡོང་བའི་འཇིགས་པ། རང་གི་ལུགས་མཐུན་གྱི་མངོན་འདོད་གསལ་བཤད་མི་ཐུབ་པར་མི་འདོད་བཞིན་གཞན་གྱི་བཀོད་སྒྲིག་དང་དུ་ལེན་པའི་ཞུམ་པ་བཅས་ཀྱི་སྒོ་ནས་རང་འགུལ་དང་སྤྲོ་སྣང་མེད་པར་ཕྱི་ཚུལ་གྱི་སློབ་སྦྱོང་གི་ཁུལ་བྱེད་པ་སྐྱོན་དུ་ལྟ་བ་ལས། རེ་དོགས་སོགས་ཡོད་ཚད་སྐྱོན་དུ་ལྟ་བ་ཡང་མིན་ཏེ། ཤེས་ཡོན་སློབ་སྦྱོང་བྱེད་པ་ལ་བརྟེན་ནས་རྣམ་དཔྱོད་ཕུལ་དུ་བྱུང་བ་ཞིག་ཡོང་བའི་རེ་བ་དང༌། སྐྱིད་སྡོད་གཉིད་ཉལ་སོགས་དོན་མེད་གཡེང་བའི་གཞན་དབང་དུ་གྱུར་ན་མི་ཚེ་དོན་མེད་དུ་འགྱུར་བའི་དོགས་པ། ཚེ་སྟོད་ལ་ཤེས་ཡོན་སློབ་སྦྱོང་གིས་མཚོན་པའི་དོན་སྙིང་ཅན་གྱི་བཟང་པོའི་ལས་དོན་གང་ཡང་མ་བསྒྲུབ་ན་ཚེ་སྨད་དང་སྐྱེ་བ་ཕྱི་མ་ཕན་ཆོད་ལ་དཀའ་ཁག་མི་བཟད་པ་འབྱུང་ངེས་པ་ལ་འཇིགས་པ་ཡོད་མི་འོས་པ་དང་སྐྱོན་དུ་ལྟ་དགོས་པ་མ་ཡིན་སྙམ།
    ༩༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། སློབ་ཕྲུག་ཅིག་གཞི་རྩའི་ཆ་ནས་རང་ཉིད་ཡར་རྒྱས་སུ་གཏོང་དགོས་པའི་སྐུལ་འདེད་ནུས་པ་ཐོན་པ་ཞིག་བྱ་མ་ནུས་པར། སློབ་གྲོགས་ནང་ཕན་ཚུན་ལ་མཚུངས་བསྡུར་དང་འགྲན་བསྡུར་གྱི་བསམ་བློ་སྤེལ་ཞིང༌། བྱེད་ཐབས་འདི་ཤེས་ཡོན་སློབ་སྦྱོང་ལ་གྲུབ་འབྲས་ཐོན་པའི་ཐབས་ལམ་དུ་བེད་སྤྱོད་བྱེད། འོན་ཀྱང་དོན་དངོས་ཀྱི་ཐོག་ནས་བྱེད་ཐབས་འདིས་ཤེས་ཡོན་དང་ཀུན་སྤྱོད་ལྡན་པའི་མི་ཞིག་གསོ་སྐྱོང་བྱེད་མི་ཐུབ་པར་མ་ཟད། ལྡོག་ཕྱོགས་ནས་འགྲན་སེམས་དང་ཕྲག་དོག་གིས་སེམས་རྒྱུད་ཁེངས་པའི་མི་ཤ་སྟག་བསྐྱེད་བསྲིང་བྱ་ངེས་ལ། འགྲན་སེམས་དང་ཕྲག་དོག་གིས་སེམས་རྒྱུད་བརླམས་པའི་སྤྱི་ཚོགས་ལ་ཞི་མཐུན་མཉམ་གནས་ཀྱི་གཞི་རྩ་གཏན་ནས་མེད།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། མཚུངས་བསྡུར་དང་འགྲན་སེམས་ཤེས་ཡོན་སློབ་སྦྱོང་ལ་སྐུལ་བའི་སློབ་གསོའི་བྱ་ཐབས་ནོར་འཁྲུལ་ཅན་ལ་ངོས་འཛིན་ཡང་དག་ཐོག འགྲོ་བ་མིའི་རིགས་ཀུན་ལ་གཅིག་མཚུངས་སུ་རང་ཉིད་ལ་ཡར་རྒྱས་མཐའ་མེད་དུ་འཕེལ་རུང་བའི་ནུས་པ་ཡོད་པ་དང༌། མིའི་ཡར་རྒྱས་ནི་རྣམ་དཔྱོད་དང༌། ལྷག་བསམ། ཀུན་སྤྱོད་བཅས་ཕྱོགས་སྒོར་མོ་ནས་སྐུལ་འདེད་ངེས་ཅན་བྱ་དགོས་པར་ངོས་འཛིན་བྱེད་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན། འོན་ཀྱང་གཞན་ལ་མིག་ལྟོས་བཟང་པོ་བྱེད་པ་དང་ཁ་མིག་ཡར་ལྟ་བྱེད་པ་ལ་མི་འོས་པ་གཏན་ནས་མེད་སྙམ།
    ༡༠༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། བརྡ་འཕྲིན་གྱི་དུས་རབས་ཞེས་ཀུན་གྱི་ཁ་ལ་རླུང་ལྟར་གྲགས་པ་ལྟར། སློབ་གྲྭའི་དཀྱིལ་འཁོར་གྱི་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་བརྒྱུད་རིམ་དུ་ཡང་བརྡ་འཕྲིན་དང་བརྡ་ལན་མཁོ་སྤྲོད་བྱེད་པ་ཙམ་ལས་བརྡ་དོན་སེམས་རྒྱུད་དུ་འཇགས་ཐབས་མི་བྱེད།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། སློབ་ཚན་གྱི་ཚིག་བརྗོད་རྣ་ལམ་དུ་བསྐྱེལ་བ་ཙམ་མ་ཡིན་པར། ཚིག་གི་བརྡ་སྤྲོད་ཐོས་པས་ངེས་ཆ་ཐོན་པ་དང༌། བརྡ་དོན་ལ་བསམ་པས་སྒྲོ་འདོགས་གཅོད་པ། བསྒོམས་པས་བྱང་ཆ་ཐོན་པ་བྱས་ཏེ་ཤེས་ཡོན་སློབ་སྦྱོང་བྱས་ཚད་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་སེམས་རྒྱུད་དང་འདྲིས་ནས་མི་ཚེ་གང་བོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པར་བྱ་བའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན།
    ༡༡༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། རང་ཉིད་གཅེས་པར་འཛིན་པ་ཤེས་ཡོན་སློབ་སྦྱོང་བྱེད་པའི་གཞི་རྩར་བཞག་ནས་ཚིག་གཅིག་བཟུང་བ་ཡན་ཆད་ཡོངས་རྫོགས་རང་ཉིད་ཀྱི་ཁེ་ཕན་ཉི་ཚེ་བ་སྟེ། རྒྱུགས་སྤྲོད་ཀྱི་སྐར་གྲངས་མཐོ་བོ་ལོན་པ་དང༌། ཕོགས་ཐོབ་ཅན་གྱི་ལས་གནས་རྙེད་པ་བཅས་ཀྱི་ཆེད་དུ་དམིགས་པ་ཤ་སྟག་ཡིན་ལ། དམིགས་ཚད་དེ་མངོན་འགྱུར་བྱུང་བའི་ཉིན་མོ་ནས་ཤེས་ཡོན་སློབ་སྦྱོང་དང་ཁ་བྲལ་འགྲོ་བའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། གཞན་གཅེས་པར་འཛིན་པ་ཤེས་ཡོན་སློབ་སྦྱོང་གི་གཞི་རྩར་བཟུང་ནས་ཤེས་ཡོན་སློབ་སྦྱོང་བྱེད་པའི་དགོས་དོན་རང་གཞན་གྱི་སྒོ་གསུམ་གྱི་ཡོན་ཏན་མཐའ་མེད་དུ་འཕེལ་བ་དང༌། གཞན་དོན་སྒྲུབ་པའི་ཞོར་ལ་རང་དོན་ལྷུན་གྱིས་འགྲུབ་པར་ལྟ་བའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན།
    ༡༢༽ ད་ལྟར་འགྲོ་བཞིན་པའི་ཤེས་ཡོན་ལམ་ལུགས། རང་གི་ལས་དབང་ལ་རང་ཉིད་ཀྱིས་ཐག་གཅོད་བྱེད་པའི་སྤོབས་པ་སླེབས་མི་ཐུབ་པར། རང་ཚུགས་ཉམས་པའི་བྲན་གཤིས་ཅན་དང༌། ལས་མེད་ཀྱི་ཁྱུ་ཚོགས་བསྐྲུན་པའི་བཟོ་གྲྭ་ལྟ་བུ་ཡིན།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། བྲན་གཤིས་མེད་པའི་མི་རང་ཚུགས་ཅན་དང༌། གཞན་བརྟེན་ཁོ་ན་མ་ཡིན་པར་རང་འཚོ་ཐུབ་པའི་སྐྱེས་བུ་བསྐྲུན་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན།
    འདི་ལྟར་ཤེས་ཡོན་སྲིད་བྱུས་གཉིས་གུང་བསྒྲིགས་ནས་ཞིབ་ཏུ་དཔྱད་བསྡུར་བྱས་ན་ད་གཟོད་ད་ལྟ་འགྲོ་བཞིན་པའི་རྒྱ་གར་པའི་དབྱིན་ཇིའི་ལུགས་སྲོལ་གྱི་ཤེས་ཡོན་སྲིད་བྱུས་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཉིས་ཀྱི་བར་ཁྱད་ཕྲ་མོ་ནས་རྟོགས་ཐུབ་པར་མ་ཟད། བོད་མི་རིགས་ཀྱི་གསོན་གནས་དང་རང་གི་ཚེ་སྲོག་གི་རིན་ཐང་ངོས་ནས་བསམ་བློ་བཏང་ན་འདོར་ལེན་ཇི་ལྟར་བྱ་དགོས་པའི་གནད་འགག་ཀྱང་རྟོགས་ཐུབ་ངེས།

མདུན་ཤོག