ཨ་ཚོགས་བསྟན་འཛིན་འཇམ་དབྱངས།

    དུས་རབས་བཅུ་གཅིག་པའི་ཚུན་ནས་བྲིས་པའི་བོད་ཀྱི་ལོ་རྒྱུས་ཕལ་ཆེ་བར་བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་བཙན་པོ་འུ་དུམ་བཙན་ནི། གླེན་རྨོངས་དང་ཤེས་རྒྱུད་རྩུབ་པས་གླང་ཀོག་དང། ཆོས་ལ་མི་དགའ་བས་ཐེ་རང་དང་བདུད་ཀྱི་སྤྲུལ་བ་སོགས་ངན་དགུ་གཅིག་ཏུ་སྤུངས་པ་ལྟ་བུར་རྩེ་མཐུན་དུ་གསུངས་ཡོད་རུང། ཏུན་ཧོང་གནའ་ཡིག་གིས་གཙོ་བའི་ཡིག་ཚང་ཁག་ལ་བསྐྱར་དུ་བསམ་གཞིགས་བྱེད་སྐབས། གོང་སྨོས་ཀྱི་ངོས་འཛིན་གནང་བ་དེ་ལས་ལྡོག་པའི་ཚོར་སྣང་གསར་པ་ཞིག་རང་ཅག་གི་ཡིད་ངོར་ངང་གིས་འདྲེན་པར་མ་ཟད། ལྷག་དོན་དུའང་ཁོང་གིས་རྒྱལ་བསྟན་བསྣུབས་པའི་(སྐྱབས་གནས་དག་ལ་དམིགས་བསལ་བདག་དབང་ཐོབ་ཐང་ཕུལ་བའི་ཁྲིམས་ལུགས་ཕྱིར་བསྡུ་བྱས་པ་དེ་ལ་ཟེར།)ལས་འགུལ་བརྩམས་པ་དེ་ནི། ཕུགས་རྒྱང་རིང་བའི་བོད་ཀྱི་ཆབ་སྲིད་མངའ་ཐང་དང། སྐབས་དེའི་སྤྱི་ཚོགས་ཀྱི་འདོད་བབ་དགོས་མཁོ་བཅས་ལ་གཙོར་དམིགས་ལས་རང་ཉིད་ཆོས་ལ་མི་དགའ་བ་དང། རྨོངས་ཞེན་སོགས་ཀྱི་དབང་དུ་སོང་ནས་བྱས་པ་ཞིག་གཏན་ནས་མིན་པ་གསལ་པོར་རྟོགས་ཐུབ་པ་ཡིན།
    དེ་ཡང། ཕྱི་ལོ་ ༨༤༡ ལོར་རྒྱལ་སྲས་དར་མ་འུ་དུམ་བཙན་རྒྱལ་པོའི་ཁྲིར་བཞུགས་རྗེས། ཁོང་གིས་ནང་པའི་ལྷ་ཁང་དང་གཙུག་ལག་ཁང་སོགས་བཞེངས་པ་ནི། ནེའུ་པནྚི་ཏ་གྲགས་པ་སྨོན་ལམ་གྱིས། དར་མ་ཁྲི་(འུ)དུམ་བཙུན་(བཙན)གྱིས་རྒྱལ་པོ་བྱས་ནས་ཚེ་སྟོད་ལ་སྤ་གྲོ་རྟག་ཕུག་ལྷ་ཁང་བཞེངས། ཞེས་དང། ཀ་ཐོག་རིག་འཛིན་པས། དར་མས་ཀྱང་འབྲི་ཡི་གཙུག་ལག་ཁང་སོགས་བཞེངས་ཞེས་སོགས་ལས་གསལ་རྟོགས་ཐུབ་པ་དང། གཞན་ཡང། དུས་སྐབས་དེར་པཎྚི་ཏ་དཱ་ན་ཤཱི་ལས། དམེ་རུར་མཚམས་བཅད་ནས་འཛམ་པ་ལྷ་བསྒྲུབས་པས་གྲུབ་ནས། ཙནྡན་གྱི་སྐུ་ལ་རྡོ་རྗེས་བརྒྱབ་པས་ནེའུ་ལེའི་ཁ་ནས་གསེར་ཕྱེ་བྱུང་བ་དེར་རྒྱུ་བྱས་ནས། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང། ཉེ་གནས་ཁ་ཆེས་ཨཏྤལ་ལས། དངུལ་གྱི་བྱམས་པ་བཞེངས་པ་ནས་དགུན་དུས་ཀྱི་མཆོད་པ་ཡང་བཙུགས་པར་སྦ་བཞེད་ཞབས་བཏགས་མ་དང་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་བཅས་སུ་གསུངས་ཤིང། དེ་ལྟར་ཆོས་དང་སྲིད་ཀྱི་ཁ་ལོ་ཡབ་མེས་གོང་མ་བཞིན་སྐྱོང་ཞིང་དར་བར་མཛད་སྟབས། ཏུན་ཧོང་གཏེར་ཡིག་ལས། ཡུལ་མཐོ་ས་གཙང་བོད་ཀྱི་ཡུལ། གངས་རི་མཐོ་ཚང་(གཙང)ཀུན་གྱི་གཉའ། ཆུ་བོ་ཀླུང་ཡས་ཀུན་གྱི་མགོ། ལྷ་གཉན་ཡུལ་དབྱིངས་དཀྱིལ་འདི་ན། རྒྱལ་པོ་ཙ་ཞེས་བྱ་བ་དེ། ལྷའི་རིགས་ལ་བྱང་ཆུབ་སེམས་དཔའི་རྒྱུ་(རྒྱུད)། ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིས། དམ་ཆོས་སློབ་དཔོན་རྒྱ་གར་ཡུལ་ནས་སྤྱན་དྲངས་ཏེ། མུན་ནག་དཀྱིལ་དུ་སྒྲོན་བཏེགས་བཞིན། རྒྱལ་ཁམས་ཕྱོགས་ཀྱང་སྤྱོད་པར་གནང། བྱང་ཆུབ་མཆོག་གི་ལམ་ལ་བཀོད། ལྷ་སྲས་ལྷའི་དྲིན་རེ་ཆེ། བཀའ་ལུང་གཞུང་དང་འཐུན་(མཐུན)པའི་ཚེ། ཕྱི་ནང་གཉིས་ཀྱི་སློབ་དཔོན་དང། ལས་ཀྱི་རྡོ་རྗེ་མཁས་པ་གསུམ། མ་འདྲེས་སྤྱོད་ལམ་འདི་ལྟ་བུ། མཁས་བཙུན་སྤྱོད་ལ་འཁྲུག་པ་མེད། བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད། ལྷ་སྲས་དར་མ་མན་ཅད(ཆད)་དང། འོད་སྲུས(སྲུངས)དབོད་སྲས་མན་(ཡན)ཆད་དུ། སྤྱི་ནི་དར་ཅིང་རྒྱས་ཅེས་(ཆེས)པས། མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད། ཅེས་གསུངས་པ་དང། ད་དུང་དེས་ག་ལ་ཚད་དེ། མངའ་རིས་འབངས་མི་རྣམས་ཀྱིས་ལྷ་སྲས་དར་མའི་ཆོས་སྲིད་ཀྱི་མཛད་འཕྲིན་ཉི་ཟླ་ལྟར་རྒྱས་པ་དང། སྐུ་ཚེ་ཞབས་པད་བརྟན་པའི་བསྔོ་བ་དང་སྨོན་ལམ་བཏབ་ཚུལ་ནི། ཏུན་ཧོང་གཏེར་ཡིག་ཏུ། བཙན་པོ་འུའི་དུན་བརྟན་(འུ་དུམ་བཙན)གྱི་ཞལ་སྔ་ནས་ཀྱང། ཚེའི་བར་ཆད་ཀྱི་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐོབ་པར་སྨོན་ནོ། །གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོས་པ་ཡང་ལྷ་དང་མྱིའི་མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་དམ་པའི་ཆོས་མྱྀ་འཇིག་ཅིང་གནས་པར་ཅེས་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་ཀྱྀ་གཞིར་གྱུར་ཅིག། ཅེས་དང། ཡང། དམ་པའི་ཆོས་བསྲུང་བ་དང། རྒྱལ་ཁམས་བྱྀན་ཆེན་པོའི་སྲིད་བཅའ་བའི་དོན་དང། རྒྱལ་པོ་ཆེན་པོའི་དབང་དང་མཐུ་སྟོབས་ཀྱིས་དགྲར་གྱུར་བའི་སེམས་ཅན་གཞན། སྲོག་སྲིད་ལ་ཕབ་པ་མན་ཅད། གནོད་པའི་ཕྱོགས་སུ་གྱུར་ཏེ། ཕྱོགས་བརྒྱད་ཀྱི་རྒྱལ་པོ་ཐམས་ཅད་ཀྱང། བཀའ་འོག་ཏུ་འདུས་པ་དང། ད་ལྟར་བཞུགས་པའྀ་སྐུ་འདི་ལ་ལྟས་ངན་པར་སྟོན་པ་དང། བགེགས་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མྱྀ་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་བཞུགས་པར་སྨོན་ནོ། ། ཞེས་བྱུང་ངོ། །
    མཐའ་དོན་གནའ་རབས་ཀྱི་ཡིག་ཚང་རྙིང་ཁུངས་འདི་དག་གིས། ལྷ་སྲས་དར་མ་ནི་དམ་པའི་ཆོས་ལ་དགའ་མིན་དང་སྐབས་དེའི་སྤྱི་ཚོགས་ཁྲོད་ཁོང་ལ་རྩིས་མཐོང་ཇི་ལྟར་བྱེད་ཀྱི་ཡོད་པའང་རོབ་ཙམ་ཤེས་ཐུབ་པ་དེ་ལགས།
འོ་ན། དེ་ལྟར་ཡིན་ཚེ་ཁྲི་དར་མས་རྒྱལ་བསྟན་བསྣུབས་པའི་ལས་འགུལ་བརྩམས་པ་ཅི་ཡིན་ནམ་ཞེ་ན། དེ་ལ་རྒྱུ་མཚན་ཁ་ཤས་ཡོད་པ་ལས། དང་པོ་ནི། ཁྲི་སྲོང་ལྡེ་བཙན་གྱིི་རིང་ལ་མཆོད་གནས་གཙུག་ལག་ཁང་རེ་ལ་དུད་ཚང་བརྒྱ་དང་ལྔ་བཅུ། གྲྭ་བ་རེར་དུད་ཚང་གསུམ་རེ་བསྩལ་བའི་རྒྱུན་འཇགས་ཐོག། མངའ་བདག་ཁྲི་རལ་བས་གྲྭ་བ་རེར་མི་ཚང་བཞི་བསྣན་ཏེ་བདུན་བཟོས། དེ་དག་གི་བདག་དབང་ཡང་ཕུལ།  ད་དུང་གཙུག་ལག་ཁང་དང་གྲྭ་བ་རྣམས་ལ་རྒྱལ་པོོའི་མཛོད་ནས་འཚོ་བའི་ཕོགས་ཐོབ་སྤྲད་པ་མ་ཟད། འབྲོག་ས་དང་ཞིང་སའི་མཆོད་གཞིས་ཀྱང་གཏན་འབེབས་བྱས། ཆོས་བྱེད་དགེ་འདུན་པ་དང་དེ་དག་གི་ལྷ་འབངས་རྣམས་ཀྱིས་བཙན་པོའི་སྲིད་གཞུང་ལ་དཔྱ་ཁྲལ་ཕུལ་མི་དགོས་པ་དང་དམག་ཁྲལ་ལ་རྒྱུགས་མི་དགོས་པའི་ཐོབ་ཐང་བསྩལ།
    གནས་བབ་དེའི་འོག་ཕྱི་ལོ་༨༡༨།༡༢།༢༠ ལོ་བཅས་སུ་བོད་རྒྱའི་མཐའ་མཚམས་སུ་དམག་འཁྲུག་བྱུང་བར་བོད་དམག་ལ་ཕམ་ཉེས་བསྟུད་མར་བྱུང་བ་དང། བོད་མཁར་དུ་མ་རྒྱ་ལག་ཏུ་ཤོར་བའི་གོ་རིམ་ཁྲོད། བོད་ཕྱོགས་ནས་ཐོག་མར་འདུམ་འགྲིག་གི་རེ་བ་བཏོན། རྒྱ་ཕྱོགས་ནས་ཅིན་ཀྲིག་ཡོན་ཀྲིག  ཨན་ལོ་ཀྲིག(ཀྲིག་འདི་གསུམ་ཁྲི་སྲོང་ལྡེ་བཙན་སྐབས་ནས་བོད་ཀྱི་མངའ་འོག་ཏུ་བཅུག་པ་ཞིག་ཡིན) གསུམ་ཕྱིར་སྤྲོད་དགོས་པའི་ཆ་རྐྱེན་བཏོན་པ་བཅས་ཁས་ལེན་གྱིས་ཕམ་ཉེས་ཀྱི་དབོན་ཞང་རྡོ་རིང་བཙུགས་པ་དེ་ཡང་གནས་སྐབས་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ལས་ཡིད་གཏན་ཁེལ་བ་མེད་སྟབས། ཁྲི་དར་མས་སྟོབས་ཤུགས་ཉམས་རྒུད་དུ་སོང་བའི་མཐོང་ཁྱབ་ཁྲི་ལྡེ་ལྔའི་དམག་དཔུང་མདོ་ཁམས་སུ་ཡོད་པ་དེ་དག་གི་སྟོབས་ཤུགས་སླར་གསོ་དང་རྒྱ་བསྐྱེད་ཀྱིས། ཁྲི་རལ་བའི་སྐབས་བོད་ས་དུ་མ་རྒྱ་ལག་ཏུ་ཤོར་བ་དག་སླར་ཡང་མངའ་འོག་ཏུ་བསྡུ་བ་དང། བོད་ཆེན་པོའི་མངའ་ཐང་རྒྱ་བསྐྱེད་ཁོ་ནའི་སླད་དུ། ཆོས་བྱེད་དགེ་འདུན་པ་དང། མཆོད་གནས་དག་གི་ལྷ་འབངས་རྣམས་ནི་དམག་ཁྲལ་ལ་རྒྱུགས་མི་དགོས་པ་དང། དཔྱ་ཁྲལ་ཕུལ་མི་དགོས་པ། རྒྱལ་པོའི་མཛོད་ནས་འཚོ་བའི་ཕོགས་ཐོབ་སྤྲོད་པའི་ཁྲིམས་ལུགས་སོགས་བསྒྱུར་བཅོས་བྱས་ཏེ་མེད་པ་བཟོས་པ་དེ་ཡིན།
གཉིས་པ། རྐྱེན་གཞན་ཞིག་ནི། མངའ་བདག་ཁྲི་རལ་བས་མཆོད་གནས་རྣམས་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲད་པར་མ་ཟད། ཆབ་སྲིད་ཀྱིི་འགན་དབང་ཡང་དགེ་འདུན་གྱི་སྡེ་ལ་གཏད་པ་དེར་ཞང་བློན་དང་འབངས་མི་སེར་བཅས་ནས་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་བསྟན་ཀྱང། ཅི་མི་སྙམ་པར་མིག་འདོན་པ་དང། མཛུབ་མོ་གཅོད་པ། མཆུ་ཏོ་བྲེགས་པ། མཆོད་གནས་ཀྱི་ནོར་བརྐུས་སྐྱིན་ཚབ་ལྡབ་བརྒྱད་ཅུ་འཇལ་བཅུག་པ་སོགས་ཚད་ལས་བརྒལ་བའི་ཁྲིམས་ལུགས་བཅོས་པར་བརྟེན། འབངས་མི་དང་ཞང་བློན་མཉམ་འབྲེལ་ཐོག་མངའ་བདག་ཁྲི་རལ་དང་ཁོང་གི་ཕྱོགས་གཏོགས་བཅས་ལས་སླ་བའི་ངང་རྩ་མེད་བཟོས་ནས་གཅེན་པོ་ཁྲི་དར་མ་བཙན་པོར་མངའ་གསོལ་བ་རེད། གནས་ཚུལ་དེ་ཐོག་ནས་ང་ཚོས་མཐོང་ཐུབ་པ་ཞིག་ནི། མི་དམངས་དང་ཞང་བློན་གྱི་མངོན་འདོད་བསམ་བློའི་ཆ་ནས་ཀྱང་བསྟན་པ་བསྣུབས་པའི་རྨང་གཞི་གྲུབ་ཡོད་པ་ཡིན།
གསུམ་པ། གནས་ཚུལ་དེ་ལྟ་བུའི་འོག་ང་ཚོའི་ཡིག་ཚང་ཁག་ནང་གསལ་བ་ལྟར་དུས་སྐབས་དེར་ཚབས་ཆེས་ནད་ཡམས་དང། སད་སེར་མུ་གེ་སོགས་བྱུང་ནས་མི་དམངས་ཀྱི་འཚོ་བའི་ཐད་ལ་དཀའ་ངལ་ཆེན་པོ་འཕྲད་སྟབས། ལྷ་འབངས་མི་སེར་རྣམས་ཀྱིས་མཆོད་གནས་ཚོར་དཔྱ་ཁྲལ་ཇི་བཞིན་ཕུལ་མ་ཐུབ་པར་བརྟེན། མི་དམངས་ཀྱི་འཚོ་གནས་ཐད་ཁྲི་དར་མའི་སྲིད་གཞུང་གིས་སླར་ཡང་བསམ་གཞིགས་དང་འགན་ལེན་གྱི་ལེའུ་གསར་པ་ཞིག་མི་གཏོད་རང་གཏོད་ཆགས་པ་རེད་སྙམ་པ་བཅས་ཡིན།
     མདོར་ན། ཁྲི་དར་མས། རྒྱ་བཟས་ཁྱེར་ཡོང་བའི་ཇོ་བོའི་འདྲ་སྐུ་དེ་རྒྱ་འདྲེའི་ལྷ་སྐུ་ཡིན་པ་དང། སྐུ་དེ་ཐོག་མར་ལྷ་ཡུལ་དུ་ཡོད་སྐབས་ལྷའི་དམག་ཕམ་པ། དེ་ནས་རྒྱ་ནག་ཏུ་ཁྱེར་བས་རྒྱ་ནག་ཏུ་བཀྲ་མི་ཤིས་པ་བྱུང། ཀོང་ཇོ་དེ་ནི་འདྲེ་མོ་ཡིན་པས་བོད་ཀྱི་ཡུལ་ལ་བརྟག་དཔྱད་བྱེད་ཁུལ་གྱིས་བོད་ཀྱི་ལྟས་བཟང་བའི་ས་ཀུན་བརླགས་པར་བྱས། བོད་ཀྱི་སྲིད་རྒྱ་ནག་གིས་འཕྲོག་འདོད་པ་རེད། དེ་མིན་རྒྱ་དཀར་ནག་གིས་མཚོན་པའི་ཕྱོགས་བཞི་བོད་ཀྱི་ཆབ་འབངས་སུ་འདུ་བ་ཡིན། ཞེས་སོགས་དང། ཡང། ཁོང་སྐུ་བཀྲོངས་ཁར་མདའ་ལ་འཇུས་ནས། ང་ལོ་གསུམ་གྱི་གསད་སྔས་པ། ཡང་ན་ལོ་གསུམ་གྱི་གསད་ཕྱིས་པ། ཞེས་སོགས་གསུངས་པའི་བབ་ལུགས་ལ་ནན་ཏན་གྱིས་བསམ་གཞིགས་བྱས་ཚེ་བཙན་པོ་དར་མ་ནི་ཅི་ཡང་མི་ཤེས་པའི་གླང་རྒན་ལྟ་བུ་ཞིག་མིན་པར་བོད་ཀྱི་ཆབ་སྲིད་ཐད་ནས་མངའ་ཁོངས་རྒྱ་བསྐྱེད་ཀྱི་ཐུགས་རེ་མངའ་བའི་ཐོག། རྒྱ་ནག་ཐང་སྲིད་གཞུང་ལ་འཁོན་སེམས་དགྲར་འཛིན་གྱི་བསམ་བློ་ཤུགས་ཆེ་མཚོན་ཡོད་པར་མ་ཟད། བོད་མི་རིགས་ཀྱི་ཆབ་སྲིད་མངའ་ཐང་དང། འཚོ་གནས་དཔལ་འབྱོར་ཕྱོགས་ནས་ཀྱང་ཆེས་ཤིན་ཏུ་ཉེན་ཁའི་གནས་སུ་ལྷུང་བ་ཟློག་ཐབས་ཁོ་ནའི་སླད་དུ། སྐབས་འཕྲལ་རིང་འདི་བཞིན་ལམ་ལུགས་བཅོས་བསྒྱུར་མི་བྱེད་མཐུ་མེད་བྱུང་བ་ལས། གཞན་དབང་རྨོངས་ཞེན་དང་ཆོས་ལུགས་ལ་དད་མོས་མེད་པ་བཅས་ཀྱི་ངོས་ནས་མིན་པར། ངས་འདི་ལྟར་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་བ་མི་ལོ་གསུམ་གྱི་རྗེས་ནས་གྲུབ་འབྲས་ཇི་དགེ་སྐོར་གསལ་ཐོན་ངེས་རྒྱུ་དང། ཡང་ན། ངེད་རང་ལོ་གསུམ་གྱི་སྔོན་ནས་བསད་ན་རྙོག་གཞི་ཆེ་བའི་ལས་འགུལ་འདི་འདྲ་ཞིག་གི་ཁ་སྔོག་མེད་སྟབས། དགོས་ངེས་ལས་འགུལ་གྱི་མགོ་བརྩམས་ནས་མཇུག་སྐྱེལ་མ་ཐུབ་པར་ངེད་ཀྱི་ཚེ་སྲོག་འགག་དགོས་བྱུང་བ་འདིས། བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་མངའ་ཐང་ཆེས་ཉམས་རྒུད་དང་རྩ་འཐོར་དུ་འགྲོ་བའི་གཞི་ཚུགས་པར་ངེས་པ་ནི་ཆེས་ཤིན་ཏུ་ཕོངས་ཤིང་འགྱོད་དོ། །ཞེས་པའི་ཤུགས་བསྟན་གྱི་གོ་དོན་འདི་འདྲ་ཞིག་ཕྲན་གྱི་བློ་ངོར་དབང་མེད་དུ་འཆར་འོང་བ་ལགས། །

མདུན་ཤོག

Menu