བསོད་ནམས་རིན་ཆེན།
ན་མོ་ཤྲི་ཀཱ་ལ་ཙཀྲ་ཡ། དེ་ལ་འདིར་ཡུལ་གངས་ཅན་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རྩིས་རིག་གི་ངོ་སྤྲོད་གསལ་བསྡུས་ཤིག་གླེང་བར་བྱ་བ་ལ།
སྤྱིར་འཛམ་གླིང་ཆེན་པོའི་གནས་སུ་དར་བའི་རྩིས་རིག་པ་ཇི་སྙེད་ཅིག་ཡོད་པ་འདི་ཀུན་རང་རང་ས་སྟེང་དུ་འཚོ་བའི་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་འཁོར་ཡུག་དང་ལྷན་དུ་རྩོལ་སྒྲུབ་བྱས་པའི་བརྒྱུད་རིམ་ནང་མྱོང་བ་གསོག་འཇོག་གིས་དར་འཕེལ་རྒྱས་སྤྲོས་སུ་སོང་བ་ཞིག་ཡིན་མོད། བྱེ་བྲག་བོད་ཀྱི་རྩིས་རིག་པ་ནི་ཕྱི་སྣོད་འཇིག་རྟེན་གྱི་གོ་ལ་འདིའི་སྟེང་ལུས་རྟེན་འཚོ་བའི་སྔ་མོའི་བོད་མིའི་རིགས་ཀྱིས་གནམ་ས་གཉིས་པོའི་རྟེན་འབྲེལ་བརྟག་ཚུལ་རིག་པའི་མྱོང་བ་རྨང་གཞིར་བྱས་པའི་སྟེང༌། འཕགས་ཡུལ་དང་ཙི་ན་གཙོར་གྱུར་ཕྱི་ནང་རྒྱལ་ཁབ་ཁག་གི་རྩིས་རིག་པའི་ཉིང་བཅུད་གཅིག་ཏུ་བསྒྲིལ་བའི་ཐུན་མོང་མ་ཡིན་པའི་རྩིས་རིག་པ་ཁྱད་འཕགས་ཅན་ཞིག་ཡིན། བོད་ཀྱི་རྩིས་རིག་པའི་རྣམ་དབྱེ་དང་དེ་དག་སོ་སོའི་དོན་གནད་གསལ་རྟོགས་ཐུབ་པའི་ཐོག་རྩིས་རིག་པའི་འབྱུང་ཚུལ་རྒྱུད་རིམ་ཇི་ཡིན་མདོར་བསྡུས་མཁྱེན་ཐུབ་ན་གཞི་ནས་ཐུན་མོང་མ་ཡིན་པའི་བོད་རྩིས་རིག་པའི་སྐོར་ངོ་སྤྲོད་གསལ་ཙམ་ཐུབ་ངེས། དེ་ན་འདིར་རྣམ་དབྱེ་དང་འབྱུང་ཚུལ་གྱི་འཆད་དོན་གཉིས་གཞི་རྩར་བྱས་པའི་ཐོག་བོད་རྩིས་རིག་པའི་ངོ་སྤྲོད་གསལ་བསྡུས་ཤིག་བྱ་རྒྱུ་ཡིན།
བོད་རྩིས་རིག་པའི་རྣམ་དབྱེ་ཞེས་པ་རྩིས་རིག་པའི་རྣམ་གྲངས་ཀྱི་དབྱེ་བ་ཙམ་ལ་གོ་ན་ཆོག་ཅིང༌། དེ་ཡང་གོང་དུ་བརྗོད་པ་ལྟར་བོད་ཀྱི་རྩིས་རིག་པ་འདི་ནི་རྩིས་རིག་པ་ཕལ་གྱི་བཅུད་བསྡུས་པའི་སྙིང་པོ་གཅིག་ཡིན་སྟབས་དེ་ནང་རྩིས་རིག་མི་འདྲ་བ་ཇི་སྙེད་ཅིག་བླངས་ཡོད་པ་སྨྲོས་ཅི་དགོས། རྒྱུན་དུ་ང་ཚོས་བོད་རྩིས་རིག་པའི་རྩ་བའི་དབྱེ་གཞི་འཆད་པའི་སྐབས་སྔ་མོའི་བོད་རྩིས་རིག་པ་དང༌། ནག་རྩིས་རིག་པ། དཀར་རྩིས་རིག་པ་ཞེས་པའི་དབྱེ་བ་གསུམ་དུ་ཕྱེ་བ་ཡིན། ད་ལྟའི་བོད་རྩིས་རིག་པ་ནི་རིག་པ་འདི་གསུམ་གཅིག་ཏུ་འདུས་པའི་རྩིས་རིག་པ་ཁྱད་པར་ཅན་ཞིག་ཡིན་སྟབས་རིག་པ་འདི་དག་སོ་སོའི་དབྱེ་བ་ལ་བོད་རྩིས་རིག་པའི་རྣམ་དབྱེ་ཞེས་གླེང་འོས།
གཅིག སྔ་མོའི་བོད་རྩིས་རིག་པའི་རྣམ་དབྱེ།
སྔ་མོའི་བོད་རྩིས་རིག་པ་ཞེས་པ་ནི་སྙན་བརྒྱུད་དང་བརྡ་བརྒྱུད་བརྡ་སྤྲོད་ཡིག་རིགསགཉིས་ལས་སྤྲོས་པའི་སྔ་མོའི་བོད་མི་རིགས་ཀྱི་འཚོ་བ་དངོས་ནང་ཉམས་མྱོང་གསོག་སྒྲུབ་བྱས་པའི་གྲངས་རྩིས་རིག་པ་དང་བརྟག་ཐབས་རིག་པ་གཉིས་ལ་བརྗོད་པ་ཡིན།
༡༽ གྲངས་རྩིས་རིག་པ། གྲངས་རྩིས་རིག་པ་ཞེས་པ་ནི་འགྲོ་བ་མི་རྣམས་ཀྱིས་ཉིན་རེའི་འཚོ་བ་དངོས་ནང་ཉིན་གྲངས་དང༌། ལོ་གྲངས། དུས་བཞི། ཉི་ཟླའི་བགྲོད་པ། དངོས་པོའི་ཁ་གྲངས་བརྩི་བ་སོགས་གྲངས་རྐྱང་ཁོ་ན་བརྩི་བའི་རིག་པ་ལ་ཟེར་བས། རིག་པ་འདི་ནི་གཟའ་སྐར་གྱི་འཁོར་བགྲོད་དང་དཔལ་འབྱོར་གྱི་འདུ་བཀོད་བརྩི་བ་སོགས་རྩིས་རིག་པ་ཀུན་གྱི་རྩ་བ་ལྟ་བུར་གྱུར་ཡོད། ད་ལྟའི་རྩིས་གྲངས་རིག་པའི་ནང་གྲངས་རྩིས་རིག་པའི་མཚོན་བྱ་ཨང་ཀིའི་གཟུགས་བྲིས་བའི་སྲོལ་འདི་བོད་དུ་ཡིག་རིགས་མ་དར་བའི་བར། ས་དང་རྡོ་བ་རྩིག་ངོས་བཅས་ལ་ཐིག་དང་རི་མོ་འབྲི་བ་དང༌། ཤིང་རྐང་ཕྲ་དུམ་རེ་རེས་གྲངས་མཚོན་པའམ་ཡང་ན་ཤིང་ལ་འཕེལ་ཁ་བཏོན་པ། རྡོ་ཤིང་གི་ཕྲེང་བ་བཟོ་བ་སོགས་ཀྱི་རིག་པ་འདྲ་མིན་ལ་ལྟོས་ནས་མཚོན་བྱར་བེད་སྤྱོད་པ་དང༌། སྟབས་བདེའི་མཚོན་བྱ་དེ་རིགས་གཞི་རྩར་བྱས་པའི་སྟེང་འབྲི་བསྣན་བསྒྱུར་བགོས་ཀྱི་གྲངས་རྩིས་རིག་པའི་རྨང་གཞི་བླངས་ཡོད། གཞན་ཡང་མིའི་ལུས་གནས། སྤྱི་གཙུག་དང༌། དཔྲལ་སྒོ རྣ་བ། སྣ། ཁ། མ་ལེ་བཅས་ཀྱི་དབྱིབས་ལ་ལྟོས་ཏེ་བདུན་གྲངས་བརྩི་བ་དང༌། དེ་ལ་ལྟོས་ནས་ཟླ་བ་དང་ལོ་བརྩི་བའི་གྲངས་རྩིས་དར་བར་མ་ཟད་ཡན་ལག་གྱི་ཚིགས་ཆེན་བཅུ་གཉིས་ལ་དཔེ་ལྟོས་ཏེ་ཟླ་བ་བཅུ་གཉིས་དང༌། ཉི་མའི་ལྷོ་བྱང་བགྲོད་པ་གཉིས་དཔྱིད་སྟོན་ཉིན་མཚན་མཉམ་གཉིས་ཀྱི་གྲངས་ངོས་འཛིན་པའི་སྲོལ་དར།
གྲངས་རྩིས་རིག་པ་དར་འཕེལ་བེད་སྤྱོད་བྱུང་བ་དེས་མི་རྣམས་ཀྱི་ཉིན་རེའི་འཚོ་བ་དངོས་ནང་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད་ལ། རང་བྱུང་འཁོར་ཡུག་དང་སྐྱེ་དངོས་སོགས་ལ་བརྟག་དཔྱད་འཚོལ་ཞིབ་བྱེད་པར་རིག་གསར་གལ་ཆེ་ཞིག་བརྙེས་ཡོད། ལྷག་པར་བོད་དུ་ཡིག་རིགས་དར་རྗེས་དབུ་མེད་ཀྱི་ཡེ་གེའི་གཟུགས་ལས་གྲངས་གཟུགས་བརྙེས་ཡོད་པ་སྟེ། འ་དང་ཉ་ས་ད་ལ་ར་དྲུག་དང་བ་ཡིག་བཅས་པའི་དབུ་མེད་ཀྱི་ཡིག་གཟུགས་མི་འདྲ་བ་དྲུག་ལས་གྲངས་གཟུགས་བྱུང་བ། དཔེར་ན། འ་ཚུར་གྱུ་གཅིག་ཅེས་ཐོག་མའི་གྲངས་གཟུགས་(༡) དང༌། འ་ར་བཏགས་གཉིས། (༢)ཉ་ར་བཏགས་གསུམ། (༣)འ་ཕར་གྱུ་བཞི། (༤)ས་རྔ་མ་ལྔ་ (༥) ར་ཞབས་ཀྱུ་དྲུག (༦) འ་ཡ་བཏགས་བདུན།(༧) ར་རང་བཞག་བརྒྱད། (༨)ལ་རྔ་མ་དགུ་(༩)བ་རང་གནས་ཐིག་(༠) སྟོང་པ་ཉིད་དེ། ༡༢༣༤༥༦༧༨༩༠ བཅས་རྩ་བའི་གྲངས་དགུ་དང་གྲངས་བགྲང་དུ་མེད་པ་གནས་མཚོན་པའི་ཐིག་སྟེ་ཀླད་ཀོར་བཅས་གྲངས་ཀྱི་ཡི་གེ་བཅུའི་གཟུགས་དོད། གྲངས་གཟུགས་གསར་བརྙེད་བྱུང་བ་འདིས་གྲངས་རྩིས་རིག་པ་སྟེ། དཔལ་འབྱོར་རྩིས་རིག་པ་དང་གཟའ་སྐར་གྱི་བགྲོད་པ་བརྩི་བའི་རིག་པ་གཉིས་ཀར་ཆེས་སྟབས་བདེ་དང་མྱུར་ལམ་གསལ་རྟོགས་ཀྱི་ཆ་རྐྱེན་བསྐྲུན་ཡོད། འདིས་ཕྱི་གཟའ་སྐར་གྱི་ལོངས་སྤྱོད་དང་ནང་དབུགས་ཀྱི་རྒྱུ་གྲངས་ལས་འཚར་བའི་ཕྱི་ནང་གི་དུས་ཕྲ་རགས་ཡོད་དོ་ཅོག་ཡི་གེ་ཨང་ཀིབཅུ་པོའི་གཟུགས་ཀྱིས་མཚོན་པར་བྱེད་པའི་ལམ་ནས་དུས་ཀྱི་འཕོ་འགྱུར་དང་ཕྱི་ནང་གི་དངོས་པོ་རྣམ་པ་སྣ་ཚོགས་པ་རྩིས་ཐུབ་པ་བྱུང་བར་མ་ཟད། རྒྱུན་གཏན་སྤྱི་ཚོགས་ཁྲོམ་རྭའི་ཐོག་དཔལ་འབྱོར་ཉོ་ཚོང་སོགས་ཀྱི་རྩིས་རིག་ཇི་སྙེད་ལས་སླ་པོའི་ཐོག་བརྩི་ཐུབ་པ་བྱུང་ཡོད། ཡང་ཁ་ཅིག་གིས་བོད་ཀྱི་ཨང་ཀིའི་གཟུགས་རྣམས་རྒྱ་དཀར་གྱི་ཨང་ཀིའི་གཟུགས་ལས་ཚུར་དཔེ་བྱས་པའི་འདོད་ཚུལ་སྨྲ་བ་སོགས་ལུགས་འགའ་ཡོད་མོད། འདི་དག་གི་འབྱུང་ཚུལ་དང་བརྒྱུད་རིམ་ཐད་རྒྱུ་མཚན་འཐད་ལྡན་གྱིས་སྒྲུབ་པ་ཞིག་མ་མཐོང་བས་འདིར་མ་གླེང་ལ། སྔ་མ་ལྟར་བོད་ཀྱི་ཡི་གེའི་གཟུགས་ལས་གྲུབ་པའི་འཆད་ཚུལ་འདི་བཞིན་འཐད་པར་མཐོང་བ་སྔ་མོའི་དཔེ་རྙིང་བྲིས་མ་སོགས་ལ་གཟིགས་ན་གྲངས་གཟུགས་དེ་དག་ཡི་གེའི་གཟུགས་ལས་ཇི་ལྟར་གྲུབ་པའི་ངེས་པ་གསལ་བར་རྙེད་ཐུབ།
༢༽ བརྟག་ཐབས་རྩིས་རིག་པ། བརྟག་ཐབས་རྩིས་རིག་པ་ཞེས་པ་ནི་གནམ་གཤིས་ཀྱི་འགྱུར་བ་སོགས་ནང་མིའི་ལུས་ཁམས་དང་ཉེ་བར་འབྲེལ་བའི་ཕྱི་སྣོད་ཀྱི་བྱ་དངོས་ཇི་སྙེད་ཅིག་ལ་བརྟག་དཔྱད་ཀྱིས་འབྱུང་འགྱུར་གྱི་གནད་དོན་སྔོན་དཔགས་ཚོད་རྩིས་ཐུབ་པའི་རིག་པ་ལ་ཟེར། འདི་ལ་དམའ་བ་ས་སྟེང་བྱ་རིགས་སྐྱེ་དངོས་ལ་བརྟག་པ་དང༌། བར་སྣང་ཆར་རླུང་སྤྲིན་ལ་བརྟག་པ། མཐོ་བ་མཁའ་ཡི་ཉི་ཟླ་གཟའ་སྐར་ལ་བརྟག་པ་སོགས་ཀྱི་རྩིས་རིག་པའི་རྣམ་གྲངས་ཀྱི་དབྱེ་བ་ལྡན་ལ་འདི་ནི་སྔ་མོའི་བོད་མི་རིགས་ཀྱིས་བོད་ཡུལ་གྱི་གནམ་གཤིས་ཚ་གྲང་གི་འགྱུར་བ་རྣམས་ས་དེའི་མཁའ་ལ་འཁོར་བའི་ཉི་ཟླ་གཟའ་སྐར་གྱི་བགྲོད་པ་ལ་ལྟོས་ནས་བརྟག་པ་བྱེད་པ་དང༌། རང་བྱུང་ཁམས་སུ་འཚོ་བའི་བྱ་རིགས་སྣ་ཚོགས་དང་སྐྱེ་དངོས་རྩི་ཤིང་སོགས་ལ་ལྟོས་ཏེ་དུས་དང་འཇིག་རྟེན་བརྩི་བའི་རྩིས་རིག་པ་ཞིག་ཡིན། རིག་པ་འདི་ནི་བོད་ཀྱི་སྐར་རྩིས་རིག་པའི་རྨང་གཞི་ལྟ་བུ་དང་རྟེན་འབྲེལ་གྱི་གནད་སྟོན་པའི་ཐོག་མའི་ས་བོན་གྱི་རིག་པ་ཞིག་ཡིན་པར་ངོས་འཛིན་ཆོག
བརྟག་ཐབས་རིག་པའི་བརྒྱུད་རིམ་ནང༌། གྲངས་རྩིས་རིག་པ་བེད་སྤྱོད་ཀྱིས་ཉི་མའི་བགྲོད་པ་རྟོགས་ཆེད། ཉི་རྟགས་བརྒྱབ་སྟེ་ངོས་འཛིན་པ་དང༌། དུས་དུས་སུ་སྒྲོགས་པའི་བྱ་རིགས་ཀྱི་སྐད་དང་བྱ་རིགས་དེ་དག་སྐྱས་འདེབས་པ་སོགས་ཀྱི་སྣང་ཚུལ་ལ་དཔྱད་དེ་ཞིང་ལས་འདེབས་འཛུགས་དང་ཞིང་ཆུ་འདྲེན་པ། དཔེར་ན། བྱིའུ་ཅོ་ཀས་སྐད་འབྱིན་པ་དང་པིང་ཀྱུར་སླེབས་པའི་དུས་ལ་བརྟག་སྟེ་སྔ་འདེབས་སྔ་མ་ཟིན་ཞེས་ཞིང་སྔ་མ་རྣམས་འདེབས་རན་པར་བརྩི་བ་དང༌། པུ་ཤུད་སྐད་འདོན་དུས་ལ་དཔྱད་དེ་བར་འདེབས་སྔ་མ་བྱེད་པ། ཁུ་བྱུག་སླེབས་དུས་ལ་བརྟག་སྟེ་དཔྱིད་ཀ་ཤར་བ་དང༌། དེས་སྐད་ཆེར་འབྱིན་པར་བརྟག་སྟྟེ་ཆར་ཆེ་བབས་པའི་དུས་སུ་བརྩི་བའོ། །གཞན་ཡང་མཁའ་ཡི་རྒྱུ་སྐར་ལ་བརྟག་དཔྱད་ཀྱིས་རྒྱུ་སྐར་ཉེར་བདུན་པོ་རེ་རེ་བའི་སྐར་དབྱིབས་ངོས་འཛིན་བྱས་ཡོད་པར་མ་ཟད། དེ་སྟེང་ཉི་ཟླ་ཇི་ལྟར་འཁོར་ཚུལ་རགས་རྩིས་ཀྱིས་ཟླ་བའི་འཕེལ་འགྲིབ་དང༌། ཉི་མའི་ལྷོ་བྱང་གི་བགྲོད་པ་རྩིས་ཡོད། དཔེར་ན། སྲོས་དུས་སྐར་མ་མགོ་ཡིས་ནམ་སྐྱེལ་དུས་ལ་བརྟག་སྟེ་རི་དྭགས་རྔོན་པ་དང༌། སྨིན་དྲུག་ས་འོག་འགྲོ་དུས་ལ་བརྟག་སྟེ་སོན་ས་འོག་ལ་འདེབས་པ་སོགས་ཀྱི་ལས་བྱེད། སྐབས་འདིར་མི་རྣམས་ཀྱིས་ཕྱི་སྐར་ཁྱིམ་གོ་ལར་དཔྱད་ཞིབ་བྱེད་པའི་རྒྱུད་རིམ་ཐོག་མ་ལྟ་བུ་ཡིན་ཀྱང་རགས་རྩིས་ཀྱི་ལམ་ནས་འཕྱུགས་མེད་ཅིག་བྱུང་བ་ནི་དངོས་འབྲེལ་ངོ་མཚར་སྐྱེ་འོས་སུ་མཆིས། རིག་པ་འདིའི་བརྒྱུད་རིམ་ལ་བོད་དུ་ཡིག་རིགས་མ་དར་བའི་བར་བརྟག་ཐབས་རྩིས་རིག་པ་དང་གྲངས་རྩིས་རིག་པ་གང་ཡང་སྙན་བརྒྱུད་ཀྱི་ལམ་ཁོ་ནར་བརྟེན་ཏེ་བརྒྱུད་ཡོད་པས། འདི་ལ་ཕྱི་རབས་རྣམས་ཀྱིས་དམངས་ཁྲོད་རྒད་པོའི་མྱོང་རྩིས་ཞེས་བརྗོད་པ་ཡིན། ཡིག་རིགས་གསར་གཏོད་བྱུང་རྗེས་ཡི་གེའི་གཟུགས་ལས་གྲངས་གཟུགས་བརྙེད་པ་ལྟ་ཅི་འདི་ཀུན་རིག་པའི་གཞུང་ལུགས་སུ་ཕྱོགས་བསྒྲིགས་ཀྱིས་རྣམ་བཤད་འཆད་ཉན་གྱི་རྒྱུན་སྤེལ་ཐུབ་པ་བྱུང་བ་སོགས་ནི་བོད་དུ་སྔར་དར་བའི་རྩིས་རིག་པ་ཞིག་ཡིན་ནོ། །
གཉིས། ནག་རྩིས་རིག་པ།
ནག་རྩིས་རིག་པ་ནི། སྔ་རབས་རྒྱ་ནག་པོའི་ཡུལ་ལས་དར་བའི་ཡོངས་གྲགས་འབྱུང་ལྔའི་རྩིས་རིག་པ་ཞེས་པ་དེ་དང་ཕྱིས་སུ་ནུབ་གླིང་རྩིས་གསར་རྒྱ་ཡུལ་དུ་དར་བ་ཉིད་བོད་བསྒྱུར་བྱས་པའི་རྩིས་རིག་པ་ལ་བརྗོད། དེ་ཡང་འབྱུང་ལྔའི་རྩིས་རིག་ལ་འགྱུར་སྔ་ཕྱིའི་དུས་དབང་གིས་གསར་རྙིང་གཉིས་སུ་དབྱེ་ཞིང༌། འབྱུང་ཚུལ་ཐད་གདུལ་བྱའི་གང་ཟག་གི་མོས་པ་དང༌། སྟོན་པ་ཐ་དད་པའི་དབང་གིས་ཐུན་མོང་ཐུན་མིན་གཉིས་སུ་འགྱུར་བ་ཞིབ་པ་ལུགས་འདིའི་རྩིས་རིག་གི་འབྱུང་ཚུལ་ལས་ཤེས་དགོས། སྤྱིར་འདི་ནང་བརྗོད་གཞིའི་རྩིས་ཀུན་འབྱུང་བའི་བཤད་པ་ཁོ་ན་ལས་མ་འདས་རུང༌། བྱེ་བྲག་འབྱུང་བ་རྣམ་ལྔའི་དབྱེ་བ་རྩ་གཞིར་བྱས་པའི་ཐོག་ཕྱི་ཉི་ཟླ་གཟའ་སྐར་སོགས་དང་དེ་ལ་ལྟོས་པའི་དུས་ཀྱི་རིགས། ནང་སྐྱེས་བུའི་ལུས་ཁམས་བཅས་པ་འབྱུང་ལྔས་ཇི་ལྟར་བསྡུ་ཚུལ་གསལ་བར་སྟོན་པའི་ཐོག་དེ་དག་གི་མཚན་ཉིད་གཏན་འབེབས་ཀྱིས་དགྲ་གྲོགས་རྩི་བའི་རིག་པ་ལ་བརྟེན་ནས་གང་ཟག་གི་ཚེའི་བདེ་སྡུག་སྣ་ཚོགས་བརྩི་བ་ནི་འབྱུང་ལྔའི་རྩིས་རིག་པ་འདིར་ལྡན་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། རྩིས་རིག་འདིའི་ནང་ལོ་བརྙན་བཅུ་གཉིས་དང༌། སྤར་ཁ་བརྒྱད། སྨེ་བ་དགུ གཟའ་དགུ དར་གུད་བཅུ་གཉིས། རྒྱུ་སྐར་ཉེར་བརྒྱད་སོགས་ཕྱི་ནང་དོན་གྱི་མཚོན་བྱ་ཇི་སྙེད་བསྟན་པ་དེ་དག་གི་འབྱུང་ཁམས་ཕྱི་ནང་འགལ་མེད་དུ་སྒྲུབ་པའི་ཚུལ་གྱིས་དུས་ལ་འཁོར་ཚུལ་དང་དགྲ་གྲོགས་བརྩི་ཐབས་རྣམ་པར་བཞག་སྟེ། མཚོན་བྱེད་གང་ཟག་བྱེ་བྲག་པའི་འཁྲུངས་རྩིས་ཏེ་ཚེ་རབས་དང༌། ཕོ་མོ་འཇིག་རྟེན་མཐུན་སྡེབས་གཉེན་སྦྱོར། ལོ་རེའི་བགེགས་སེལ་ཀེག་བཟློག་རྩིས། གཙུག་ལག་ཁང་དང༌། ཁང་པའི་རྨང་འདིང་བ། ཞིང་ས་འདེབས་པ་སོགས་ས་དཔྱད་བརྟག་པའི་རྩིས། གཞན་ཡང་འཇིག་རྟེན་འདི་ནས་ཕ་རོལ་འདས་པ་གསོན་གཤིན་དབྱེ་བ་འབྱེད་པའི་རྩིས། དེ་བཞིན་བྱེ་བྲག་གི་སྐོར་འགོ་དང་གབ་རྩེ་ཇི་སྙེད་པའི་རྣམ་དབྱེ་བསྟན་ཡོད་དོ། །
གསུམ། དཀར་རྩིས་རིག་པ།
དཀར་རྩིས་རིག་པ་ནི། འབྱུང་སའི་ཡུལ་རྒྱ་དཀར་བ་ཉིད་ལ་ལྟོས་ཏེ་བཏགས་པའི་རྩིས་རིག་པའི་ཐ་སྙད་ཅིག་ཡིན། འདི་ལ་དབྱེ་ན། དུས་འཁོར་རྩིས་རིག་དང༌། དབྱངས་འཆར་བའི་རྩིས་རིག་རྣམ་པ་གཉིས་ཡོད།
༡༽ དུས་འཁོར་རྩིས་རིག་ནི་ད་ལྟའི་བོད་རྩིས་རིག་པའི་མ་ལག་ཅིག་ཡིན་པར་མ་ཟད། ཕྱི་ནང་རྩིས་རིག་པ་ཡོད་དོ་ཅོག་གིས་ཁུངས་བཅོལ་ཚད་ཐུབ་ཏུ་ངོས་འཛིན་ཆོག་པའི་རྩིས་རིག་ཅིག་ཀྱང་ཡིན། འདི་ནི་སྟོན་པ་ཚད་མའི་སྐྱེས་བུ་བཅོམ་ལྡན་ཤཱཀྱ་ཐུབ་པ་དགུང་གྲངས་གྱ་གཅིག་ཏུ་ཕེབས་པ་ཡེ་སྔོན་ཡེ་ལོའི་སྔོན། ཕྱི་ལོའི་སྔོན་དང་དོན་གཅིག ༨༨༡ ལོར་རྩ་བའི་རྒྱུད་ཅེས་པ་འབྲས་བུའི་ཆོས་གསང་སྔགས་བླ་མེད་ཀྱི་རྒྱུད་ལེའུ་ལྔའི་བདག་ཉིད་ཅན་གསུངས་པ་དེ་ལས་ཕྱུང་པ་ཕྱི་འཇིག་རྟེན་ཁམས་ལེ་ལས་གཙོར་སྟོན་པའི་ནམ་མཁའི་གཟའ་སྐར་གྱི་བགྲོད་པ་རྩིས་པའི་རིག་པ་ཡིན། རིག་པ་འདིའི་ནང་ཕྱི་ནང་སྣོད་བཅུད་ཀུན་འབྱུང་བཞིས་ཇི་ལྟར་བསྐྱེད་ཚུལ་གསལ་སྟོན་བྱས་ཡོད་པར་མ་ཟད། ཕྱིའི་ཉི་ཟླ་གཟའ་སྐར་གྱི་བགྲོད་པ་རགས་ཞིབ་ས་རིས་ཀྱི་ལམ་ནས་བརྩི་ཐབས་རྣམ་པར་བཞག་སྟེ་ཕྲ་བ་དེ་དག་གི་ཕན་གནོད་དང་བྱུང་རིམ་བསྟན་ཡོད། དུས་འཁོར་རྩིས་རིག་བོད་དུ་དར་རྗེས་སྔར་གྱི་བོད་རྩིས་རིག་པས་གཟའ་སྐར་གྱི་བགྲོད་པ་རྩིས་བའི་རིག་པར་རྒྱབ་རྟེན་དང་ལུང་རིགས་ཚད་ཐུབ་ཅིག་གྲུབ་པས་བོད་རྩིས་རིག་པ་འདི་བཞིན་ལག་ལེན་ཆ་ཚང་རང་རྐྱ་འཕེར་བ་ཞིག་ཏུ་གྱུར་ཡོད།
དཔལ་ལྡན་དུས་འཁོར་ལས་བྱུང་བའི་རྩིས་རིག་པའི་རྣམ་དབྱེ་མདོར་བསྡུས་གླེང་ན། སྔོན་འགྲོ་གྲངས་དང་གྲངས་ཀྱི་གནས་དང་གཟའ་སྐར་ལོ་ཟླ་དུས་ཀྱི་ཐ་སྙད་ངོས་འཛིན་པའི་རིག་པ་དང༌། གཟའ་སྐར་གྱི་འཁོར་བགྲོད་བརྩི་བའི་རིག་པ་གཉིས་ལས། ཕྱི་མ་ལྔ་བསྡུས་ཞེས། རེས་གཟའ་དང༌། ཚེས། ཟླ་སྐར། སྦྱོར་སྐར། བྱེད་པ་བཅས་དང༌། གཟའ་ལྔའི་ཞག་གསུམ་གྱི་བགྲོད་པ་བརྩི་བའི་རིག་པ། སྒྲ་གཅན་དང་ཉི་ཟླ་འཛིན་ཚུལ། དུ་མཇུག་གི་བགྲོད་པ། དུས་སྦྱོར། གནམ་སའི་གོ་ལ། ཞག་གསུམ་གྱི་རྩིས་སོགས་ས་བཅད་ཆེ་ཆུང་མི་འདྲ་བའི་དབྱེ་ཚུལ་ལྡན་པ་དེ་དག་བོད་ཀྱི་རྩིས་རིག་སྨྲ་བའི་དབང་པོ་དག་གིས་ལུང་རིགས་མྱོང་གསུམ་གྱི་དཔྱད་པས་གཏན་ལ་ཕབས་པའི་རྩིས་རིག་པའི་གཞུང་ན་གསལ།
༣། དབྱངས་འཆར་རྩིས་རིག་པ། དབྱངས་འཆར་རྩིས་རིག་པ་འདི་བཞིན་དུས་འཁོར་རྩིས་རིག་པའི་བྱེ་བྲག་ཅིག་ཡིན་པར་མ་ཟད། སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་དབང་ཕྱུག་དང་ཨུ་མ་གཉིས་པོས་དྲི་བ་དྲི་ལན་གྱི་ཚུལ་དུ་གསུངས་པའི་འགྲོ་བའི་ཞི་རྒྱས་དབང་དྲག་གི་ལས་བརྩི་བའི་འབྲས་བུའི་རྩིས་རིག་པ་ཞིག་ཡིན། འདི་ལ་དབྱངས་འཆར་ཞེས་ཐ་སྙད་གཙོར་བརྗོད་པའང༌། ཡེ་གེའི་ས་བོན་དབྱངས་བཅུ་དྲུག་པོ་དེ་རྣམས་རེ་རེ་བཞིན་འབྱུང་བཞིའི་ངོ་བོར་བསྡུས་ཏེ་ཚེས་ལ་འཆར་བའི་དོན་གྱིས་སྨྲས་པ་དང༌། དེ་ཉིད་སྔར་གྱི་གཟའ་སྐར་བརྩི་བའི་རིག་པ་རྨང་གཞིར་བྱས་པའི་ཐོག་དེ་དག་གི་བྱེད་ལས་ལས་ནང་བཅུད་འགྲོ་བའི་གཟུགས་ཕུང་དང༌། བྱ་བ་སྣ་ཚོགས་པའི་བཟང་ངན་རྐྱེན་དུ་ཇི་ལྟར་འགྱུར་ཚུལ་བརྩི་བའི་རིག་པ་ཞིག་ལགས། འདི་ལ། རུས་སྦལ་འཁོར་ལོ་དང༌། སེང་གདན་འཁོར་ལོ། གདུགས་འཁོར་སོགས་རྒྱུན་གཏན་ལེ་ཐོའི་ནང་གསལ་བའི་འཁོར་ལོའི་རིགས་ཇི་སྙེད་ཅིག་མཆིས་པ་དེ་དག་སོ་སོས་ལོ་རེའི་གཟའ་སྐར་གྱི་བགྲོད་པར་བརྟེན་པའི་ཡུལ་གྱི་ཆར་ཞོད་སོགས་འབྱུང་བཞིའི་ཕན་གནོད་དང༌། རྒྱལ་པོ་དང་ཡུལ་ལུང་སོགས་ཀྱི་བདེ་སྡུག་མ་འོངས་སྔོན་དཔག་རྩིས་བ་ཡིན་ནོ། །
གསུམ། དཀར་ནག་དབྱངས་གསུམ་གྱི་དགོངས་པ་གཅིག་ཏུ་སྒྲིལ་བའི་བོད་རྩིས་རིག་པ། རྩིས་རིག་སོ་སོའི་ངོ་སྤྲོད་མདོར་བསྡུས་གོང་དུ་གླེང་ཟིན་ཏེ། འདིར་རྩིས་རིག་དེ་ཀུན་བོད་དུ་དར་རྗེས་དཀར་ནག་དབྱངས་གསུམ་གྱི་དགོངས་པ་གཅིག་ཏུ་བསྒྲིལ་བའི་བོད་རྩིས་རིག་པའི་སྐོར་མདོ་ཙམ་གླེང་ན།
དཀར་ནག་དབྱངས་གསུམ་གྱི་དགོངས་པ་གཅིག་ཏུ་སྒྲིལ་བའི་བོད་རྩིས་རིག་པ་ནི་སྐབས་སུ་ངོ་སྤྲོད་བྱའི་བོད་རྩིས་རིག་པ་ཉིད་ཡིན་ཅིང༌། འདི་ནང་ཕྱི་ཉི་ཟླ་གཟའ་སྐར་གྱི་བགྲོད་པ་དང༌། དེ་ལ་ལྟོས་པའི་དུས་བཞིའི་མངོན་ཚུལ་དང་གནམ་གཤིས་ཚ་གྲང་གི་འགྱུར་བ་བརྩི་གཞིར་བྱས་ཐོག་དེ་འབྲེལ་ནང་བཅུད་འགྲོ་བའི་བདེ་སྡུག་བླང་དོར་གང་ཡང་གསལ་བར་སྟོན་པའི་ཕྱི་ནང་རྩིས་རིག་པ་ཞིག་ཡིན་ལ། བོད་ཀྱི་གསོ་བ་རིག་པས་ཁ་བྲལ་དུ་མེད་པའི་གསོ་ཐབས་རིག་པའི་ཡ་གྱལ་ཞིག་ཀྱང་ཡིན། རིག་པ་འདིའི་ནང་འབྱུང་བཞིའི་དཀྱིལ་འཁོར་དང་མཁའ་ཡི་ཉི་ཟླ་གཟའ་སྐར་བཅས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་སྐྱེས་བུའི་གཟུགས་ཕུང་གཉིས་འབྱུང་བཞི་འབྱུང་ལྔས་ཇི་ལྟར་གྲུབ་ཚུལ་འགལ་མེད་གསལ་བར་བསྟན་པའི་ཐོག་ཕྱི་ནང་གཉིས་རྟེན་ཅིང་འབྲེལ་བའི་ལམ་ནས་ཕྲ་བ་དབུགས་ཀྱི་ཆ་ཤས་དང་ཕྲ་མོའི་རྡུལ་གྱིས་དུས་དང་ཡུལ་གྱི་ལོངས་སྤྱོད་བརྩི་གཞིར་བྱས་པའི་ཉི་ཟླའི་བགྲོད་པ་དང་དེ་ལས་འབྱུང་བའི་དུས་ཀྱི་འཕོ་གྱུར་དང་ཕྱི་དུས་ལ་ལྟོས་པའི་ནང་གི་རྩ་རླུང་ཐིག་ལེའི་ཁམས་ཕྲ་རགས་ཀྱི་འཕེལ་འགྲིབ་ཀྱང་ཞིབ་རྩིས་ལམ་ནས་བསྟན་ཡོད་དོ། །
རིག་པ་འདི་དག་གི་བསྡུ་ཚུལ་ལ། འདི་ཀུན་ཕྱི་ནང་དག་པ་མཉམ་དུ་སྦྱོར་བའི་དུས་ཀྱི་འཁོར་ལོའི་རྩིས་རིག་པའི་ནང་འདུ་ལ་ལྷག་པར་བོད་ཀྱི་གསོ་རིག་གཙོར་གྱུར་ཕྱི་ནང་རིག་གནས་ཀུན་དང་འབྲེལ་བའི་རྩིས་རིག་ཀུན་གྱི་རྒྱུ་མཚན་དང་དཀའ་བརྒྱའི་མདུད་གྲོལ་ནི་དུས་ཀྱི་འཁོར་ལོའི་སྐར་རྩིས་རིག་པ་ཁོ་ནར་ལྡན་པའི་ཁྱད་ཆོས་སུ་མངོན་ཞིང༌། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ་ཚུལ་དང༌། ཕྱི་ནང་གཞན་གསུམ་དག་པ་མཉམ་སྦྱོར་གྱི་གནད་དག་རྟོགས་པར་མེད་དུ་མི་རུང་བའི་རིག་པ་རྩེ་ཕུད་ཅིག་ཡིན་ནོ། །
བསོད་ནམས་རིན་ཆེན་ལགས་ནི། བོད་གཞུང་སྨན་རྩིས་ཁང་ནས་རྩིས་ཀྱི་རིག་པར་སློབ་གཉེར་ཆ་ཚང་ཟིན་ཏེ། ད་ལྟ་གསོ་བ་རིག་པར་སློབ་གཉེར་གནང་བཞིན་ཡོད།