ནོར་གླིང་མཐོ་སློབ། མགར་རྩེ་རིག་ལྡེ།               

༡༽ ཐོག་མའི་གཏམ།

   མི་རིགས་གང་ཡིན་ཡང་ཐུན་མོང་གི་སྐད་ཡིག་དང༌། ཁོར་ཡུག དཔལ་འབྱོར། རིག་གནས་བཅས་ཐུན་མོང་གི་ངོ་བོ་མཚོན་པའི་གོམས་གཤིས་སོགས་མི་རིགས་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་དེ་འབྱུང་བའི་རྒྱུ་ནི་མི་རིགས་དེ་ཡིན། མི་རིགས་དེའང་གང་ཞིག་ལས་གྲུབ་པ་བརྟག་ཞིབ་བྱེད་དགོས་པ་གནད་དམ་པར་མཐོང་སྟེ།
    བོད་རིགས་ལ་མཚོན་ནའང༌། མི་རིགས་གཞན་ལས་དབྱེ་འབྱེད་ཀྱི་ནོར་བུ་རང་ཉིད་ལ་འབྱར་བའི་སྲོལ་རྒྱུན་གྱི་ལྟ་བ་སྟེ་རིག་གཞུང་བྱིངས་ཡིན་པས། བོད་རང་ཉིད་ཀྱི་རིག་གཞུང་སྤྱིའི་འབྱུང་ཁུངས་རང་ཉིད་ཀྱི་མི་རིགས་དེའི་སྐད་བརྡའི་ཐ་སྙད་ལས་བྱུང་བར་བཤད་ལ། དེའི་རྩ་བའམ་ཡར་རྒྱས་ཀྱི་རྣམ་པའང་བོད་མི་ཡིན་པར་རྟོགས་ན། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། “ད་ལྟ་རྒྱལ་ཁབ་བམ་མི་རིགས་ཤིག་ཡར་རྒྱས་སམ་རྗེས་ལུས་ཡིན་མིན་ནི་ཚན་རིག་ཡར་རྒྱས་ཡོད་མེད་ལ་ལྟ་བ་རེད་” ཅེས་སྤོབས་པ་གཟེངས་སུ་བཏེགས་ཏེ་མི་རིགས་དེའི་རིག་གཞུང་གི་ཆགས་འཇིག་མི་རིགས་དེར་ལྟོས་པ་འཛམ་གླིང་སྤྱི་འགྲོས་ཡིན་པར་བསྟན།
    ཐོག་མར་བོད་མི་རིགས་ཀྱི་འབྱུང་ཁུངས་གསལ་ཐག་ཆོད་པ་ཞིག་ཤེས་པར་ཡིག་ཐོག་དང་ངག་རྒྱུན་གྱི་ལོ་རྒྱུས། ཚན་རིག་བཅས་གསུམ་མཐུན་པའི་སྒོ་ནས་དཔྱད་ཞིབ་བྱ་དགོས་ཤིང༌། རུས་རྒྱུད་(བོད་རིགས)དང་ཐ་སྙད་(བོད)ཀྱི་མཚན་ཉིད་ལ་གནའ་དེང་གི་ལོ་རྒྱུས་སྨྲ་བ་གང་གིས་ཀྱང་སྡོམ་ཚིག་ཐན་ཐུན་རེ་བཞག་ཡོད་ཀྱང༌། ད་དུང་རྩོད་གཞིར་ལྷག་ཡོད། ཆེས་གཞི་རྒྱ་ཆེ་བའི་མཚན་ཉིད་བཞི་ལྡན་གྱི་མི་རིགས་ཤིག་ཡིན་པས། དེའི་བྱུང་རིམ་དང་ཡང་དག་པའི་གོམས་སྲོལ་སོགས་ཡིག་འབྲུ་ཐན་ཐུན་ནང་ངོ་སྤྲོད་ཙམ་ལས་ཧ་ཅང་དཀའ་མོད། རང་ཉིད་སློབ་ཕྲུག་ཅིག་གི་ཡོན་ཏན་གྱི་གཞི་རྒྱ་དང་བསམ་བློའི་ཟབ་ཚད་ལ་མ་ལྟོས་པར་འཛིན་གྲྭ་མང་པོའི་བར་གླགས་ནས་དུས་ཚོད་ཐུང་ངུ་རེ་རྐུ་འཕྲོག་བྱས་ནས་བྲིས་པས།  ཞན་ཆར་བརྩིས་ནའང་ཆོག་མོད། མི་རིགས་ཀྱི་གཅོང་ནད་ལ་རྣག་ཐོག་གཙག་འཁེལ་གྱི་ལས་གནས་འདི་རིགས་ལ་དགའ་སྣང་དང་སྤྲོ་སྣང་གིས་ཁེངས་པས་དོགས་སློང་རྩྭ་ཀུ་ཤའི་རྩེ་མོའི་ཆུ་ཐིགས་ལས་ཉུང་བ་ཞིག་འབྲི་རྒྱུའི་སྤོབས་པ་དང་སྙིང་སྟོབས་ཀྱིས་བརྒྱན་པར་ཡབ་མེས་ཀྱི་ཞལ་ནས། “ལར་སྐྱེས་མི་ཡིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རྣམས་ཀྱིས་རང་གི་ཆོ་འབྲང་མ་ཤེས་ན།  གཡུ་འབྲུག་ཟོལ་མ་འདྲ།” ཞེས་པར་གནད་དུ་སེམས་ཏེ་མི་རབས་རྗེས་མའི་རྗེས་མར་རིགས་འདེད་ཀྱིས་ཕྲག་པར་རང་ཤུགས་ཀྱིས་དཀྲི་པའི་དར་ཡུག་གལ་འགངས་ཆེ་བ་ཞིག་ཡིན་པ་གདོན་མི་ཟ་བས།  སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བྱ་དངོས་འཕེལ་རྒྱས་ཀྱི་ཁྲོད་གསོ་སྐྱོང་གནང་ཅི་ཐུབ་ཀྱི་ཐབས་ལམ་འཚོལ་སྙེག་བྱེད་དགོས་པར་མཐོང་ངོ༌། །   

༢༽ ཡིག་ངག་གཉིས་ཀྱི་ལོ་རྒྱུས་ལས་བོད་རིགས་བྱུང་སྟངས་བཤད་པ།

    མི་རིགས་བྱིངས་ཀྱིས་ས་བསྒྲགས་གནམ་བསྒྲགས་ཀྱིས་བོད་རིགས་དང༌། དེའི་རིག་གཞུང༌། གོམས་གཤིས་སོགས་གོ་ལ་ཟླུམ་པོའི་ཡང་རྩེ་རུ་སོན་ཏེ་མི་རིགས་གཞན་གྱིས་འགྲམ་ཆུ་ལྡང་བ་མཐོང་གསལ་ཡིན་པས་ན། འཇིག་རྟེན་གྱི་ཆག་འཇིག་གམ་དུས་ཀྱི་འཕོ་འགྱུར་ལ་རིགས་སྟོབས་ཀྱིས་དཔྱད་ན། ང་ཚོས་སྲིད་པའི་སྣོད་བཅུད་ཇི་ལྟར་གྲོལ་ཚུལ་ནས་མིའི་རིགས་སུ་ཇི་ལྟར་གྱུར་ཚུལ་ལ་བརྒལ་བརྟག་གཟབ་རྒྱས་བྱེད་དགོས་པ་མ་ཟད། ད་དུང་ཚན་རིག་གིས་བརྟག་དཔྱད་ལ་བསམ་གཞིགས་རེ་བཏང་ན། “སྤྲེའུ”ལས་བོད་རིགས་བྱུང་ཞེས་ཁ་ཚོན་གཅོད་པའི་ཆེས་སྔ་ཤོས་རྩོམ་ཡིག་ནི་<<བཀའ་ཆེམས་བཀའ་ཁོལ་མ་>>(རྩོམ་པ་པོ་སྲོང་བཙན་སྒམ་པོ་ཡིན་མིན་དང༌། སྲོང་བཙན་སྒམ་པོའི་གསུང་དངོས་ཡིན་མིན་ལ་དོགས་པ་ཡོད།)ཡིན་པར་ངོས་ཟིན་ཐོབ་པ་དེར་ཡིད་རྟོན་རུང་བའི་གདེང་འཇོག་བྱེད་པ་ཚན་རིག་གི་སྐད་ཆ་དང་ཧ་ཅང་མཐུན་པས། “སྤྲ་མི་སྨྲ་བ” ནི་ངག་རྒྱུན་གྱི་ཆེས་གཞི་རྒྱ་ཆེ་བའི་ཤོད་ཐབས་ཡིན་པ་གནའ་དེང་སྨྱུག་ཐོགས་པས་ཁྱབ་གདལ་དུ་བཀོད་ཡོད་པར། མཁས་དབང་དུང་དཀར་བས། “མིའི་རིགས་ཐོག་མར་བྱུང་ནས་ད་བར་མ་མཐའ་ཡང་མི་ལོ་ས་ཡ་ཁ་ཤས་ཙམ་སོང་ཟིན་པར་བརྩི་དགོས་” ཞེས་པའི་རིགས་སྟོབས་ཀྱི་དཔོག་ཚད་དེར་གཞི་བཅོལ་ཏེ་ང་ཚོའི་མེས་པོའི་བྱུང་འཕེལ་ལ་གཞིགས་ན། “རང་རེའི་བོད་ཀྱི་རིགས་རྒྱུད་ཐོག་མ་གང་ནས་བྱུང་པའི་ཐད་འཚོལ་ཞིབ་བྱུང་སྟེ་ཚན་རིག་མེད་པའི་དུས་ལ་རང་གི་མེས་པོ་གོང་མ་ནི་སྤྲ་རིགས་ལས་མཆེད་” ཅེས་པའི་བཤད་ཚུལ་འདི། མི་རིགས་གཞན་པས་མིའི་“ཐོག་མ་ལྷས་བསྐྲུན་” དང༌། ”འཇིམ་གྱིས་བཟོས་”ཞེས་པ་དེ་དག་ལས་མངོན་པར་མཐོ་བར་ཉེ་བའི་ལོ་འགའི་རིང་གནའ་རྫས་རྟོག་ཞིབ་རིག་པ་དང་ཚན་རིག་པ་སོགས་ཀྱིས་ས་འོག་གི་རིག་གནས་དངོས་རྫས་མུ་མཐུད་དུ་(བོད་ནང་)སྔོག་འདོན་དང་འཚོལ་ཞིབ་བྱས་ཏེ། རྡོ་ཆས་འཇམ་པའི་རིགས་དེ་དག་ལའང་ཐོག་མཐའ་བར་གསུམ་གྱི་དུས་རབས་དབྱེ་སྟེ་དངོས་རྫས་ལ་རྟོག་ཞིབ་བྱས་པར་གཞིགས་ན། ”ཡུན་ནན་ཞིང་ཆེན་གྱི་(བོད་ནང)ཡོན་མོའི་ས་ཁུལ་དུ་སྤྲ་མི་བྱུང་ནས་ལོ་ངོ་ས་ཡ་གཅིག་དང་བདུན་འབུམ་ལྔ་ཁྲི་སོང་ཡོད་པ་དང༌། པེ་ཅིན་གྱི་སྤྲ་མི་བྱུང་ནས་ལོ་ངོ་ལྔ་ཁྲི་ལྷག་ཙམ་གྱི་ལོ་རྒྱུས་ཡོད་” པར་བཤད་པ་དང༌། དབྱིན་ཇི་བ་ཨོའུ་རྡེར་གྱིས་གནའ་རྫས་རྟོག་ཞིབ་རིག་པའི་ཐོག་ནས་ར་འཕྲོད་བྱུང་བར་གཞིགས་ན། རྒྱ་གར་སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ནང་རིག་གནས་དར་འགོ་ཚུགས་ཡོད་ན་འགྲོ་བ་མི་བྱུང་པའི་དུས་ནི་དེ་ལས་སྔ་ཤོས་ཡིན་པ་ཡིད་རྟོན་རུང་པའི་དཔང་རྟགས་སུ་དུས་རབས་བཅོ་བརྒྱད་པའི་དབྱིན་ཇི་མཁས་པ་ཏར་ཝན་གྱིས་ ”མིའི་མེས་པོ་ནི་སྤྲ་མི་རེད་” ཅེས་པའི་སྐད་ཆ་དང་ཀུན་ནས་མཚུངས། འཛམ་གླིང་ཐོག་ཐོག་མར་བཤད་མཁན་ཀྱང་བོད་མི་ཡིན་པར་དེང་སང་གི་ཚན་རིག་གིས་རིན་ཐང་ཅན་དུ་རྩི་བཞིན་ཡོད་པས། ཡ་ཐོག་སྲིད་པ་བྱུང་ཚུལ་ལའང༌། འབྱུང་བ་སྣ་ལྔའི་སྙིང་པོ་ལས་བཤད་པ་བཞིན་འབྱུང་བ་ལྔའི་བྱེད་ལས་ཀྱི་ནུས་སྟོབས་གཞི་བཟུང་པར་ལོ་རྒྱུས་སྨྱུག་ཐོགས་པས་སྤུ་རྩེ་ཕྱོགས་དེ་གར་གཏད་པའང་གཏིང་ཟབ་ཞིང་གཞི་རྒྱ་ཆེ་བའི་ལུང་དེས་ཕྱིའི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་རིགས་དྲུག་གང་ནས་བྱུང་བའི་སྒྲུབ་བྱེད་ཀྱི་དཔང་རྟགས་རྣལ་མར་བསྟན་ཏོ། །   

༣༽ གནའ་དེང་ལོ་རྒྱུས་སྨྲ་བ་ལས་ཐ་སྙད་བོད་ཀྱི་མཚན་ཉིད་བཤད་པ།

    གནའ་བོའི་ལོ་རྒྱུས་སྨྲ་བ་མང་པོས། བྷོ། ལྷོ་བོད། ཐུ་བྷོད། ཏི་བྷོད། བོན། བྷོ་ཊ་ཞེས་ཐ་སྙད་མང་པོར་གཞི་རྩར་བཞག་སྟེ་དེ་དག་ལས་ཟུར་ཆག་པར་བཞེད་ཚུལ་དེ་ཟུར་ཆག་པའི་གནས་ཚུལ་ཙམ་ལས་”བོད” ཞེས་པའི་ཐ་སྙད་ཀྱི་མཚན་ཉིད་དངོས་ཡིན་པའི་ཐག་གཅོད་ཀྱི་གཞི་རུ་མི་རིགས་པར་རྒྱལ་ཁམས་རིག་པ་བ་དགེ་ཆོས་ཀྱིས། ”བོད་ཅེས་བྱ་བའི་ཚིག་དེའི་དོན་གང་ཡིན་ཟེར་ན། རྣམ་པ་གཅིག་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པའང་སྲིད།” ཞེས་དང༌། དེ་མིན་དཔྱོད་ལྡན་པ་དོན་འགྲུབ་རྒྱལ་གྱིས། ”བོད་ཅེས་པའི་ཐ་སྙད་འདི་ལ་སྔ་ཕྱིའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་འགྲེལ་བ་སྣ་ཚོགས་པ་ཞིག་བརྒྱབ་ཡོད་ན་ཡང༌། ཐ་སྙད་དེའི་འབྱུང་ཁུངས་ངོ་མ་ཞིག་གང་ཡིན་གྱི་སྐོར་ནི་ད་དུང་རྩོད་པའི་གཞིར་གྱུར་འདུག་” ཅེས་དུས་རབས་ཀྱི་དཀྱོགས་མཚམས་རེ་རེར་འགྲེངས་པའི་ཁྱུ་མཆོག་རེ་ཟུང་གི་སྡོམ་ཚིག་ཐན་ཐུན་གྱིས་དུས་རབས་ཉེར་གཅིག་པའི་ཕྲག་ལ་བསྐྱལ་བའི་འཚོལ་གཞི་འདིར། རང་ཉིད་སླཽབ་ཕྲུག་ཅིག་ལ་ལྟ་རྒྱ་དང་མཐོང་རྒྱ་ཞན་རྐྱེན་དེ་ལས་གཞན་པའི་མཚན་ཉིད་ངོ་མ་ཞིག་འབྲི་རྒྱུའི་སྤོབས་པ་དང༌། ཡོན་ཏན་གང་ཡང་མེད་པ་མ་ཟད། རང་སྣང་རྣམ་པར་དག་པའི་རང་ལུགས་འཇོག་པའང་དེ་ལས་ག་ལ་ཡོད་མོད། ང་ཚོ་ཟེར་སྒྲོས་ཀྱི་རྗེས་འབྲངས་སུ་མ་སོང་བར་བརྒལ་བརྟག་དང་ཞིབ་དཔྱོད་ནན་མོས་གནའ་དེང་གི་ལོ་རྒྱུས་སྨྲ་བས་སྡོམ་ཚིག་བཀོད་པར་ཕྱིར་མིག་བགྲད་དེ་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཁྱད་རྟགས་བཞི་སྟེ་སྐད་རིགས་དང༌། ས་ཁོངས། དཔལ་འབྱོར། བསམ་པའི་ངོ་བོ་གཅིག་མཐུན་གྱིས་ཕྱུག་པའི་བོད་མི་རིགས་ཀྱི་ལོ་རྒྱུས་ངོ་མར་ཆོས་ལུགས་ཀྱི་བཤད་ཚུལ་བསྲེས་པའི་རྙོག་འཛིང་ཡོད་མེད་ལ་མ་བལྟས་པར་རྒྱང་ཐག་ཤིན་ཏུ་རིང་པའི་ཕྱིར་མིག་ངོ་མ་ཞིག་བགྲད་དེ་འཚོལ་སྡུད་བྱེད་རྒྱུ་ཡིད་ལག་གཉིས་ཀའི་གནད་དུ་སེམས་སོ། །           

༤༽ བོད་རིགས་ཀྱི་གཤིས་ལུགས་བཤད་པ།

    སྤྱིར་བཏང་བྱ་དངོས་གང་ཡིན་ནའང་སྐྱེས་ཙམ་ནས་རང་ཆས་སུ་གྲུབ་པའི་ལྷན་སྐྱེས་ཀྱི་ཁྱད་ཆོས་ཤིག་དང༌། སྦྱོར་བ་ལ་བརྟེན་ནས་གྲུབ་པའི་ཁྱད་ཆོས་ཤིག་ངེས་པར་ཡོད་དགོས་པས། དེ་ནི་བྱ་དངོས་ཀྱི་གཤིས་ལུགས་སུ་གྲུབ་པའི་གོ་རིམ་ཚད་ལྡན་ཞིག་རེད་ཅེས་བརྗོད་ན་ཆོག དེའི་ཕྱིར། མིའི་ལྷན་སྐྱེས་ཀྱི་ཡོན་ཏན་རང་ཉིད་གྲུབ་ཙམ་ནས་ཡོད་ལ། མི་རིགས་ཀྱི་ལྷན་སྐྱེས་ཀྱི་ཡོན་ཏན་ཀྱང་མིའི་རིགས་སུ་ཆགས་པ་ནས་རང་ཆས་སུ་གྲུབ་པའི་ཁྱད་ཆོས་ཤིག་ཏུ་རྩི་བཞིན་ཡོད། སྦྱོར་བའི་ཡོན་ཏན་རང་ཉིད་གྲུབ་ཙམ་ནས་མེད་ཀྱང་ཕྱིས་སུ་ཕྱི་རོལ་བདག་རྐྱེན་གྱི་དབང་ཤུགས་ལ་བརྟེན་ནས་བྱུང་བ་བསྙོན་མེད་ཡིན། དེ་བས་ན། པཎ་ཆེན་རིན་པོ་ཆེས། ”ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མྀ་རིགས་ཤིག་ཡིན་ཕྱིན། རང་ཉིད་མི་རིགས་ཀྱི་ཆོས་ལུགས་དང་མི་རིགས་ལ་དད་འདུན་དང་ཤ་ཚ། ལར་ཞེན་ཆེན་པོ་ཞིག་ཡོད་ངེས་པ་མ་ཟད། དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་རང་སྲོག་ཀྱང་བློས་གཏོང་སྲིད།” ཅེས་གསུངས་པར་མི་རིགས་ཀྱི་གཤིས་ལུགས་ལ་དུས་རབས་ཀྱི་དབྱེ་འབྱེད་མཁན་མི་ཉུང་བ་ཞིག་ཡོད་ནའང༌། ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཁྱད་རྟགས་བཞི་སྟེ་སྐད་ཡིག་དང༌། ས་ཁོངས། དཔལ་འབྱོར། བསམ་པའི་ངོ་བོ་གཅིག་མཐུན་གྱིས་ཕྱུག་པའི་བོད་མི་རིགས་ཀྱི་ལོ་རྒྱུས་ངོ་མར་ཕྱིར་མིག་བལྟས་ན། ”ང་ཚོའི་མི་རིགས་ཀྱིས་མི་རིགས་གཞན་གྱི་གོམས་སྲོལ་ལ་གཅེས་འཛིན་མི་བྱེད་ཅིང་མི་རིགས་གཞན་གྱི་རིག་གཞུང་ལ་སྐྱབས་བཅོལ་མི་བྱེད། ང་ཚོའི་མི་རིགས་ཀྱིས་མི་རིགས་གཞན་གྱི་ལུང་པའི་ནང་གཏན་སྡོད་མི་བྱེད་ཅིང་མི་རིགས་གཞན་གྱི་སྐད་ཡིག་ལ་ཧམ་སེམས་དང་འགྲམ་ཆུ་མི་ལྡང་མི་སྲིད།”ཅེས་པས་བོད་རིགས་ཀྱི་སྙིང་ཁྲག་དང་བདེན་དོན་བསྲེས་པའི་གཤིས་ལུགས་ངོ་མ་བསྟན་ཡོད།
    འོན་ཀྱང༌། དེང་དུས་འཛམ་གླིང་ཐོག་གཞན་གྱིས་བསྔགས་བརྗོད་དང་ཡིད་རྟོན་རུང་བ་ནི་ང་ཚོར་ཨ་འཐས་སུ་འབྱར་བའི་གཤིས་ལུགས་སྟེ་འགྲོ་བ་ཀུན་ཆ་སྙོམས་ཀྱི་ལྟ་ཚུལ་” ཞི་བདེ་འཚོལ་བ། འཚེ་མེད་རིང་ལུགས་ལ་མངོན་པར་ཕྱོགས་པ། མངོན་མཐོ། ངེས་ལེགས། བདེ་སྡུག་གི་མཐོ་དམའ་” སོགས་སེམས་ཀྱི་འགྱུར་བར་ངོས་འཛིན་བྱས་ཏེ་ལས་འབྲས་སོགས་ཀྱི་རྣམ་གཞག་གིས་ཆོས་ཐམས་ཅད་སེམས་ཀྱི་སྣང་བར་ཐག་གཅོད་བྱས་པའི་ལྟ་སྤྱོད་རྣམ་གཞག་དེ་ང་ཚོས་ཚད་གཞི་ལྡན་པའི་བསམ་བློའི་འདུ་ཤེས་དང་བསྟུན་ནས་འཇིག་རྟེན་འདིར་བཞག་པའི་ལྟ་གྲུབ་ཅིག་ཡིན་ཕྱིན། དེ་ནི་རིམ་པ་གོང་མར་གྱུར་པའི་ལྟ་གྲུབ་ཀྱི་རྣམ་གཞག་ཅིག་ཆགས་ཡོད་པས་ལེགས་ཉེས་འཚོལ་སྡུད་བྱེད་རྒྱུ་ཡིད་ལག་གཉིས་ཀའི་གནད་དུ་སེམས་པས་སྔོན་ཐོན་རྒྱལ་ཁབ་ཏུ་གྲགས་པའི་མི་རིགས་ཀུན་གྱིས་ཀྱང་འདི་ལ་ཆེ་མཐོང་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་མཆིས་པ་འདིས་བདེན་པ་ཁུངས་འཕེར་བྱེད་བཞིན་ཡོད་པ་རྟོགས་སླའོ། །

༥༽ བོད་རིགས་ཀྱི་འབྱུང་འགྱུར་བཤད་པ།

    ང་ཚོས་ཕུན་སུམ་ཚོགས་པའི་ལེགས་ཆ་རྣམས་རྒྱུན་འཛིན་དང་དེའི་ཁ་ཕྱོགས་མཐོར་འདེགས་གཏོང་རྒྱུའི་འཆར་གཞི་སྲ་བརྟན་དང་བཅས་རྙིང་ཞེན་དང་བག་འཁུམས་ལ་ཨ་འཐས་སྲ་མཁྲེགས་ཀྱིས་འགྲོ་རྒྱུ་ལས། གནའ་དེང་ལོ་རྒྱུས་དངོས་ལ་དཔྱད་བསྡུར་ཡང་དག་གིས་དེང་རབས་རིག་གསར་དག་ལས་ཀྱང་སྙིགས་དོར་བཅུད་ལེན་གྱིས་སྐྱོན་རྣམས་ཡོ་བསྲང་དང་ཁ་གསབ་བྱས་ཏེ་སྲིད་འབྱོར་རིག་གསུམ་གང་ཐད་ནས་མི་རིགས་ཀྱི་དགཽས་མཁོ་དག་ཚན་རིག་གི་རྗེས་ཟིན་པར་བྱེད་རྒྱུ་གལ་ཆེ་བར་མཐོང༌། རང་བྱུང་ཚན་རིག་དང་ཤེས་ཡོན་ཟུང་དུ་མ་འབྲེལ་བས། མི་རིགས་སོ་སོའི་མིའི་སེམས་ཁམས་དང་སྤུས་ཚད། རིག་གནས་དང་ཤེས་ཡོན་གྱི་ཟབ་ཚད་སོགས་གོང་མཐོར་གཏོང་བའི་བྱ་ཐབས་མེད་ལ། དེའང་དཔལ་འབྱོར་འཕེལ་རྒྱས་གཏོང་པའི་དགོས་མཁོ་དང་ཁ་བྲལ་ཚེ་མི་འགྲིག་པའི་ཚུལ་དེར་དམིགས་ནས། ཟམ་གདོང་རིན་པོ་ཆེས། ”ལྷག་པར་ཚན་རིག་དང་འཕྲུལ་རིག་གི་ཁེ་ཕན་ལ་རང་རིགས་རྣམས་ཀྱང་སྤྱི་མཚུངས་ལོངས་སྤྱོད་དགོས་པའི་གནས་སྐབས་འདིར་འདས་པའི་ལམ་སྲོལ་ཉམས་མེད་ཐོག་དེང་རབས་དང་མཐུན་པའི་སློབ་སྦྱོང་མ་སྤྲད་ཐབས་མེད་དངོས་མཐོང་རྩོད་མེད་དུ་གྱུར།” ཞེས་གསུངས་པ་ལྟར་དགོས་མཁོའི་སྐབས་དང་བསྟུན་བཅོས་བསྒྱུར་བླང་དོར་གྱི་གནས་ལུགས་མ་ནོར་བ་ར་མ་འཕྲོད་ཚེ་”དེས་ན་འདས་དོན་རྨང་གཞི་དོར་བའི་དེ་རིང་ནི་བྱེ་མའི་ཁུང་བུ་ཡིན་ལ། དེ་རིང་གི་ལག་ལེན་མེད་པའི་སང་ཉིན་ནི་ནམ་མཁའི་པདྨོ་ཡིན་ནོ། །དེའི་ཕྱིར་མ་འོངས་པའི་འོད་སྟོང་ཆེད་དུ་ད་ལྟའི་འབད་པ་དགོས་ཤིང༌། ད་ལྟའི་ལག་ལེན་ཆེད་དུ་འདས་པའི་མིག་དཔེ་འཚོལ་དགོས་པའང་ལྡོག་མེད་ཀྱི་གཏན་ཚིགས་ཉིད་དོ།།” ཞེས་གསུངས་པ་ལྟར། འུ་ཅག་གིས་ཀྱང་འབད་སྒྲུབ་བྱེད་མ་ཐུབ་ཚེ་བོད་མི་རིགས་ཀྱི་འབྱུང་འགྱུར་གཡང་ལ་ལྷུང་བ་ཉིད་དུའོ། །

༦༽ མཇུག་བསྡུ་བའི་སྐད་ཆ་ཁ་ཤས།

   སྤྱིར་བཏང་”རྩོམ་པ་པོ་དང་བརྩམས་ཆོས་དོ་མཉམ་དགོས” ཞེས་སྡོམ་ཚིག་གིས་ཁ་ལག་གཉིས་དངོས་འགལ་ཡིན་པར་བསྟན་ཡོད་ཀྱང༌། རང་ཉིད་ཀྱིས་ཁ་ཤོམ་མ་ཡིན་པར་གནའ་རབས་ངག་རྒྱུན་དང་ཡིག་ཐོག་རྩོམ་ཡིག་གི་གནས་ལུགས་སྨྱུག་རྩེར་དྲངས་པ་ཡིན།  ང་ཚོས་བསྲེགས་བཅད་བརྡར་གསུམ་གྱི་མགོ་འཕང་མཐོ་རུ་འདེགས་ཀྱིན་ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་ནས་ཡིད་ཆེས་ཟབ་མོས་དཔྱད་བསྡུར་བྱེད་དགོས་པར་ཧ་ཅང་གི་གནད་དུ་མཐོང༌། དེ་མིན། དེང་སང་གི་མི་ཆེ་གེ་མོ་ཞིག་གིས་ཁ་ནས་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་གླེང་ཞོར་རང་ཉིད་གཅིག་པུའི་ཁེ་ཕན་དོན་དུ་(བཙན་བྱོལ་ནང་དུ་ཤིན་ཏུ་མང་)མི་རིགས་དང་དེའི་རིག་གཞུང་བཙོང་བར་བརྩོན་བཞིན་པ་དེ་ཚོ་མི་རིགས་ཀྱི་གཅོང་ནད་ཡིན་པས་ནམ་ཡང་རྒྱང་དུ་སྤྱུགས་དགོས། ཟུར་དུ་ཁ་ཤས་ཀྱིས་རང་ཉིད་ཀྱི་ཡོན་ཏན་དང་ལངས་ཕྱོགས་བསྒྲགས་སའི་ཁོར་ཡུག་མི་འདུག་ཟེར་པ་དེའང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་ཕྱིར་མིག་གསལ་ཐག་ཆོད་པ་ཅིག་འཕངས་ན་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་དག་ཁོར་ཡུག་ཆུང་ཆུང་ནས་གཉོམ་ལག་རྒྱས་པ་ཤ་སྟག་ཡིན་པས། ཁོ་ཚོའི་སྐད་ཆ་དེའང་གཅོང་ནད་ཟེར་ན་ཅིས་མི་ཆོག ཁོ་ཚོའི་ལངས་ཕྱོགས་དང་ལྟ་བ་དུས་རབས་ཀྱི་གསར་གཏོད་ལ་མཆོངས་སྐྱོད་བྱེད་ཐུབ་ཚེ་ང་ཚོའི་བརྟག་དཔྱད་ཀྱི་གནས་སུ་འཁུམས་མོད། ད་དུང་གནད་དུ་ཁེལ་བའི་སྐད་ཆ་ཙམ་ཡང་བཤད་ཐུབ་མེད་ན་ཁ་ཤོམ་ལས་མ་འདས། ཡང་ཟུར་ཞིག་ཏུ་རྒྱ་ནག་གིས་བཙན་འཛུལ་གྱིས་(བོད་ནང་དུ་)བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་གང་ཡིན་གསོ་སྐྱོང་བྱེད་ཐུབ་ཀྱིན་མེད་ཅེས་ཁ་ཚོན་གཅོད་མོད། སྐད་ཆ་འདི་ཧ་ཅང་གི་སྐྱག་རྫུན་དུ་སེམས་ཏེ།(བཙན་བྱོལ)གཞུང་དུ་ལས་ཀར་འོས་པའི་ཡོན་ཏན་པ་ཚང་མ་བོད་ནང་ནས་གཉོམ་ལག་རྒྱས་པ་ཤ་སྟག་ཡིན་པ་མ་ཟད། བོད་ཡིག་དང་འབྲེལ་བའི་མཐོ་སློབ་སློབ་མ་བརྒྱ་ཆའི་དགུ་བཅུའང་བོད་ནང་ནས་གཉོམ་ལག་རྒྱས་པ་ཤ་སྟག་ཡིན་པ་བསྙོན་མེད་ཡིན་ཀྱང་སྐྱོན་མཚང་འབྲུ་བར་ཡིག་ཚོགས་ལ་འཇིགས་པ་མ་ཟད་དེ་རིང་གི་བྲི་བྱའི་གནད་མ་ཡིན་པའི་རེ་ཞིག་བཏང་སྙོམས་སུ་བཞག་གོ།
    སྤྱིར་དཔྱད་བརྗོད་ཅིག་འབྲི་ན་འབྲས་བུ་སྐྱེ་བ་ལ་རྒྱུ་ཚོགས་མང་པོས་མཐུན་སྦྱོར་བྱེད་དགོས་པ་བཞིན་རྒྱུ་རྐྱེན་འགའ་སྔོན་དུ་འགྲོ་དགོས་པར་མཐོང་ལ། རང་ཉིད་ལ་དེ་འདྲའི་རྒྱུ་རྐྱེན་གྱི་གཞི་རྩ་དབེན་པ་མ་ཟད་སློབ་ཕྲུག་ཅིག་ཡིན་པས། བརྗོད་གཞི་འདིར་འགོད་སྟངས་དང་ས་བཅད་སྒྲིག་རིམ། ཐ་ན་ཚིག་སྦྱོར་གྱི་སྙན་ཆའི་རོ་མངར་སོགས་ཕྱོགས་གང་ཐད་ལའང་གཡའ་ཆགས་པའི་སྙིགས་རོས་བསྒྲིབས་མེད་པ་མི་སྲིད་པས་ན་བཀའ་བཀྱོན་གྱིས་ལེགས་ཉེས་སྟོན་རོགས།

(རྩོམ་པ་པོ་མགར་རྩེ་རིག་ལྡེ་ནི། ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་ཡིན།)

མདུན་ཤོག