གཅན་མུ་ཏིག་གིས་བསྒྱུར།

གཅིག། ཨ་ཕས་བདག་ལ་གཞན་གྱི་སྐད་ཡིག་ཁྲིད།

     བདག་གིས་སྐད་ངོ་ཡིག་ངོ་ཆོད་པའི་སློབ་གསོ་ལ་གྲུབ་འབྲས་ལེགས་པོ་ཐོབ་པས་ཨ་ཕའི་བློ་ཁ་གང་བར་གྱུར། འོན་ཀྱང་། ཁོང་དེ་ལ་ཡིད་ཚིམས་ནས་མ་བསྡད་པར་བདག་ལ་སྔ་མོ་ནས་རང་གི་སྐད་ཡིག་ལ་ཐོགས་རྡུགས་མེད་པ། ད་དུང་གང་ནུས་ཅི་ལྕོགས་ཀྱིས་གཞན་གྱི་སྐད་ཡིག་གཙོ་བོ་རྣམས་ལ་རྨང་གཞི་བརྟན་པོ་འཛུགས་པའི་ཕུགས་ཀྱི་ཐབས་བཀོད་བཤམས། ཁོང་གི་ཐུགས་ལ་བྱིས་པར་སྐད་རིགས་མང་པོ་ཁྲིད་པ་དེས་བྱིས་པས་ཡང་དག་པའི་ཚིག་དོན་ལ་གོ་བ་ལེན་པ་དང་བསམ་གཞིགས་བྱ་བར་ཕན་ཐོགས་པར་དགོངས། དེའི་ཕྱིར་ཁོང་གིས་སྔོན་སླ་རྗེས་དཀའ་ཡི་རྩ་དོན་དམ་དུ་བཟུང་ནས་ཕ་སྐད་ཀློག་འདོན་ཐོགས་མེད་དུ་གྱུར་པའི་རྨང་གཞིའི་སྟེང་གཞན་གྱི་སྐད་ཡིག་ཀྱང་སློབ་ཏུ་བཅུག
     བདག་ལོ་ན་བཅུ་དྲུག་གི་སྐབས་སུ་འཇར་མན་གྱི་སྐད་ཡིག་ལ་ཐོགས་རྡུགས་མེད་པར་གྱུར། ཨ་ཕས་དེ་མ་ཐག་ང་ལ་ཧྥ་རན་སིའི་སྐད་ཡིག་ཁྲིད་མགོ་ཚུགས། འོས་འཚམ་གྱི་ཐབས་ལམ་སྤྱད་པས་ལོ་ངོ་གཅིག་གི་ནང་ཧྥ་རན་སིའི་སྐད་ཡིག་ཀློག་འདོན་ལ་ཐོགས་རྡུགས་མེད་པར་གྱུར། བདག་གི་སློབ་སྦྱོང་བྱ་འཕུར་བ་ལྟར་མགྱོགས་པ་ནི་ཐོག་མའི་ཕུན་སུམ་ཚོགས་པའི་འཇར་མན་གྱི་ཤེས་བྱ་དང་འབྲེལ་བ་ཡོད་པ་སྨོས་ཅི་དགོས།
ཧྥ་རན་སིའི་སྐད་ཡིག་སྦྱངས་ཚར་རྗེས་ངས་སླར་ཡང་མགྱོགས་མྱུར་ངང་ཨི་ཊ་ལིའི་སྐད་ཡིག་སློབ་པའི་མགོ་བཙུགས་ཤིང་ཟླ་དྲུག་ལས་མ་འགོར་བར་བྱང་ཆུབ། འདིའི་སྐབས་སུ་ཨ་ཕས་བདག་ལ་ལ་ཊིན་གྱི་སྐད་ཡིག་ཁྲིད་ན་འོས་འཚམ་ཡིན་པར་དགོངས་ཀྱི་ཡོད།
     སྤྱིར་སློབ་གྲྭའི་ནང་གཞན་གྱི་སྐད་ཡིག་སློབ་ཚེ་ཐོག་མར་ངེས་པར་དུ་ལ་ཊིན་གྱི་སྐད་སློབ་དགོས་པ་གཏན་འབེབས་ཡིན། འོན་ཀྱང། བདག་གི་བསམ་པར་འདི་ལྟར་བསྒྲུབས་པ་ནི་ཐལ་དྲགས་པའི་ཨུ་ཚུགས་རེད། འཇར་མན་གྱི་སྐད་དང་ཆེས་ཉེ་བའི་ཧྥ་རན་སིའི་སྐད་ཡིག་ནས་མགོ་བརྩམས་ཚེ་དེ་ནི་ད་གཟོད་རིགས་ལམ་དང་མཐུན་པ་ཞིག་རེད། དེ་བས་སྔོན་སླ་རྗེས་དཀའ་ཡི་གོ་རིམ་ཡང་མ་འཕྱུགས་པར་བསྒྲུབས་ཡོད། ལ་ཊིན་གྱི་སྐད་ཡིག་སློབ་པ་ནི་ལོ་ན་བཅུ་ཙམ་གྱི་བྱིས་པར་མཚོན་ནའང་དཀའ་ཁག་ཆེན་པོ་ཡིན་པས་དེ་ལ་མགོ་ན་བའི་སྐད་ཡིག་ཅེས་ངོས་འཛིན་བྱེད། དེ་བས་ཨ་ཕས་གྲ་སྒྲིག་འདང་ངེས་ཤིག་བྱས་རྗེས་བདག་ལ་ལ་ཊིན་གྱི་སྐད་ཡིག་འཁྲིད་མགོ་བཙུགས། བདག་གི་སྤྲོ་སེམས་མཐོར་འདེགས་བྱ་ཆེད་ལ་ཊིན་གྱི་སྐད་ཡིག་མ་འཁྲིད་སྔོན་ལ་ཁོས་ཝེ་ཅཱིས་ཨེར་གྱི་ཨན་ལཱི་ཅི་སི་ཡིའི་སྒྲུང་གི་རྣམ་པ།  ཁྱད་དུ་འཕགས་པའི་བསམ་བློ། སྙན་འཇེབས་ཀྱི་ཚིག་སྦྱོར་སོགས་བཤད་དེ་ཉན་དུ་བཅུག དེ་མིན་ད་དུང་ང་ལ་གལ་ཏེ་ཁྱོད་རང་ཕུལ་བྱུང་གི་མཁས་པ་ཞིག་ཏུ་འགྱུར་འདོད་ན་ལ་ཊིན་གྱི་སྐད་ཡིག་ངེས་པར་དུ་ལེགས་པོ་ཞིག་ཤེས་དགོས་པར་གདམས་པས་བདག་གི་སྤྲོ་སེམས་ཀྱི་མེ་ལྕེ་དྲག་ཏུ་འབར།
     བདག་གི་ཨ་ཕས་སློབ་གསོའི་མ་ལག་ཁྲོད་རོལ་དབྱངས་ནི་མི་རྣམས་ཀྱི་རིག་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཏུ་བརྩིས་པས་ང་རང་ལོ་ན་བདུན་ལ་སོན་དུས་ཁོས་རྟག་ཏུ་ང་ཁྲིད་དེ་ལཱེ་ཕེ་ཚི་རོལ་དབྱངས་སྤྲོ་ཚོགས་སུ་ཞུགས་བཞིན་ཡོད། ཐེངས་ཤིག ཉིན་གུང་གི་ངལ་གསོ་མཚམས་སུ་ངས་རོལ་དབྱངས་ཁང་གི་གཞས་ཚིག་བཀོད་པའི་ཤོག་ལྷེ་ཞིག་ལ་ལྟ་བཞིན་ཁོང་ལ། ཨ་ཕ། འདི་ནི་ཧྥ་རན་སིའི་སྐད་མིན་ལ་ཨི་ཊ་ལིའང་མིན་པས་འདི་ལ་ཊིན་རེད་ཅེས་བརྗོད་དུས། ཨ་ཕས་ནོར་མི་འདུག དེས་ན་ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང། དེའི་ནང་དོན་ཅི་ཞིག་རེད་ཅེས་སྐབས་དང་བསྟུན་ཏེ་བདག་གི་བློ་སྒོ་ཕྱེས། ངས་ཧྥ་རན་སི་དང་ཨི་ཊ་ལིའི་སྐད་གཉིས་གཞིར་བྱས་ཏེ་རིགས་བསྒྲེས་པས་རྩ་བའི་ཆ་ནས་གོ་བ་རོབ་ཙམ་ལོན་སོང། དེ་བས་ངས་དགའ་སྤྲོའི་ངང་ཨ་ཕ་ལགས། གལ་སྲིད་ལ་ཊིན་གྱི་སྐད་དེ་འདི་འདྲའི་སླ་པོ་ཞིག་ཡིན་ན་ངས་མྱུར་དུ་སྦྱང་ན་འདོད་ཅེས་བརྗོད་པ་ཡིན།
སྐབས་དེར་བདག་ལ་ཊིན་གྱི་སྐད་ཡིག་སློབ་པའི་སྤྲོ་སེམས་ཀྱིིས་མྱོས་བས། བྱང་ཆུབ་པའི་ད་ལྟའི་ཧྥ་རན་སི་དང་ཨི་ཊ་ལིའི་སྐད་ཡིག་གཉིས་གཞིར་བཞག་སྟེ་བལྟས་ན། ལ་ཊིན་གྱི་སྐད་ཡིག་སློབ་རྒྱུ་དེ་དཀའ་ཚེགས་ཅན་ཞིག་མིན་པ་འདྲ། དེ་བས་བདག་གི་རེ་སྐུལ་འོག་ཨ་ཕས་ལ་ཊིན་གྱི་སྐད་ཡིག་འཆད་ཁྲིད་བྱེད་པའི་མགོ་བཙུགས། ནམ་ཞིག་ཐབས་ལམ་དེ་ངེས་ཚེ་རིག་པ་དེ་སྤུ་གྲི་ལྟར་རྣོ་ངར་ལྡན་པས་ཟླ་བ་དགུ་ལས་མ་འགོར་བར་ལ་ཊིན་གྱི་སྐད་དེ་ཤེས་བྱུང། དེའི་རྗེས་ཡང་ངས་ཨིན་ཡིག་སྦྱོང་བའི་མགོ་ཚུགས་ཤིང་ཨིན་ཡིག་སྦྱངས་ཚར་རྗེས་གྷི་རིགས་སྐད་སྦྱངས་པས་སྔ་མར་ཟླ་གསུམ་དང་ཕྱི་མར་ཟླ་བ་དྲུག་སྤྱད།
     གོང་གསལ་གྱི་སྐད་ཡིག་འདི་དག་ལ་སྲ་བརྟན་གྱི་རྨང་གཞི་བཙུགས་པས་གྷི་རིགས་སྐད་ཡིག་སློབ་དུས་ངས་དཀའ་ངལ་ཏིལ་ཙམ་ཡང་མ་མྱངས། བརྒྱུད་རིམ་འདི་དག་རྩ་བའི་ཆ་ནས་བརྩམས་ཆོས་ཆེན་མོ་ཀློག་འདོན་བྱེད་པའི་བརྒྱུད་རིམ་ཞིག་རེད། བདག་གིས་གྷི་རིགས་སྐད་ཡིག་སྦྱོང་དུས་རྒྱུན་སྤྱོད་ཀྱི་ཚིག་གསར་བློ་འཛིན་བྱས་ཏེ་སྦྱངས་པ་ཡིན། ཨ་ཕས་བདག་ལ་གྷི་རིགས་དང་འཇར་འགྱུར་གྱི་ཤོག་བྱང་བཟོས་ཤིང་རྒྱུན་སྤྱོད་ཀྱི་ཚིག་གསར་རྣམས་ངས་ཐོག་མར་ཤོག་བྱང་འདི་དག་ལས་རྟོགས་པ་རེད།
     ཚིག་གསར་དུ་མ་བློར་ངེས་རྗེས་ངས་དེ་མ་ཐག་སྒྱུར་རྩོམ་ཀློག་པའི་མགོ་བརྩམས། ཆེས་ཐོག་མར་བདག་གིས་ཡི་སཱོའི་གཏམ་རྒྱུད་དང་དེར་མཐུད་ནས་ཡང་སི་ནི་ཧྥིན་གྱིས་བརྩམས་པའི་དམག་ཞུགས་ཟིན་ཐོ་བཀླགས། ཨ་ཕས་སྐད་རིགས་དུ་མ་མཉམ་དུ་འཆད་ཁྲིད་བྱས་པ་བཞིན་བརྡ་སྤྲོད་དེ་གོ་རིམ་ལྡན་པའི་ངང་མ་ཁྲིད་ཅིང་དགོས་མཁོ་དང་འཚམ་པའི་སློབ་ཚན་དུས་ངེས་མེད་དུ་འཁྲིད་ཀྱིན་ཡོད།
     ཨ་ཕས་བྱ་བ་སྒྲུབ་དུས་ང་རང་སྒྲོག་ཙེའི་འཁྲིས་སུ་བསྡད་དེ་སློབ་སྦྱོང་བྱེད་དུ་བཅུག། སྐབས་ཐོག་དེར་འཇར་མན་དུ་གྷི་རིགས་དང་ལ་ཊིན་ཤན་སྦྱར་གྱི་ཚིག་མཛོད་ལས་གྷི་འཇར་ཚིག་མཛོད་མེད་པས་བདག་གིས་གྷི་རིགས་སྐད་ཡིག་སྦྱོང་དུས་ཡིག་རྡོག་རེ་རེ་བཞིན་ཨ་ཕར་མི་འདྲི་ཀ་མེད་བྱུང། དེ་ལྟར་ལས་ཀའི་བྲེལ་འཚུབ་ཇི་ལྟར་ཆེ་ཡང་ཁོང་ཐུགས་བརྒྱལ་མི་བཞེངས་པར་བདག་གིས་བཏོན་པའི་དྲི་བར་ཕྱོགས་གཅིག་ནས་ངང་རིང་གཟབ་ནན་གྱིས་ལན་འདེབས་དང་། ཕྱོགས་གཞན་ནས་ཁོང་རང་ཉིད་ཀྱི་ལས་དོན་སྒྲུབ་བཞིན་ཡོད།
     འདི་ལྟར་ཐོས་བསམ་བྱས་ཏེ་འོང་བས་བདག་གིས་ཞི་ལོ་ཏོ་ཏུག་གི་ལོ་རྒྱུས་རིག་པའི་བརྩམས་ཆོས་དང། སིག་ནའོ་ཧྥུན་གྱི་རིག་མཛོད་དང། སོག་རེ་ཊིའི་གསུང་ཟིན། ཐེ་འོ་ཆི་ནི་སིས་དང་ལེར་ཨར་ཆིག་སི་གཉིས་ཀྱི་མཚན་ཉིད་མཁས་པའི་རང་རྣམ་ཆེད་བསྒྲིགས། ད་དུང་ལོ་ཞའི་ཨང་གི་བརྩམས་ཆོས་བཅས་ཀྱང་བཀླགས་པ་ཡིན།
     སྐད་རིགས་འདི་དག་སྦྱངས་ཚར་རྗེས་ང་རང་ལོ་དགུ་ལ་སོན་མ་ཐག་ཡིན་ཞིང་དེ་དུས་ངས་ཧོ་མེར་དང་།   པོ་ལོ་ཐ་ཧག་ཝེ་ཅི་ཨར།   ཞི་སེ་ལོ།   འོ་ཞ།   ཧྥུ་ལོ་ལེ་ཨང།   ཧྥེ་སི་ཐན་ལོ་ཆེ།  ཞི་ལེ་སོགས་འཇར་མན་དང། ཧྤ་རན་སེ། ཨི་ཊ་ལི། གྷི་རིགས་སོགས་རྒྱལ་ཁབ་རྣམས་ཀྱི་རྩོམ་རིག་པའི་བརྩམས་ཆོས་ཀློག་ཐུབ་ཡོད།
     སྤྱིར་མི་རྣམས་གཞན་སྐད་སློབ་པར་སྙིང་སྟོབས་དང་ངར་ཤུགས་མེད་པས་རྒྱལ་ཁབ་དྲུག་གི་སྐད་རིགས་ལ་ཐོགས་རྡུགས་བྲལ་བ་ཞིག་བྱ་རྒྱུ་ནི་ཁོ་ཚོར་མཚོན་ན་མི་ཚེ་ཧྲིལ་པོའི་དཀའ་སྤྱད་ཀྱིས་ད་གཟོད་ལེགས་འགྲུབ་འབྱུང་བའི་གྲུབ་འབྲས་ཤིག་རེད། ཡིན་ནའང་བདག་ནི་ཨ་ཕའི་ཡང་དག་གི་ལམ་སྟོན་འོག་ལོ་ན་དགུར་སོན་དུས་རྒྱལ་ཁབ་དྲུག་གི་སྐད་ཡིག་ལ་ཐོགས་རྡུགས་མེད་པར་གྱུར་པས་འདི་ཉིད་རྫུ་འཕྲུལ་ཞིག་ཏུའང་བརྩིས་ཆོག  འོན་ཏེ་རྫུ་འཕྲུལ་འདིའི་འབྱུང་རྐྱེན་ནི་བྱེད་ནུས་ལྡན་ལ་ཚན་རིག་དང་མཐུན་པའི་ཐབས་ལམ་དེ་རེད། ཨ་ཕས་བདག་ལ་གཞན་སྐད་ཁྲིད་པའི་གོ་རིམ་ཁྲོད་གཤམ་གསལ་གྱི་ཉམས་མྱོང་དུ་མ་ཕྱོགས་སྡོམ་བྱས།

༡། ཉན་པ་ནི་གཞན་སྐད་སློབ་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན།
     ད་ལྟའི་ལ་ཊིན་གྱི་སྐད་ལ་ཆ་བཞག་ཚེ་དེ་ནི་སློབ་ཕྲུག་རྣམས་ཀྱི་རྨང་གཞིའི་ནུས་རྩལ་ཡིན་པ་དང། རིག་པའི་གནས་ལ་ཞིབ་འཇུག་བྱ་འདོད་ཚེ་དེ་དང་ཁ་བྲལ་ཐབས་གཏན་ནས་མེད། ནམ་ཞིག་ལ་ཊིན་གྱི་ཡི་གེ་ཤེས་ན་ཧྥ་རན་སི་དང། ཨི་ཊ་ལི། སི་ཕན་བཅས་ཀྱི་སྐད་ཡིག་སློབ་རྒྱུ་ཧ་ཅང་སླ་པོ་རེད། འོན་ཀྱང་སློབ་ཕྲུག་རྣམས་ལ་ཊིན་གྱི་སྐད་ལ་ཧ་ལམ་སུན་སྣང་སྐྱེས་འདུག འདི་ལྟ་བུའི་གནས་ཚུལ་བྱུང་བའི་རྒྱུ་རྐྱེན་ནི་ཨ་ཕས་ཁོ་ཚོས་ལ་ཊིན་གྱི་སྐད་ཡིག་སློབ་པའི་རྨང་བརྟན་པོ་ཞིག་བཙུགས་མེད་པར་སྙམ་ཞིང་གནས་ཚུལ་འདིར་བརྟེན་ནས་ཨ་ཕས་བདག་ལ་ལ་ཊིན་གྱི་སྐད་ཡིག་སློབ་པའི་རྨང་གཞི་འཛུགས་པར་གྲ་སྒྲིག་ཆ་ཚང་ཞིག་བྱས། དེ་བས་ང་རང་འགུལ་སླེ་ནང་དུ་སྡོད་པའི་དུས་ནས་བཟུང་ཨ་ཕས་བདག་ལ་ལ་ཊིན་གྱི་སྐད་ཡིག་བསླབ་པའི་མགོ་ཚུགས།
     རྣམ་པ་ཚོས་བདག་གི་ཨ་ཕའི་སྒྲུབ་སྟངས་དེ་སྔ་ཕྱི་འགལ་ཟླ་རེད་སྙམ་པའི་མོད་ལ་ཡ་མཚན་པའི་ངང་འགུལ་སླེ་ནང་བསྙལ་ཞིང་ཟ་ཉལ་ལས་ཅི་ཡང་མི་ཤེས་པའི་བདག་ལ་ཇི་ལྟར་ཁྲིད་པ་ཡིན་ནམ་སྙམ་ངེས། དོན་དངོས་སུ་ཤིན་ཏུ་སྟབས་བདེ་སྟེ་ཁོས་ང་རང་ལ་ཉན་དུ་བཅུག་པ་རེད། རྒྱུ་མཚན་ནི་ཁྱེའུ་རྣམས་མིག་གིས་ལྟ་བ་ལས་རྣ་བས་ཉན་པར་མཁས་ཕྱིར་ཁོས་ཉན་པ་དང་ཐོས་པའི་ཐབས་ཤེས་ལ་བརྟེན་ནས་བདག་ལ་ལ་ཊིན་གྱི་སྐད་ཁྲིད། ཨ་ཕས་སྔོན་ཆད་བདག་ལ་འདི་ལྟར་བརྗོད་མྱོང་སྟེ་ནམ་རྒྱུན་ང་རང་གཉིད་ལས་སད་དེ་སེམས་ཁམས་ཅུང་ཙམ་སྐྱིད་ལ་བབས་པའི་སྐབས་སུ་ཁོའི་དྭངས་ཤིང་གསལ་ལ་འཇམ་ཞིང་མཉེན་པའི་སྐད་གདངས་ཀྱིས་བེ་ཅི་ཨར་གྱི་<<ཨན་ལིས་ཆིས་སིས་>>བདག་ལ་གྱེར་འདོན་བྱས་ཤིང་འདི་ནི་ཕུལ་དུ་བྱུང་བའི་དོན་བརྗོད་སྙན་ངག་ཅིག་ཡིན་པར་མ་ཟད། ཡིད་དུ་འོང་བའི་གཉིད་འགུག་གི་རོལ་དབྱངས་ཤིག་ཀྱང་རེད། དེ་དུས་བདག་རོལ་དབྱངས་དེར་ཤིན་ཏུ་དགའ་བས་དུས་རྒྱུན་ཉན་གྱིན་ཉན་གྱིན་རྨི་ལམ་གྱི་ཞིང་ཁམས་སུ་ལོག་འགྲོ། འདི་ལྟར་རྨང་གཞི་ལེགས་པོ་ཞིག་ལྡན་པས་བདག་གིས་ལ་ཊིན་གྱི་སྐད་ཡིག་སློབ་དུས་ལྷོད་བག་ལྡན་པའི་ཁར་<<ཨར་ལིས་ཆིས་སིས་>>ཀྱང་མགྱོགས་མྱུར་ངང་བློ་འཛིན་ཐུབ་སོང།
     སློབ་ཕྲུག་རྣམས་ལ་ཊིན་གྱི་སྐད་ཡིག་ལ་སུན་སྣང་སྐྱེ་བའི་རྒྱུ་ནི་སློབ་གྲྭའི་ནང་པར་རིས་དང་གཏན་འབེབས་ཀྱི་སྒྲིག་སྲོལ་སྤྱད་དེ་ལ་ཊིན་གྱི་སྐད་ཡིག་ཁྲིད་པའི་ཐབས་ལམ་དེའི་རྐྱེན་འབའ་ཞིག་ཡིན་པས་འདི་ལྟ་བུའི་ཆིག་རྐྱང་གི་ཐབས་ལམ་ལ་སྐྱོན་བརྗོད་བྱ་འོས། ང་རང་ལོ་བརྒྱད་ཀྱི་སྐབས་སུ། ཐེངས་ཤིག་ངས་ལ་ཊིན་གྱི་སྐད་ཡིག་གི་དགེ་རྒན་ཞིག་ལ་ལབ་གླེང་བྱས་མོད་དགེ་རྒན་འདིས་ཅི་ཡང་གོ་མ་ཐུབ། འདིའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེ་ནི་ཁོས་ཉན་ཐོས་ཀྱི་ནུས་པར་སྣང་འཇོག་མ་བྱས་པའི་རྐྱེན་རེད། སློབ་གྲྭར་ལ་ཊིན་གྱི་སྐད་ཡིག་ཁྲིད་པའི་ཉེས་སྐྱོན་ཞིག་ནི་ལ་ཊིན་གྱི་སྐད་ཡིག་སྦྱངས་མྱོང་བའི་མི་ཡིས་དཔེ་ཆ་ཁོ་ནར་ལྟ་བ་ལས་སྨྲ་མི་ནུས།

༢། བློ་འཛིན་དགོས་པར་མ་ཟད་ལྷག་པར་དུ་སྦྱོང་བརྡར་མང་པོ་བྱ་དགོས།
     གཞན་སྐད་སློབ་པར་མིང་ཚིག་འགའ་བློ་རུ་ངེས་པར་བྱ་དགོས་ལ་དེ་ལས་ཀྱང་གལ་ཆེ་བ་ནི་སྦྱོང་བརྡར་བྱ་རྒྱུ་དེ་རེད། སྦྱོང་བརྡར་གྱི་ཁྲོད་ནས་བྱེད་ནུས་ལྡན་པའི་ངང་སློབ་སྦྱོང་བྱ་ཐུབ། བདག་གི་ཨ་ཕས་བརྡ་སྤྲོད་རིག་པ་དེ་གོ་རིམ་ལྡན་པའི་ངང་མི་ཁྲིད་ཅིང་ཁོའི་བསམ་པར་གལ་ཏེ་ཁོང་གིས་ཁྲིད་ནའང་བདག་གིས་ཧ་མི་གོ་བར་སྙམ། དྲང་མོར་བརྗོད་ཚེ་དར་མ་རྣམས་ཀྱིས་གཞན་སྐད་སློབ་སྐབས་བརྡ་སྤྲོད་དེ་མ་རྩ་བྱས་ན་ཕན་འབྲས་ལྡན་མོད་བྱིས་པ་ཚོར་དེའི་ལྡོག་ཕྱོགས་ཀྱི་ཐབས་ལམ་སྤྱོད་དགོས། ཅིའི་ཕྱིར་ཞེ་ན། བྱིས་པ་སུ་དང་གང་ཡིན་རུང་སོ་སོའི་ཕ་སྐད་དེ་འདི་ལྟ་བུའི་ཐབས་ལམ་སྤྱད་དེ་སྦྱངས་པ་ཡིན།
     སྐད་ཡིག་སློབ་དུས་གོ་བདེ་ལ་ཁ་གསལ་བའི་སྙན་རྩོམ་དེ་བློ་རུ་ཆེས་ངེས་སླ་བས་ཨ་ཕས་ནམ་རྒྱུན་བདག་ལ་སྙན་ངག་རེ་འགའ་ཁྲིད་དེ་སྐད་ཡིག་འདི་ལྟ་བུར་རྒྱུས་མངའ་ཡོད་པའི་ཚོར་སྣང་ཞིག་འཇོག་གིན་ཡོད། དེ་ལྟར་རྩ་བའི་ཤེས་བྱ་དུ་མ་ཁོང་དུ་ཆུད་ཚེ་བདག་ལ་དེ་དག་ཉིན་རྒྱུན་འཚོ་བའི་ནང་བེད་སྤྱོད་བྱེད་པའི་རེ་སྐུལ་བྱེད། ནམ་ཞིག་ཡབ་ཆེན་གྱིས་བདག་ལ་སྐད་ཡིག་དེ་འདྲ་ཁྲིད་ཚེ་ཁོང་གིས་རྟག་ཏུ་སྐད་ཡིག་དེས་བདག་ལ་གླེང་མོལ་བྱེད་ལ་གལ་ཏེ་ངས་བཤད་མ་ཤེས་པའི་གནས་ཚུལ་དང་འཕྲད་དེ་ཁོང་ལ་འཇར་མན་གྱི་སྐད་བཤད་པ་ན་ཁོས་ཡ་མེད་ངང་ངས་བརྗོད་འདོད་པའི་སྐད་ཆ་དེ་རང་ནུས་རྩལ་སྤྲུགས་ཀྱིས་བཤད་དུ་འཇུག  དེ་དང་ལྷན་དུ་ད་དུང་སྐད་ཡིག་དེའི་དཔེ་དེབ་རྣམས་བལྟ་རུ་འཇུག རྒྱུ་མཚན་ནི་སྐད་རིགས་ཤིག་སྤུས་དག་ངང་སྦྱོང་བའི་ཆེས་མཆོག་གྱུར་གྱི་ཐབས་ལམ་ནི་སྐད་ཡིག་དེའི་ནང་གི་དཔེ་ཆ་གོ་བ་ལེན་ཐུབ་པ་བྱ་རྒྱུ་དེ་ཡིན་ལ་སྐད་ཡིག་གང་ཡིན་རུང་དེའི་ཉིང་ཁུ་དེ་དཔེ་ཆའི་ནང་ན་ཡོད། རྒྱུས་མེད་པའི་ཚིག་གསར་ལ་ཐུག་དུས་ཁོས་ང་རང་ལ་ཚིག་མཛོད་བསྔོག་ཏུ་འཇུག  དེ་ལྟར་ཐོག་མར་རྒྱུན་སྤྱོད་ཀྱི་ཚིག་གསར་འགའ་ཤེས་པས་ཡང་དང་བསྐྱར་དུ་ཚིག་མཛོད་བསྔོག་ཅིང་ཕྱིས་སུ་སྐད་ཡིག་དེར་བྱང་ཆ་ཐོན་པས་ཚིག་མཛོད་སྔོག་ཐེངས་ཀྱང་ཇེ་ཉུང་དུ་ཕྱིན།
     འདི་ལས་གཞན་ཨ་ཕས་བདག་ལ་ཕྱི་གླིང་བའི་བྱིས་པར་ཡིག་འབྲེལ་བྱེད་དུ་བཅུག ཐོག་མར་ཕྱི་གླིང་གི་གྲོགས་པོ་འགའི་བྱིས་པ་དང་རྗེས་སུ་དེ་ལས་ཀྱང་མང་བར་གྱུར། དེ་ལྟར་ངས་གྷི་རིགས་ཀྱི་སྐད་ཡིག་སློབ་དུས་གྷི་རིགས་ཀྱི་བྱིས་པ་ཞིག་ལ་འཕྲིན་ཡིག་འབྲི་བའི་འགོ་བཙུགས་ཤིང་ཅང་མ་འགོར་བར་གྷི་རིགས་ནས་ཡིག་ལན་འབྱོར་བས་ང་རང་དགའ་སྤྲོ་ཚད་མེད་ཅིག་སྐྱེས་སོང། འདི་ནས་བཟུང་ང་རང་གྷི་རིགས་ལ་སྤྲོ་སེམས་འཕེལ་བས་གྷི་རིགས་དང་འབྲེལ་ཡོད་ཀྱི་དཔེ་དེབ་མང་པོ་ཞིག་བཀླགས་པ་ཡིན། དེར་མཐུད་ནས་ངས་ཨི་ཊ་ལི་དང་ཨིན་ཇུའི་བྱིས་པར་ཡང་ཡིག་འབྲེལ་བཙུགས་པས་རྒྱལ་ཁབ་འདི་དག་ལའང་སྤྲོ་སྣང་བྱུང་བས་དགའ་དགའ་སྤྲོ་སྤྲོའི་ངང་ཁོ་ཚོའི་ས་ཁམས་དང་ཡུལ་སྲོལ་གོམས་གཤིས་ལ་ཞིབ་འཇུག་བྱས་ལ་ཡིག་འབྲེལ་གྱི་བརྒྱུད་རིམ་ཁྲོད་བདག་གི་གཞན་སྐད་ཀྱི་ཆུ་ཚད་ཀྱང་ཚད་ངེས་ཅན་ལ་བསླེབས།

༣། སྐད་རིགས་མི་འདྲ་བའི་ལམ་ནས་སྒྲུང་གཅིག་ཀློག་པ།
     མི་རྣམས་ལ་འདི་ལྟ་བུའི་གོམས་གཤིས་ཤིག་མཆིས་ཏེ་ཀློག་ཟིན་པའི་སྒྲུང་གཏམ་དེར་བསྐྱར་ལྟ་བྱ་མི་འདོད་པ་དེ་རེད། འོན་ཀྱང་བདག་ནི་གཅིག་མཐུན་དུ་གྱུར་པའི་སྒྲུང་གཏམ་དེར་ཡང་ནས་བསྐྱར་དུ་ཉན་རྒྱུར་དགའ། དེ་དུས་ཨ་ཕས་བདག་གི་ཁྱད་ཆོས་འདི་དམ་དུ་བཟུང་ནས་ང་ལ་གཞན་སྐད་ཁྲིད་དུས་སྐད་ཡིག་མི་འདྲ་བའི་ལམ་ནས་སྒྲུང་གཅིག་ཀློག་ཏུ་བཅུག  དཔེར་ན་ཨན་ཊི་སིན་གྱི་བྱིས་སྒྲུང་ཀློག་དུས་ཐོག་མར་འཇར་མན་དང།  དེ་ནས་ཧྥ་རན་སི།  ཨི་ཊ་ལི། ལ་ཊིན། ཨིན་ཇུ། གྷི་རིགས་བཅས་སྐད་རིགས་རྣམས་གོ་རིམ་བཞིན་ཀློག་ཏུ་བཅུག ཐབས་ལམ་འདི་ནི་དངོས་ནས་ཕན་འབྲས་ཅན་ཞིག་སྟེ་ང་རང་སྐད་རིགས་འདྲ་མིན་ལ་བྱང་ཆུབ་པར་མ་ཟད།  སློབ་སྦྱོང་ཡང་སྟབས་བདེ་ལ་ལྷོད་བག་ལྡན་པ་ཞིག་རེད།

༤། ཚིག་གི་འཕེལ་རིམ་གསལ་པོོར་རྟོགས་དགོས།
     གཞན་སྐད་ལེགས་པོ་སློབ་པར་ཚིག་གི་འཕེལ་རིམ་ཤེས་པ་ནི་དགེ་མཚན་ལྡན་པ་ཞིག་རེད། འདི་ལྟར་བྱས་ཚེ་མདའ་མོ་གཅིག་གིས་བྱ་གསུམ་གསོད་དགོས་པར་མ་ཟད། ད་དུང་ཕན་ཚུན་རིགས་འགྲེ་ཡང་བྱ་ཐུབ། དེའི་ཕྱིར་ཨ་ཕས་ང་རང་ལ་ཆུང་དུས་ནས་འདི་ལྟར་བསྒྲུབ་ཏུ་འཇུག་པ་ལས་གཞན་ཟིན་ཐོ་ཡང་མི་ཉུང་བ་ཞིག་བཟོས་ཡོད། དཔེར་ན་ལ་ཊིན་གྱི་ཚིག་གསར་ཞིག་བདག་གི་ཡིད་ལ་བརྟན་པོར་འཛིན་པའི་ཕྱིར་དུས་རྟག་ཏུ་ཚིག་འདི་ལས་འཕེལ་བའི་དེང་དུས་ཀྱི་མིང་ཚིག་རྣམས་བཙལ་ཏེ་མཇུག་འབྲས་དེ་འབྲི་དེབ་སྟེང་ཟིན་ཐོར་འགོད་དུ་བཅུག འདི་ལྟར་ལ་ཊིན་གྱི་ཚིག་གསར་བློ་རུ་བཅུག་པར་མ་ཟད། འདི་ལས་འཕེལ་བའི་དེང་རབས་ཀྱི་ཚིག་གསར་རྣམས་ཀྱང་སེམས་ལ་ངེས་སུ་བཅུག སྐད་ཡིག་འཕེལ་འགྱུར་གྱི་སྒྲིག་སྲོལ་ལའང་དྲང་ཐད་ཀྱི་ངེས་ཤེས་ཤིག་སྐྱེས་སུ་བཅུག་པས་མདའ་གཅིག་ལ་བྱ་གཉིས་རེད་ཅེས་བརྗོད་ཆོག

༥། རྩེད་མོའི་ལམ་ནས་སློབ་སྦྱོང་བྱེད་ཐབས་བཀོལ་བ།
     ངས་འདིར་བསྐྱར་དུ་ཕ་མ་རྣམས་ལ་གསལ་འདེབས་བྱ་རྒྱུ་ཞིག་ལ་བྱིས་པའི་སྐད་ཡིག་སློབ་པའི་ནུས་པ་དེ་དཔོག་དཀའ་བ་ཞིག་ཡིན་ལ་གལ་གནད་ཆེ་ས་ནི་ཆེས་བྱེད་ནུས་ལྡན་པའི་སློབ་གསོའི་ཐབས་ལམ་སྤྱོད་མིན་ལ་རག་ལས་ཡོད། བདག་གི་བསམ་པར་ཆེས་བྱེད་ནུས་ཅན་གྱི་ཐབས་ལམ་ནི་སློབ་སྦྱོང་གི་གོ་རིམ་ཁྲོད་བྱིས་པ་དང་མཉམ་དུ་རྩེད་མོ་འདྲ་མིན་རྩེ་རྒྱུ་དེ་རེད་སྙམ་ལ་འདི་ནི་ང་ལ་ཨ་ཕས་བསླབས་པའི་ཐབས་རེད།
ངས་ཨིན་སྐད་ཤེས་མ་ཐག་པའི་སྐབས་སུ་ཁོས་ཞོགས་པར་བདེ་མོ་ཞེས་པ་འདི་སྐད་རིགས་བཅུ་གསུམ་གྱི་ལམ་ནས་བདག་ལ་ཁྲིད་ཅིང་དེ་དག་མགྱོགས་མྱུར་ངང་བློ་ངོར་བཅུག་པར་མ་ཟད། སློབ་སྦྱོང་གི་ཐབས་ལམ་ཡང་སྤྲོ་སྣང་ཅན་ཞིག་རེད། ནངས་རེའི་བཞིན་ཡར་ལངས་ཚེ་ཨ་ཕས་བདག་ལ་རྒྱལ་ཁབ་བཅུ་གསུམ་མཚོན་བྱེད་ཀྱི་རྩེད་ཆས་བཅུ་གསུམ་ལ་རྒྱལ་ཁབ་རེ་རེའི་སྐད་ཐོག་ནས་འཚམས་འདྲི་བྱེད་དུ་བཅུག  བྱིས་པ་རྩེ་ལ་དགའ་ཞིང་འགུལ་ལ་སྤྲོ་བའི་ཁྱད་ཆོས་གཞིར་བྱས་ཏེ་ཁོས་སྐད་རིགས་འདྲ་མིན་སྤྱད་དེ་བདག་དང་རྩེད་མོ་རྩེ།  དཔེར་ན་སྒྲུང་བཤད་པ།    གཏམ་དང་ཁེད་བཤད་པ།   ཚིག་གྲོགས་བསྒྲིགས་ཏེ་ཚིག་གྲུབ་བཟོ་བ།     རྣམ་འགྱུར་སྟོན་བཞིན་ཁ་དཔེ་བཤད་པ།   སྒྲུང་བཟོ་བ་སོགས་ཀྱི་འགྲན་སྡུར་བྱེད།  འདི་ལྟ་བུའི་གསོན་ཉམས་ལྡན་ཞིང་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གིས་ངའི་གཞན་སྐད་ཀྱི་འཕེལ་རྒྱས་ཡར་ངོའི་ཟླ་ལྟར་འཕེལ་དུ་བཅུག

གཉིས། ཉིན་རེར་ཆུ་ཚོད་གཉིས་རིང་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

     ཐེངས་ཤིག་ངས་ཁང་པའི་ནང་ནས་འཆར་གཞི་ལྟར་སློབ་སྦྱོང་བྱེད་བཞིན་པའི་སྐབས། ཨ་ཕའི་གྲོགས་པོ་སྐུ་ཞབས་ཧེ་ཏིག་ལི་ཆི་ཁུ་ཨིན་འབྱོར་སོང། ཁོང་ནི་སློབ་གསོ་མཁས་ཅན་ཞིག་ཡིན་ལ་སྔོན་ཆད་སློབ་འབྲིང་གི་སློབ་གཙོའི་འགན་ཁུར་ཞིང་ད་ལྟ་པོ་ལིན་བྱིས་པའི་སློབ་གསོ་མཐུན་ཚོགས་ཀྱི་འགན་འཛིན་ཡིན་པ་དང། ཁོང་ནི་ཤེས་ཡོན་དང་སློབ་གསོའི་ཐད་ནས་ཕུན་སུམ་ཚོགས་པའི་ཉམས་མྱོང་ཅན་ཞིག་རེད། ཁོས་ངས་སློབ་སྦྱོང་བྱེད་ཀྱིན་པ་ཐོས་རྗེས་ཨ་ཕ་དང་མཉམ་དུ་སློབ་གསོའི་གནད་དོན་སྐོར་གླེང་འགོ་ཚུགས།
     སྐུ་ཞབས་ཁུ་ཨིན་གྱིས་ ”ཝེ་ཐི་ལགས། ཐེངས་འདིར་ང་གཙོ་བོ་ཁྱོད་ཀྱི་ཕྲུ་གུར་བལྟ་རུ་ཡོང་བ་ཡིན། གོ་ཐོས་ལ་ཁོ་ནི་བསམ་བརྗོད་ལས་འདས་པའི་བྱིས་པ་རིག་རྒོད་ཅིག་རེད་ཟེར”   ཨ་ཕས་”ཁུ་ཨིན་ལགས། འུ་གཉིས་ནི་ཡུན་རིང་གི་གྲོགས་པོ་རེད། དོན་དམ་པས་བཤད་ཚེ་ཁྱོད་དངོས་ནས་ལྷན་སྐྱེས་ཀྱི་བློ་རིག་རྣོ་བའི་བྱིས་པ་ཁྱད་པར་ཅན་ཡོད་པར་ཡིད་ཆེས་ཡོད་དམ་” ཞེས་བརྗོད། དེ་ནས་ཁུ་ཨིན་གྱིས་ ”ངོ་མ་བཤད་ན་ང་ཡང་ཁྱོད་ཀྱི་ལྟ་ཚུལ་དེར་མོས་མཐུན་ཡོད་དེ་མིའི་ལྷན་སྐྱེས་ཀྱི་ནུས་པ་དེ་མིས་གསོ་སྐྱོང་བྱས་ཏེ་བྱུང་བ་རེད། མི་ཚང་མས་ཁ་ཨར་ཁྱད་དུ་འཕགས་པ་ཞིག་ཏུ་བརྩིས་པས་ངས་ཀྱང་ཁོ་ཚོ་ལྟར་བོས་པ་ཡིན་”ཞེས་བཤད།  “ཁ་ཨར་ལ་གཞན་དང་མི་མཚུངས་པའི་འོས་འཚམ་གྱི་སློབ་གསོ་ཞིག་ཐོབ་པ་མ་གཏོགས་ཁྱད་འཕགས་ཀྱི་བྱིས་པ་ཞིག་དངོས་ནས་མ་རེད་”ཅེས་ཨ་ཕས་སྨྲས་བྱུང། ཁུ་ཨིན་གྱིས་“ཁ་ཨར་གྱིས་དེ་འདྲའི་ཡོན་ཏན་མང་པོ་ཞིག་བློ་རུ་བཅུག་པས་ཁོས་རྒྱུན་པར་སློབ་སྦྱོང་ལ་ཧུར་ཐག་བྱེད་ཀྱིན་ཡོད་དམ་“ཞེས་དྲིས་པས་ཨ་ཕས་“རེད་ལགས། ཁོས་འབད་བརྩོན་ཤིན་ཏུ་ཆེན་པོ་བྱེད་“ཅེས་བརྗོད།
     ཁུ་ཨིན་གྱིས་བདག་ལ་སློབ་ཕྲུག་ལེགས་པོ་འགའ་མཆིས་ལ་འབད་བརྩོན་ཡང་ཤིན་ཏུ་ཆེ། ཁོ་ཚོའི་ཉིན་རེའི་སློབ་སྦྱོང་གི་དུས་ཡུན་དེ་ཆུ་ཚོད་དྲུག་ནས་བདུན་ཡིན་པས་དངོས་ནས་ཡིད་རངས་བྱ་འོས་པ་ཞིག་རེད། གནམ་འོག་གི་བྱིས་པ་མཐའ་དག་གིས་ལས་དོན་ལེགས་པོར་བསྒྲུབ་དགོས་ཚེ་དཀའ་སྤྱད་བརྩོན་འགྲུས་དང་འབྲལ་ཐབས་མེད་པ་ཞིག་མ་རེད་དམ་ཞེས་བརྗོད། ཨ་ཕས་མི་འདོད་པའི་རྣམ་འགྱུར་གྱིས་ཕལ་ཆེར་ཡིན་རྒྱུ་རེད་ཅེས་ལན་བཏབ། ཁུ་ཨིན་གྱིས་ཨ་ཕའི་གདོང་གི་རྒྱུན་ལྡན་མིན་པའི་རྣམ་འགྱུར་དེ་མཐོང་བས། འོ་ན། ཁྱོད་ཀྱི་བྱིས་པས་ཆུ་  ཚོད་ཅི་ཙམ་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་དམ་ཞེས་དྲིས། ཨ་ཕས་སྤྱིར་ཆུ་ཚོད་གཉིས། ཆེས་རིང་ཡང་ཆུ་ཚོད་གསུམ་ལས་བརྒལ་གྱིན་མེད་ཅེས་སྦ་གསང་མེད་པར་བཤད། དེ་ནས་སྐུ་ཞབས་ཁུ་ཨིན་ཤིན་ཏུ་ཡ་མཚན་པའི་ངང་ཅི་ཟེར། ཆུ་ཚོད་གསུམ་ལས་བརྒལ་གྱི་མེད། ཁོས་ལོ་རྒྱུས་དང་ས་རྒྱུས། སྐྱེ་དངོས། རྩིས་རིག་བཅས་ཚང་མ་དེ་འདྲའི་གཏིང་ཟབ་ཅིག་བསླབས་པར་མ་ཟད། ད་དུང་སྐད་རིགས་མི་འདྲ་བ་དྲུག་ཤེས་ཐུབ་བམ། ཉིན་རེར་ཆུ་ཚོད་གསུམ་ཁོ་ནར་སློབ་སྦྱོང་བྱེད་དུས། ཁོར་ཆུ་ཚོད་ཀྱིས་འདང་གི་རེད་དམ་ཞེས་དྲིས། སྐབས་འདིར་ཨ་ཕ་ངའི་དཔེ་ཁང་མདུན་དུ་འོང་སྟེ་སྒོ་ཕྱེས་ནས་བདག་ལ་ཁ་ཨར་སློབ་སྦྱོང་གི་དུས་ཚོད་གསུམ་པོ་ཚང་སོང། ངལ་གསོ་བྱ་རན་སོང་ཞེས་གསུངས་བྱུང།
     ངས་ཁང་པའི་སྦུག་ནས་ཨ་ཕ། ད་དུང་སྐར་མ་ལྔ་འདུག ཏོག་ཙམ་གྱི་རྗེས་ནས་ངལ་གསོ་བྱ་རྒྱུ་ཡིན་ཞེས་བཤད། ཏག་ཏག་སྐར་མ་ལྔའི་རྗེས་སུ་ང་རང་དཔེ་མཛོད་ལས་ཕྱིར་ཐོན་ཏེ་སྐུ་ཞབས་ཁུ་ཨིན་ལ་འཚམས་འདྲི་བྱས་པ་ཡིན། སྐུ་ཞབས་ཁུ་ཨིན་གྱིས་ང་མཐོང་མ་ཐག་ངའི་ལག་ཟུང་ལ་འཐམ་སྟེ་ཁ་ཨར། ཁྱོད་ཀྱི་ཉིན་རེའི་སློབ་སྦྱོང་གི་དུས་ཡུན་དེ་དངོས་ནས་ཆུ་ཚོད་གསུམ་ལས་བརྒལ་མེད་དམ་ཞེས་དྲིས་བྱུང། ངས་ཁོང་ལ་ནམ་རྒྱུན་ཆུ་ཚོད་གཉིས་རེད། དེ་རིང་ཆུ་ཚོད་གཅིག་གིས་ཇེ་མང་དུ་ཕྱིན་པས་ཆུ་ཚོད་གསུམ་ཏག་ཏག་རེད་ཅེས་བརྗོད་པ་ཡིན། སྐུ་ཞབས་ཁུ་ཨིན་གྱིས་ཁྱོད་ཀྱིས་ད་དུང་དུས་ཡུན་རིང་ཙམ་ལ་སློབ་སྦྱོང་བྱ་མི་ཐུབ་བམ་ཞེས་དྲིས་བྱུང། ངས་ང་རང་གིས་ད་དུང་སློབ་སྦྱོང་བྱ་ཐུབ་མོད། ཨ་ཕས་དེ་ལྟར་བྱེད་དུ་བཅུག་མེད་ཅེས་སྨྲས། དེ་ནས་སྐུ་ཞབས་ཁུ་ཨིན་ཨ་ཕའི་ཕྱོགས་སུ་འཁོར་ཏེ་བྱིས་པར་དེ་ལས་ཀྱང་སྦྱོང་འདོད་ཀྱི་མོས་པ་ཡོད་ན། དོན་དག་ཡག་པོ་ཞིག་རེད། ཁྱོད་ཀྱིས་ཅིའི་ཕྱིར་ཁོ་ལ་དེ་ལྟར་བྱེད་དུ་བཅུག་མེད་ཅེས་དྲིས། ཨ་ཕས་དུས་ཚོད་གཉིས་ཀྱི་སློབ་སྦྱོང་ནི་ཁ་ཨར་ལྟ་བུའི་ཕྲུ་གུའི་ན་ཚོད་ལ་བལྟས་ནས་བཤད་ན་འདང་ངེས་རེད་ལ། དེ་ལས་ཀྱང་མང་པོའི་བྱ་དངོས་རྣམས་ལ་ཁོ་རང་ཉིད་སློབ་སྦྱོང་བྱ་བར་འགྲོ་འོས། དཔེ་ཆར་དགའ་ཞིང་བརྩོན་པ་ཆེ་བ་ནི་ལེགས་པའི་དོན་ཞིག་ཡིན་ཡང། ཉིན་ཧྲིལ་པོར་དཔེ་མཛོད་དུ་འཇུག་དགོས་དོན་མེད། ཅེས་བརྗོད་བྱུང། སྐུ་ཞབས་ཁུ་ཨིན་ཡ་མཚན་པའི་ངང་ཨ་ཕར་ལྟ་བཞིན་ངར་བ་རེད། ངར་བ་རེད་ཅེས་བརྗོད་བྱུང། ངས་ཨ་ཕར་ད་དུང་སྐུ་ཞབས་ཁུ་ཨིན་དང་ལྷན་དུ་སློབ་གསོ་དང་འབྲེལ་བའི་གནད་དོན་འགར་གླེང་མོལ་བྱ་དགོས་པ་རྟོགས་པས་གྲོགས་པོ་ཆུང་ཆུང་བཙལ་ནས་རྩེད་མོ་རྩེ་རུ་ཕྱིན་པ་ཡིན།
     ནུབ་ཟས་ཀྱི་སྔོན་ལ་ང་རང་ཁྱིམ་དུ་ལོག་པ་དང། སྐུ་ཞབས་ཁུ་ཨིན་གྱིས་ང་རང་རྐུབ་སྟེགས་ལས་ཡར་ལངས་པ་མཐོང་སྟེ་ངའི་ལག་པ་ནས་བཟུང་སྟེ་དངོས་ནས་བྱིས་པ་ཡག་པོ་ཞིག་རེད། བདག་གི་རྗེས་ཕྱོགས་ཀྱི་སློབ་གསོ་ཁྲོད་དུའང་ཐབས་ལམ་འདི་ངེས་པར་དུ་ལག་བསྟར་བྱ་རྒྱུ་ཡིན་ལ།  འདི་ལྟ་བུའི་ཕུལ་བྱུང་གི་ཐབས་ལམ་འདི་ངས་ཕ་མ་གཞན་རྣམས་ལའང་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་བདག་ལ་བསྟོད་བསྔགས་མཛད།
སྐུ་ཞབས་ཁུ་ཨིན་གྱི་བསམ་བློའི་ངོས་ཐད་ནས་བལྟས་ཚེ། ཁོས་ཨ་ཕའི་ལྟ་བ་ངེས་ལེན་བྱས་ཟིན་པ་ཤེས་སོང། ཁོ་རང་ཕྱིན་རྗེས་ངས་ཨ་ཕར་ཁྱོད་ཀྱིས་ཇི་ལྟར་སྐུ་ཞབས་ཁུ་ཨིན་ལ་ཁྱོད་ཀྱི་ཐབས་ལམ་དེ་དང་ལེན་བྱེད་དུ་བཅུག་པ་ཡིན་ནམ་ཞེས་དྲིས། ཨ་ཕས་སྐུ་ཞབས་ཁུ་ཨིན་ནི་རྣམ་རིག་རྒོད་ལ་ཤེས་ཡོན་ལྡན་པའི་སློབ་གསོ་མཁས་ཅན་ཞིག་ཡིན་པར་མ་ཟད། ཁོ་ནི་ད་དུང་གནས་ལུགས་རྟོགས་པའི་མི་ཞིག་རེད། གལ་ཏེ་སློབ་གསོའི་ཐབས་ལམ་ལེགས་པོ་ཡིན་ན། ཁོས་མགྱོགས་མྱུར་ངང་དང་ལེན་ལོས་བྱེད་ཅེས་གསུངས་བྱུང།
     ད་ལྟ་ང་རང་ལོ་ན་སུམ་ཅུ་ལ་སོན་པར་མ་ཟད། རང་ཉིད་ལ་བུ་ཕྲུག་ཀྱང་ཡོད། འོན་ཏེ་མི་མང་པོ་ཞིག་གིས་ད་དུང་ངའི་ཆུང་དུས་ཀྱི་སློབ་སྦྱོང་གི་གནས་ཚུལ་དང།  ཉིན་རེའི་སློབ་སྦྱོང་བྱེད་པའི་ཆུ་ཚོད་བཀོད་སྒྲིག་གི་སྐོར་འདྲི། ངས་རྒྱུན་དུ་ཁོ་ཚོ་ལ་ཉིན་རེར་ཆུ་ཚོད་གཉིས་ལ་སློབ་སྦྱོང་བྱེད་པའི་ཐབས་ལམ་དེ་བཤད་པ་ཡིན།
     ཨ་ཕའི་བསམ་པར་ལོ་ན་ཕྲ་བའི་བྱིས་པར་མཚོན་ན་ཆུ་ཚོད་གཉིས་ནི་ཆེས་རིང་བའི་ཆུ་ཚོད་རེད། ན་ཆུང་བྱིས་པའི་རྣམ་རིག་དེ་ཆུ་ཚོད་གཉིས་ཁོ་ནར་མ་གཏོགས་སྒྲིམ་མི་ཐུབ། དེ་བས་ཆུ་ཚོད་གཉིས་ལས་བརྒལ་བའི་སློབ་སྦྱོང་ནི་ཆུ་ཚོད་སྟོང་ཟད་དུ་བཏང་བ་རེད། འོན་ཀྱང་དེང་སང་བྱིས་པའི་སློབ་གསོ་སྒྲུབ་བཞིན་པའི་མི་མི་ཉུང་བ་ཞིག་གིས་སྐྱེས་སྟོབས་ཀྱི་ཤེས་རབ་ཅན་གྱི་བྱིས་པ་གཉོར་བའི་ཐབས་ལམ་ནི་བྱིས་པའི་སློབ་སྦྱོང་གི་དུས་ཡུན་ཚོད་མེད་དུ་བརྐྱངས་པའམ། སློབ་སྦྱོང་གི་དུས་ཡུན་ཇི་ལྟར་རིང་ན་དེ་ལྟར་བཟང་བའི་ནོར་འཁྲུལ་གྱི་ལྟ་ཚུལ་འཛིན།
     བརྗོད་མ་དགོས་པ་ཞིག་ལ།  ན་ཚོད་ཅུང་ཆེ་བའི་བྱིས་པ་དང་དར་མ་རྣམས་ལ་མཚོན་ན་ཁོང་ཚོའི་རང་གཅུན་གྱི་ནུས་པ་ཅུང་རྒོད་པས་རྣམ་རིག་སྒྲིམ་པའི་དུས་ཡུན་དེ་ན་ཆུང་བྱིས་པ་ལས་ཅུང་རིང་ཕྱིན་ཡུན་རིང་གི་སློབ་སྦྱོང་ལ་གྲུབ་འབྲས་མི་དམན་པ་རེ་འབྱུང་སྲིད། འོན་ཀྱང་འདི་ནི་བྱིས་པ་རྣམས་ལ་གཏན་ནས་མི་འཚམས།
     ཕན་འབྲས་དམན་པའི་སློབ་སྦྱོང་གི་ཐབས་ལམ་སྤྱོད་པ་ནི་ཆུ་ཚོད་ཟད་གྲོན་ཞིག་སྟེ། གལ་ཏེ་ཆུ་ཚོད་གང་ལེགས་ངང་སྤྱོད་མ་ཐུབ་ཚེ། ཚུ་ཚོད་དེ་ལས་མང་པོ་སྤྱད་དེ་སློབ་སྦྱོང་བྱས་རུང་ངལ་བ་འབྲས་མེད་རེད། མདོར་ན་ཕན་འབྲས་ཨང་དང་པོ་དང། ཆུ་ཚོད་ཨང་གཉིས་པ་སྟེ་གལ་ཏེ་ཆུ་ཚོད་གང་ལེགས་ངང་སྤྱོད་ཐུབ་ཚེ། སློབ་སྦྱོང་དང་བྱ་བ་གང་ཡིན་རུང་ཆུ་ཚོད་ཉུང་ངུའི་ནང་འབྲས་བུ་ལྗིད་ཏིག་ཏིག་ཅིག་ལེན་ཐུབ།
     འཚོ་བའི་ཁྲོད་ང་ཚོས་ཀྱང་རྟག་ཏུ་འདི་ལྟ་བུའི་གནས་ཚུལ་མཐོང་ཐུབ། བྱིས་པ་ལ་ལ་ཞིག་ཡ་རབས་ཚུལ་མཐུན་ངང་སྒྲོག་ཙེ་མདུན་དུ་ལངས་ནའང་ཁོ་ཚོའི་ཀླད་པ་དེ་གཏན་ནས་འཁོར་སྐྱོད་མི་བྱེད་པར་ཧད་ནས་བསྡད་པས་བསམ་བློའི་འདུ་ཤེས་དེ་དཔེ་ཆ་དང་ཁ་ཐག་རིང། འདི་ལྟ་བུའི་སློབ་སྦྱོང་ལ་གྲུབ་འབྲས་ཅི་འདྲ་ཞིག་མཆིས་སམ། འདི་ནི་ཆུ་ཚོད་སྟོང་ཟད་ཁོ་ན་རེད། དོན་དངོས་སུ་དགའ་སྤྲོ་ལྡན་པའི་བྱིས་པ་རིག་རྒོད་འབྱུང་བ་ཤིན་ཏུ་སླ་པོ་རེད། གལ་ཏེ་སློབ་སྦྱོང་གི་སྐབས་སུ་ཆུ་ཚོད་འཐུས་ཤོར་སྤུ་ཉག་ཙམ་ཡང་མེད་པར་གང་ལེགས་ཀྱིས་བེད་སྤྱོད། སློབ་སྦྱོང་བྱ་རན་དུས་བློ་སེམས་གཅིག་སྒྲིལ་ངང་འབད་འབུངས་དང་། རྩེད་འཇོར་རོལ་དུས་ས་ལྡིང་གནམ་ལྡིང་བྱེད་བཞིན་རྩེད་མོ་རྩེ་དགོས། གལ་ཏེ་བྱིས་པ་ཡོད་དོ་ཅོག་གིས་འདི་ལྟར་སྒྲུབ་ཚེ་གོ་ལའི་སྟེང་བྱིས་པ་རིག་རྒོད་མང་པོ་འབྱུང་བར་གདོན་མི་ཟ།

གསུམ། ཕྱོགས་མང་པོར་སྤྲོ་སྣང་བསྐྱེད་དགོས་པ།

     བྱིས་པ་གསོ་སྐྱོང་བྱེད་དུས་སེམས་ལ་ངེས་པར་བཟུང་དགོས་པ་ནི་ཕྱོགས་གཅིག་ཁོ་ན་ནས་བྱིས་པར་ཤེས་བྱ་ག་གེ་མོ་ཞིག་ལ་བློ་རིག་སྒྲིམ་དུ་འཇུག་མི་འོས་ལ། གལ་ཏེ་དུས་ཡུན་རིང་ཙམ་ཕྱིན་ཚེ་རོ་བྲོ་དབེན་པའི་ཆིག་རྐྱང་གི་སློབ་སྦྱོང་འདིར་བྱིས་པ་སུན་སྣང་སྐྱེ་སྲིད། དེས་ན། ཇི་ལྟར་བྱིས་པ་སློབ་སྦྱོང་བྱ་བར་སྤྲོ་སྣང་སྐྱེས་ཤིང་ཁོ་ཚོ་དགའ་སྤྲོའི་ངང་དེ་ལ་འཇུག་འདོད་པ་ཞིག་བྱེད་དགོས་སམ། བདག་གི་ཨ་ཕའི་ཐབས་ལམ་ལྟར་ན་དེ་ནི་ཕྱོགས་གང་ཅིའི་ཐད་ནས་བྱིས་པར་སྤྲོ་སྣང་འདྲ་མིན་བསྐྱེད་དུ་འཇུག་དགོས་ཏེ་སྤྲོ་སྣང་གི་རྨང་གཞིའི་སྟེང་ནས་བྱིས་པ་རྣམས་བདེ་ལེགས་ངང་ཤེས་བྱའི་གནས་ལ་འཇུག་ཐུབ། འདི་ལྟར་བྱས་ཚེ་བྱིས་པའི་ཧུར་བརྩོན་གྱི་རང་བཞིན་དང་རང་འགུལ་གྱི་ངོ་བོ་ཆེས་ཆེར་བསྐྱེད་ཐུབ་པར་མ་ཟད། ཡར་རྒྱས་ཀྱང་བྱ་ལྟར་དགུང་ལ་སྙེགས་ནུས།
     ཨ་ཕས་བདག་ལ་སློབ་གསོ་བྱ་བའི་གོ་རིམ་ཁྲོད་ཤེས་བྱ་ཆེ་ཕྲ་ཀུན་ལ་སྤྲོ་སྣང་ལྡན་པ་ཞིག་བཟོ་བར་ལྷག་ཏུ་དང་དོད་བྱེད། ཁོས་འབད་བརྩོན་ཆེན་པོས་ང་རང་ཕྱོགས་གང་གི་ཐད་ལ་སྤྲོ་སྣང་འཕེལ་བའི་ལམ་སྟོན་མཛད་པས་སྐབས་དེར་སྐྱེལ་བའི་འཚོ་བ་དེ་ཕུན་སུམ་ཚོགས་པ་ཞིག་ཏུ་བཏང། ཨ་ཕའི་བསམ་པར་བྱིས་པའི་སྤྲོ་སྣང་འདི་དག་སྐྱེད་སྲིང་བྱེད་དུས་ཆེས་གལ་ཆེ་བ་ནི་དཔེ་ཆ་ཀློག་འདོན་བྱ་རྒྱུ་དེ་ཡིན། རྒྱུ་མཚན་ནི་དཔེ་ཆ་ཀློག་པ་ནི་སྤྲོ་སྣང་ཀུན་གྱི་འབྱུང་རྩ་རེད། ཡིན་ནའང་ཁོས་དཔེ་ཆ་བདམས་གསེས་ལ་ཤིན་ཏུ་གཙིགས་ཆེན་བྱེད། མི་ཞིག་དཔེ་དེབ་གང་འདྲའི་རིགས་ལ་དུངས་པ་ཡོད་ན་མི་དེས་བཀླགས་པའི་ཐོག་མའི་དཔེ་དེབ་ཀྱི་རིགས་གང་ཡིན་ཐག་ཆོད་ལ། ལྷག་པར་དུ་བྱིས་དུས་སུ་བཀླགས་པའི་དཔེ་དེབ་ཀྱིས་དུས་རྒྱུན་མི་དེའི་མི་ཚེ་ཁ་ལོ་བསྒྱུར་ཐུབ། དེའི་ཕྱིར་ཨ་ཕས་བདག་གིས་བྱིས་དུས་སུ་བཀླགས་པའི་དཔེ་དེབ་ལ་ལྷག་ཏུ་བརྩི་འཇོག་བྱེད།
     ང་ལ་དཔེ་ཀློག་མཛུབ་སྟོན་བྱེད་དུས། ཨ་ཕས་ཐབས་ལམ་ཕྲན་བུ་འགའ་སྤྱད། སྤྱིར་བྱིས་པ་སྒྲུང་ལ་ཉན་རྒྱུར་ཧ་ཅང་དགའ་ཞིང་ལྷག་པར་དུ་ལོ་ན་ཅུང་ཕྲ་བའི་བྱིས་པ་རྣམས་དེ་་བས་ཀྱང་དགའ། སྒྲུང་བཤད་པའི་གལ་ཆེན་རང་བཞིན་དེ་ཤེས་རྗེས་སྒྲུང་གཏམ་བཤད་པ་དེས་བྱིས་པའི་ཤེས་བྱ་ཇེ་ཕྱུག་ཏུ་གཏོང་ཐུབ་པར་མ་ཟད། ད་དུང་བྱིས་པས་དེ་ལས་ཀྱང་མང་བའི་དཔེ་དེབ་ཀློག་འདོན་ཐུབ་པའི་ལམ་སྟོན་གྱི་རྩ་བར་ཡང་འགྱུར་ཐུབ་པ་ཤེས། ཁོས་སྒྲུང་བཤད་དུས་ནམ་ཡང་གསོན་ཉམས་ཀྱིས་ཁེངས་ཤིང་རབ་རྟོག་གི་ཉམས་འགྱུར་དང། གསོན་ཤུགས་རྒྱས་པའི་སྐད་ཆ། ད་དུང་ལག་ཟུང་གི་ཉམས་འགྱུར་བཅས་སྤྱོད་པར་མ་ཟད། ཐ་ན་སྐབས་རེར་ཡར་ལངས་ཏེ་སྒྲུང་གཏམ་ནང་གི་མི་སྣའི་གཟུགས་དབྱིབས་ལ་ལད་ཟློས་བྱེད་བཞིན་སྒྲུང་གི་འཕེལ་རིམ་མུ་མཐུད་དེ་གོང་དུ་སྤེལ། དེ་དུས་ང་རང་ཡང་སྒྲུང་གཏམ་དང་དབྱེར་མེད་དུ་འདྲེས་པས་དུས་རྟག་ཏུ་རང་དབང་མེད་པར་ཁོ་དང་ལྷན་དུ་རྐང་གཡུག་ལག་གཡུག་བྱེད། འོན་ཀྱང་ཁོས་རྟག་ཏུ་ཆེས་སྤྲོ་སྣང་གི་མཚམས་ནས་ལམ་སེང་མཚམས་འཇོག་པར་མ་ཟད། ད་དུང་བདག་ལ་སྒྲུང་འདི་དཔེ་དེབ་དེ་ཡི་སྟེང་ཡོད་ཅེས་བརྗོད་ནས་ང་ལ་ཀློག་འདོན་ཁྲོད་སྤྲོ་སྣང་འཚོལ་བའི་སྐུལ་མ་བྱས།
     ཨ་ཕས་གསོ་སྐྱོང་འོག་ང་རང་ཀློག་འདོན་ལ་སྤྲོ་སྣང་དྲག་པོ་སྐྱེ་བར་མ་ཟད།  རོལ་དབྱངས་ལའང་སྤྲོ་སྣང་ཟབ་མོ་ལྡན། རོལ་དབྱངས་ཁྲོད་མཛེས་སྣང་ཉམས་སུ་མྱོང་ཐུབ།
རླབས་ཆེན་གྱི་སྙན་ངག་པ་གིག་ཏིག་གིས་སྔོན་ཆད་ལྷས་འུ་ཅག་ལ་བསྩལ་བའི་མཛེས་པ་ཡི་ཚོར་སྣང་དེ་མི་བརླག་པའི་ཆེད་དུ་རྟག་ཏུ་རོལ་དབྱངས་ལ་ཉན་པ་དང་། སྙན་རྩོམ་གྱེར་འདོན། རི་མོར་གཟིགས་པ་བཅས་ངེས་པར་དུ་བྱ་དགོས། དེ་བས་བྱིས་པ་རོལ་དབྱངས་དང་མཐུད་སྦྲེལ་བྱ་བ་ནི་ཧ་ཅང་གལ་ཆེན་རེད། གནའ་དུས་སུ་མི་ཞིག་གིས་གཞས་གཏོང་བར་མཁས་པའི་མི་དེ་གཞས་གཏོང་མི་ཤེས་མཁན་ལས་ཚེ་ཐག་རིང་ཞེས་བརྗོད་ལ་འདི་ནི་གཞས་མཁན་དེའི་སེམས་ཁམས་ནམ་ཡང་བློ་བདེ་བག་ཕེབས་ཡིན་པའི་རྐྱེན་རེད།
     ང་ཚོས་མི་ཡོད་ཚད་རོལ་དབྱངས་མཁན་པོ་རུ་འགྱུར་དུ་འཇུག་མི་ཐུབ་ལ་དེ་ལ་དགོས་པའང་དེ་འདྲ་མ་མཆིས་ཏེ། ཡིན་ནའང་འཇིག་རྟེན་འདིར་རོལ་དབྱངས་ཅུང་ཟད་ཙམ་ཡང་མི་ཤེས་པ་ནི་ཤིན་ཏུ་ལས་ངན་ཞིག་རེད། གལ་ཏེ་རང་ཉིད་ཀྱིས་མི་ཤེས་ཀྱང་ཉུང་མཐར་ཡང་དེ་ཉིད་མྱོང་རྟོགས་བྱེད་ཤེས་དགོས། མི་གླེན་པ་འགའི་བསམ་པར་བྱིས་པ་རོལ་དབྱངས་མཁས་ཅན་དུ་འགྱུར་འདོད་མེད་ན་ཁོ་ལ་རོལ་དབྱངས་བསླབ་པ་ནི་ཆུ་ཚོད་སྟོང་ཟད་དུ་བཏང་བ་རེད་སྙམ། འདོད་ཚུལ་འདི་ནི་ནོར་འཁྲུལ་ཁོ་ན་རེད། སྒྱུ་རྩལ་གྱི་ཆ་ཙམ་ཡང་མེད་པའི་མི་ཚེ་ནི་ཚ་སྡོར་མེད་པའི་ཐུག་པ་དང་གཉིས་སུ་མེད། བྱིས་པའི་མི་ཚེ་གཅིག་པོ་བདེ་སྐྱིད་ཀྱིས་ཁེངས་ཤིང་འཚོ་བའི་ཁ་དོག་རྣམ་པར་བཀྲ་བ་ཞིག་འབྱུང་ཕྱིར་ཕ་མར་བྱིས་པ་ཚོར་རྩོམ་རིག་དང་རོལ་དབྱངས་ཀྱི་སྦྱོང་བརྡར་འཛོམས་པའི་འོས་འགན་ཡོད།
     ཨ་ཕས་བསམ་པར་ཚེ་འདིར་རོལ་དབྱངས་ཤེས་པ་ནི་བདེ་སྐྱིད་ཅིག་རེད་སྙམ། ཁོས་ང་རང་ཆུང་ངུའི་དུས་ནས་རོལ་དབྱངས་ལ་དགའ་མོས་བྱེད་པའི་འདུ་ཤེས་ཤིག་བསྐྲུན་ཅི་ཐུབ་བྱས་ཟེར། ང་སྐྱེས་ནས་ཅང་མ་འགོར་བར་ཁོས་༡་༢་༣་༤་༥་༦་༧་བཅས་སྒྲ་གདངས་མི་འདྲ་བ་བདུན་ཐོན་པའི་ཅོང་ཆུང་ཞིག་བརྡུངས་ཏེ་ང་ལ་ཉན་དུ་བཅུག་པར་མ་ཟད།  ཨ་མའི་བླངས་པའི་གླུ་ངག་ལ་ཉན་དུ་བཅུག
     ཨ་ཕ་དུས་རྒྱུན་བདག་དང་ལྷན་དུ་འདིའི་ཕྱོགས་ཀྱི་རྩེད་མོ་རྩེ། དེ་དག་ལས་རྩེད་ཐབས་གཅིག་ནི་ཁང་པའི་སྦུག་ལས་དངོས་པོ་སྦས་ཏེ་ང་རང་ལ་འཚོལ་དུ་འཇུག འདི་ནི་བྱིས་པ་རྣམས་རྟག་ཏུ་རྩེ་བའི་རྩེད་མོ་ཞིག་རེད། སྐབས་འདིར་ཁོས་རྣོ་སྦྲེང་དཀྲོལ་བས་རྩེད་མོ་འདི་དགའ་སྤྲོའི་རྣམ་པས་ཁེངས་པ་ཞིག་ཏུ་བསྒྱུར། ཐེངས་ཤིག་ཁོས་དངོས་པོ་ཞིག་སྦས་ཏེ་ང་ལ་འཚོལ་དུ་བཅུག ང་རང་དངོས་པོའི་ཉེ་སར་ཅུང་ཙམ་ཕྱིན་ཚེ་ཁོས་སེམས་ཆུང་བྱོས་སེམས་ཆུང་བྱོས་ཞེས་མ་ལབ་པར། དེ་ལས་ལྡོག་སྟེ་རྣོ་སྦྲེང་གི་སྐད་གདངས་ཇེ་གཉོམ་དུ་བཏང་།   གལ་ཏེ་ཐག་རིང་དུ་ཕྱིན་ཚེ་སྒྲ་གདངས་རིམ་གྱིས་བསྐྱེད། གལ་ཏེ་ངས་གཟབ་ནན་ངང་རོལ་དབྱངས་ཀྱི་འདེགས་འཇོག་ལ་མ་ཉན་ཚེ་སྦུག་ཏུ་སྦས་པའི་དངོས་པོ་རྙེད་རྒྱུ་ཧ་ཅང་དཀའ་མོ་རེད། ཐབས་ལམ་འདི་ངའི་ཉན་སྟོབས་ལ་སྦྱོང་བརྡར་བྱེད་པར་བྱེད་ནུས་ཆེས་ཆེར་ལྡན།
བྱིས་པ་ཆུང་ངུ་ཚང་མ་དབྱངས་འགྲོས་ལ་དགའ་བས་ཨ་ཕས་འདིའི་ཕྱོགས་ནས་ང་ལ་སྦྱོང་བརྡར་བྱས།   ངས་སྐད་ཆ་བཤད་མི་ཤེས་པའི་སྐབས་ནས་བཟུང་ཁོས་ཐལ་ལྕག་བརྡབ་པའི་རྣམ་པས་ལག་ཟུང་བརྡབས་ཏེ་ང་ལ་ལྟ་ཉན་བྱེད་དུ་བཅུག ཅང་མ་འགོར་བར་ཁོས་རྔ་ཆུང་ཞིག་ཉོས་འོང་སྟེ་ང་ལ་ཐལ་ལྕག་ལྟར་རྔ་བོ་རྡུང་དུ་བཅུག    དེ་ནས་ཅང་མ་འགོར་བར་ཁོས་ཡང་ཤིང་རྔ་ཞིག་ཉོས་ཏེ་ང་ལ་རྡུང་དུ་བཅུག་པར་མ་ཟད།    སྒྲ་སྙན་རྩེད་མོའང་རྩེ་བའི་འགོ་བཙུགས།
     ང་རང་ཆུང་དུས་ནས་རྣོ་སྦྲེང་སོགས་རོལ་ཆས་རྩེད་རྒྱུར་དགའ་བ་དང། ཨ་ཕས་ཁྱད་ཆོས་འདི་དམ་དུ་བཟུང་ནས་བདག་ལ་སྦྱོང་བརྡར་མང་པོ་བྱེད་པའི་སྐུལ་མ་བྱས། ཞོར་དུ་བདག་ལ་ཨ་ཕས་རོགས་རམ་འགའ་གནང་ཚེ་ངས་རང་གིས་དབྱངས་འདྲ་མིན་རྩོམ་བཞིན་ཡོད་ལ་དེ་མིན་རང་ཉིད་ཀྱིས་གསར་སྐྲུན་བྱས་པའི་དབྱངས་རྟ་རྣམས་ཟིན་ཐོའི་སྟེང་བཀོད་ཡོད།
ཨ་ཕས་རོལ་ཆས་སློབ་དུས་རྩལ་ནུས་ཁོ་ནར་དོ་སྣང་བྱེད་པའི་ཐབས་ལ་ངོ་རྒོལ་བྱེད། སྐབས་དེ་དུས་ཀྱི་ངེད་ཚང་གི་ཁྱིམ་མཚེས་ཤིག་གིས་སྔོན་ཆད་ཁོ་ཚང་གི་བྱིས་པར་ཨོག་ལེན་ཆུང་བའི་དགེ་རྒན་ཞིག་གདན་ཞུ་བྱས། ལོ་གཅིག་གི་ནང་དུ་ཁོས་བྱིས་པར་རྩལ་ནུས་སྦྱོང་བརྡར་ཁོ་ན་ཁྲིད་པས་དེས་བྱིས་པར་ཨོག་ལེན་དཀྲོལ་སྟངས་ཤེས་སུ་འཇུག་པ་ཕར་ཞོག དེ་ལས་ལྡོག་སྟེ་རོལ་དབྱངས་ལ་ཞེ་མེར་ལངས་སུ་བཅུག ཡིན་ནའང་བདག་ལ་ཨོག་ལེན་ཆུང་བ་ཁྲིད་མཁན་གྱིས་ཐབས་ལམ་འདི་སྤྱད་མེད་དེ་ངས་ཨོག་ལེན་ཆུང་བ་སྦྱོང་བརྡར་བྱེད་དུས་ཨ་ཕས་རྣོ་སྦྲེང་དཀྲོལ་ཏེ་རམ་དཀྲོལ་བྱས་པས་བདག་གི་དགའ་སྣང་དང། ཨོག་ལེན་སློབ་པའི་རོ་བྲོ་ཆེ་རུ་ཕྱིན། དེ་བས་ངས་རྣོ་སྦྲེང་དཀྲོལ་བ་དང་། ཨོག་ལེན་ཆུང་བ་འཐེན་པའི་གྲུབ་འབྲས་ཀྱང་ཤིན་ཏུ་འབུར་ཐོན་ཡིན།

བཞི། ཆེས་ཕན་འབྲས་ཅན་གྱི་བློ་འཛིན་བྱེད་ཐབས།

     བདག་གི་མྱོང་བས་བདག་ལ་བཤད་དོན། དོན་དངོས་སུ་ངས་བསམ་པར་སློབ་སྦྱོང་ལ་ནན་ཏན་ཅན་གྱི་མི་རྣམས་ལའང་གཅིག་གྱུར་གྱི་ལྟ་ཚུལ་ཞིག་ཡོད་སྙམ། དེ་ནི་བློ་འཛིན་ཏེ་སློབ་སྦྱོང་གི་ཁྲོད་དུ་གལ་གནད་ཅན་ཞིག་ཡིན་པ་དེ་རེད། དེང་སང་གི་མི་མང་པོ་ཞིག་གིས་བླུན་རྨོངས་ཀྱི་བྱེད་ཐབས་སྤྱོད་བཞིན་བློ་ངོར་བཙན་ཚུགས་ཀྱིས་འཇུག་བཞིན་འདུག དེ་ནི་དེབ་ནང་གི་བརྗོད་བྱའི་སྙིང་པོ་ཨུ་ཚུགས་ཀྱིས་ཀླད་པར་བཅུག་པ་དེ་རེད། དོན་དམ་དུ་བློ་ངོར་ཨུ་ཚུགས་ཀྱིས་འཇུག་པ་དེས་གོ་བ་མཐིལ་ཕྱིན་པ་ཞིག་ལེན་མི་ཐུབ་ལ་ཤེས་བྱ་ཐམས་ཅད་ཡིད་ལའང་འཇུག་དཀའ་བར་མ་ཟད། ཡོན་ཏན་མ་ལུས་ཁོག་ཏུའང་གཏན་ནས་འཇུག་མི་ཐུབ། གལ་ཏེ་བློ་རུ་བཅུག་ནའང་དེ་ནི་ཟིན་ཐོའི་ཚུལ་གྱིས་ཡོན་ཏན་ཐམས་ཅད་ཟིན་བྲིས་སུ་བཀོད་པ་ལས་དེའི་བརྗོད་དོན་རྟོགས་ཐབས་བྲལ། ལོ་རྒྱུས་ཐོག་གྲུབ་འབྲས་གཡུར་ཟ་བླངས་པའི་མི་སུ་ཡིན་རུང་བཙན་ཚུགས་ཀྱིས་བློར་བཅུག་པར་བརྟེན་ནས་ལམ་ལྷོངས་བྱུང་བ་གཅིག་ཀྱང་མེད། གནས་ལུགས་འདི་ཤེས་ཡོན་ཕྲན་བུ་ལྡན་པའམ་བློ་སེམས་གཅིག་བསྒྲིལ་གྱིས་སློབ་སྦྱོང་བྱེད་མཁན་མི་ཚང་མས་རྟོགས་ཐུབ། རླབས་ཆེན་གྱི་མི་སྣ་འདི་དག་གིས་ཀྱང་དོན་གྱིས་ཕྱུག་པའི་ལྟ་ཚུལ་མང་པོ་ཞིག་བཞག་ཡོད་དེ། “ངས་གོ་བ་ལོན་པ་མ་གཏོགས་ཅི་ཡང་དྲན་གྱི་མི་འདུག ཁྱོད་ཀྱིས་ང་ལ་ཅི་ཞིག་བློ་ངོར་ངེས་སུ་བཅུག་ཟེར་བ་ཡིན་”ཞེས་པ་འདི་ནི་པེ་ཊ་གྷི་ལ་སིས་སྨྲས་པའི་སྐད་ཆ་རེད། “དཔེ་ཆ་བཙན་ཚུགས་ཀྱིས་ཀློག་མཁན་ནི་དྲེལ་རྒན་ལྟར་བླུན་ཞིང་རྨོངས་”ཞེས་པ་ཡ་ལི་ཧྲི་ཏོ་ཊིག་གིས་བརྗོད་པ་རེད། “ངས་བསམ་བློས་གདངས་དབྱངས་འདི་དག་བློ་རུ་བཅུག་པ་ཡིན། གལ་ཏེ་ངས་ཀླད་པ་སྤྱད་དེ་བློ་འཛིན་བྱས་ཚེ་ང་རང་རོལ་དབྱངས་ལ་རྒྱུས་མངའ་ཏིལ་ཙམ་ཡང་སྐྱེ་མི་སྲིད།”ཅེས་པ་ནི་སྔོན་པེ་ཊོ་ཧྤུན་གྱིས་གསུངས། ཡང་སྐོར་བསྐྱར་སྐོར་གྱི་བློ་འཛིན་བྱ་ཐབས་ནི་ཨ་ཕས་བདག་ལ་སློབ་གསོ་བྱེད་དུས་སུ་སྤྱོད་པའི་ནུས་ལྡན་གྱི་ཐབས་ལམ་ཞིག་རེད། གོ་བའི་ཁྲོད་ནས་བློ་འཛིན་ཡང་གལ་ཆེ་བ་བཤད་ག་ལ་དགོས། ཨ་ཕས་ང་རང་ལ་དཔེ་དེབ་ནང་གི་ཡིག་རྡོག་རེ་རེ་དང་ཚིག་དོན་རེ་རེ་བཞིན་བློ་འཛིན་བྱེད་དུ་གཏན་ནས་མི་འཇུག་ཅིང་འདི་ནི་བདག་གིས་མཐོང་བའི་བྱིས་པ་མང་པོ་ཞིག་གིས་སློབ་སྦྱོང་བྱེད་སྟངས་རེད། ཨ་ཕས་ནམ་དུས་ཡིན་ཡང་ང་ལ་གང་མགྱོགས་ངང་རགས་ལྟ་བྱེད་དུ་འཇུག་གིན་ཡོད། ཨ་ཕས་བསམ་པར་དཔེ་ཆ་ཀློག་པ་ནི་ཡིག་ངོ་ཆོད་པ་ཁོ་ན་མ་ཡིན་པར་དཔེ་དེབ་ཀྱི་བརྗོད་བྱའང་རྟོགས་འོས། འདི་ནི་རགས་ལྟ་ཀློག་སྟངས་ཀྱི་དགེ་མཚན་རེད།
     ཉིན་ཞིག་ངས་འཇར་མན་གྱི་ཡི་གེར་བཀོད་པའི་གནའ་བོའི་གྷི་རིགས་དཔལ་ཡོན་གྱི་ཉམས་རྒུད་ཅེས་དེབ་ཅིག་གཟབ་ནན་ངང་ཀློག་པའི་སྐབས་སུ་ཨ་ཕས་ཕལ་ཆེར་ངས་ཤོག་ལྷེ་ཡུན་རིང་ཞིག་ལ་མ་བསློག་པ་མཐོང་པས་བདག་གི་གམ་དུ་བཅར་ཏེ་ང་ལ་”ཁ་ཨར། ཁྱོད་ཀྱིས་དཔེ་དེབ་ཅི་ལ་ལྟ་བཞིན་ཡོད་”ཅེས་དྲིས་བྱུང་། “ཨོ། ངས་ལྟ་བཞིན་པ་ནི་གནའ་བོའི་གྷི་རིགས་ཀྱི་དཔལ་ཡོན་གྱི་ཉམས་རྒུད་རེད”ཅེས་བཤད། “འདི་ནི་དཔེ་ཆ་ལེགས་པོ་ཞིག་རེད། དེས་གྷི་རིགས་ཀྱི་ཡི་གེ་སློབ་པར་ཕན་ཐོགས་པར་མ་ཟད། རྒྱུད་ལ་ཤེས་བྱ་ཕུན་སུམ་ཚོགས་པ་འཇུག་ཐུབ།“ གྷི་རིགས་སློབ་པར་ཕན་པའི་ཨ་ཕའི་སྐད་ཆ་ཐོས་རྗེས་ ”འདི་ནི་གྷི་རིགས་མ་རེད། འཇར་མན་རེད།”ཅེས་ཁོང་ལ་དག་སེལ་བྱས། “ཨོ་་་་་་མ་གཞི་འཇར་མན་རེད་ལ”་ཟེར་བཞིན་ཨེན་ཙམ་ལུས་རྗེས་ཡང་ཁོས་”འོན་ཀྱང་ངའི་བསམ་པར་ཁྱོད་ཀྱི་འཇར་མན་གྱི་ཆུ་ཚད་དེས་དེབ་འདི་ཀློག་ཚེ་ཆེས་སྟབས་བདེ་ཡིན་འོས། འོ་ན་ཅིའི་ཕྱིར་ཁྱོད་ཀྱིས་ཀློག་པ་དེ་འདྲའི་དལ་བ་ཡིན་ནམ།”  “ཨ་ཕ། ང་དེ་ལྟར་དལ་བ་ནི་ངས་ནང་དོན་གསལ་པོར་རྟོགས་རྒྱུ་ལས་ཡིག་ངོ་ཨེ་ཆོད་ལ་ལྟ་གིན་མེད་པའི་རྐྱེན་རེད་”ཅེས་འགྲེལ་བཤད་བྱས། “དེས་ན་ངས་ཁྱོད་ལ་ཚོད་རྒྱུགས་ཤིག་ལེན། ཅི་ཞིག་བློ་ངོར་ཆུད་ཡོད་མེད་ལ་བལྟ།” ཟེར་བཞིན་ཨ་ཕས་བདག་ལ་དཔེ་དེབ་ནང་གི་དྲི་བ་འདོན་འགོ་ཚུགས། ཡ་མཚན་པ་ཞིག་ལ་ངས་ད་ལྟ་ནུས་ཤུགས་ཡོད་རྒུ་སྤྱད་དེ་སེམས་སུ་ངེས་ཐབས་བྱས་པའི་དུས་ཚོད་དང། ས་གནས་ཕར་ཞོག  ཐ་ན་བརྗོད་བྱ་གཙོ་བོའང་དྲན་ངོགས་ན་རབ་རིབ་ཏུ་སྣང། ངས་ཡ་མཚན་པའི་ངང་ཨ་ཕར་ལྟ་བཞིན་ད་ལྟ་རང་གཟབ་ནན་ངང་སེམས་ལ་བཟུང་མོད། འདིར་ཅི་ཞིག་བྱུང་བ་ཡིན་ནམ་ཞེས་བརྗོད། སྐབས་འདིར་ཨ་ཕས་ཡང་བསྐྱར་བདག་ལ་བལྟས་མྱོང་བའི་དཔེ་དེབ་འགའི་ནང་དོན་དྲིས་བྱུང། ངས་བསམ་བཞིན་དུ་བློ་ངོར་མ་བཅུག་པའི་དོན་དག་དེ་དག་ལ་གསལ་གསལ་ཐིང་ཐིང་ངང་ལན་སྤྲོད་ཐུབ་སོང། ཨ་ཕས་ང་རང་ཐེ་ཚོམ་གྱི་རྙི་རུ་ཚུད་པའི་རྣམ་པ་དེ་མཐོང་བས་གད་མོ་ཆེན་པོ་ཞིག་ཤོར་སོང།  ངས་ཁྱོད་ཅི་ཞིག་ལ་དགོད་ཀྱིན་ཡོད་དམ་ཨ་ཕ། ཞེས་དྲིས། ང་གླེན་ཕྲུག་ཁྱོད་ལ་གད་མོ་དགོད་བཞིན་ཡོད། ད་ལྟ་རང་བལྟས་པའི་དཔེ་ཆ་གསལ་པོར་ངེས་མི་ཐུབ་པར་དེ་ལས་ལྡོག་སྟེ་སྔོན་ཆད་བཀླགས་པའི་དཔེ་ཆ་སེམས་ལ་ཝ་ལེར་བཟུང་བ་འདི་རྒྱུ་མཚན་ཅི་ཞིག་རེད་ཅེས་དྲིས་བྱུང། ངས་ཅི་ཡང་མ་ཤེས་པས་མགོ་བོ་འཕྲེད་དུ་གཡུག། “<<གྷི་རིགས་ཀྱི་དཔལ་ཡོན་ཉམས་རྒུད>>་ཅེས་པ་དེ་གཞུང་དཔེ་ཞིག་རེད་སྙམ་ནས་དེ་ཉིད་བློར་བཙན་འཇུག་བྱས་པ་རེད། འདི་ལྟར་བློ་ངོར་འཇུག་ག་ལ་ནུས། དེ་ལས་སྔོན་ཆད་བལྟས་པའི་རྩོམ་རིག་བརྩམས་ཆོས། བསམ་བཞིན་བློ་ངོར་འཇུག་ཐབས་མ་བྱས་རུང་དེ་ལ་སྤྲོ་སྣང་སྐྱེ་བས་ཐེངས་དུ་མར་ཀློག འདི་ལྟར་ཤེས་མེད་ཚོར་མེད་ངང་ཁྱོད་ཀྱིས་བློ་ངོར་བཅུག་ཟིན་པ་རེད།” “དེས་ན་ངས་དཔེ་དེབ་འདི་ཅི་ལྟར་ཀློག་འདོན་བྱ་དགོས་སམ།“ “ཁྱོད་ཀྱིས་དེ་ཉིད་རྩོམ་རིག་གི་དཔེ་དེབ་བཞིན་ཀློག་ན་འགྲིག་གི་རེད།“ “འདི་ནི་གཞུང་ལུགས་ཀྱི་བརྩམས་ཆོས་ཤིག་རེད། འདི་ལྟ་བུའི་རྣམ་གཡེང་གི་རྣམ་འགྱུར་བཟུང་ན་ག་ལ་འགྲིག“ཅེས་བཤད་པ་ཡིན། ཨ་ཕས་གདོང་གི་འཛུམ་བོར་ཏེ་བདག་ལ་གཟབ་ནན་ངང་“ཁྱོད་ཀྱིས་ས་སྟེང་འདིའི་དཔེ་ཆ་ཡོད་དོ་ཅོག་ལ་ལྟ་སྟངས་གཅིག་འཛིན་དགོས། རིན་ཐང་ལྡན་ལ་དོན་སྙིང་ཅན་ཞིག་ཡིན་པ་ཐམས་ཅད་དཔེ་ཆ་ལེགས་པོ་ཡིན་པས་དེ་ལ་གཟབ་ནན་ཡིན་མ་ཡིན་གྱི་ཁྱད་པར་མེད། བློ་ངོར་བཙན་འཇུག་བྱེད་པ་དེ་ནི་སློབ་སྦྱོང་གི་ཁྲོད་དུ་བེད་སྤྱོད་བྱ་མི་ཐུབ། གལ་ཏེ་ཁྱོད་ཀྱིས་རྩོམ་རིག་བརྩམས་ཆོས་ཀློག་པ་ལྟར་དཔེ་ཆ་འདི་ཀློག་སྟེ་ཡང་དག་པའི་ངང་ངོས་འཛིན་བྱ་ཐུབ་ཚེ་ཁྱོད་ཀྱིས་དེའི་ཡིད་འགུག་གི་ནུས་པ་དེ་རྙ
ེད་ཐུབ་པར་མ་ཟད། དེ་ལྟར་ཐེངས་གཉིས་གསུམ་ཙམ་བཀླགས་པས་དེ་ཉིད་བློ་ལ་བཙན་འཇུག་བྱ་མ་དགོས་པར་ཁྱོད་ཀྱིས་དེའི་གོ་བ་ལོན་ཅིང་ཡིད་ལ་བཟུང་སྟེ་སྤྲོ་སྣང་ཡང་མི་དམན་པ་ཞིག་ཐོབ་ཐུབ་“ཅེས་གསུངས་བྱུང།
     ཨ་ཕའི་གཏམ་ལ་ཉན་རྗེས་ངས་ཨ་ཕས་བསླབ་པའི་བྱེད་ཐབས་བཞིན་གནའ་བོའི་གྷི་རིགས་ཀྱི་དཔལ་ཡོན་ཉམས་རྒུད་ཅེས་པ་དེ་ཀློག་པ་ཡིན། ཐོག་མར་བདག་གིས་དཔེ་ཆ་ཧྲིལ་པོའི་བརྗོད་བྱ་དང་བྱུང་ཚུལ་བློ་རུ་བཅུག་ཅིང་གོ་དཀའ་བའི་ཚན་པ་དང་ཚིག་དུམ་ལ་འཕྲད་དུས་གནས་སྐབས་སུ་བསྐྱུར་ཏེ་ཞིབ་ཕྲའི་ཞིབ་འཇུག་བྱེད་ཀྱི་མེད། ཕྱིས་སུ་ཐེངས་གཉིས་པ་དང་གསུམ་པར་ལྟ་དུས་ངས་གོ་མེད་ཚོར་མེད་ངང་རང་ཉིད་ཀྱིས་དེ་དག་ཐམས་ཅད་ཡིད་ལ་བཅུག་པ་ཤེས་སོང།

ལྔ། རྩིས་རིག་ཁྲིད་ཐབས།

     རྩིས་རིག་ནི་རང་བྱུང་ཚན་རིག་གི་བྱེ་བྲག་ཅིག་རེད། དེས་བྱིས་པའི་གཏན་ཚིགས་དང་མཐུན་པའི་བསམ་བློ་དང་གཏད་མེད་འཆར་ཡན་གྱི་ནུས་པ་གསོ་སྐྱོང་བྱ་ཐུབ། འོན་ཏེ་དེ་ནི་སྤྲོ་སྣང་བྲལ་ལ་རོ་བྲོ་བོར་བའི་རིག་ཚན་ཞིག་ཀྱང་རེད། དེ་ལ་སྤྲོ་སྣང་མངའ་བའི་མི་ཧ་ཅང་ཉུང་བར་མ་ཟད། ད་དུང་དེ་ལ་སྤྲོ་བ་འཕེལ་རྒྱུ་དཀའ་མོ་རེད། ཡིན་ནའང་དེ་ནི་བྱིས་པ་རྣམས་ཀྱིས་མི་སྦྱང་ཀ་མེད་དུ་གྱུར་པའི་ཤེས་བྱའི་ཚན་ཁག་ཅིག་རེད། པ་ལགས་ཀྱིས་སྔོན་ཐབས་བརྒྱ་ཇུས་སྟོང་གིས་ང་རང་རྩིས་རིག་ལ་སྤྲོ་སྣང་འཕེལ་དུ་བཅུག་ཡོད། ང་རང་གསོ་སྐྱོང་བྱེད་པའི་གོ་རིམ་ཁྲོད། ཨ་ཕས་རིག་ཚན་མཐའ་དག་གི་ཁྲོད་ན་བྱིས་པའི་བློ་འགུག་གི་ནུས་པ་དབེན་པ་རྩིས་རིག་ལས་སྡུག་པ་གཞན་མ་རྙེད། རིག་ཚན་གཞན་དག་སྟེ་སྐྱེ་ཁམས་དང། རི་དྭགས། ས་ཁམས་རིག་པ་བཅས་རྩིས་རིག་དང་བསྡུར་ཚེ་དེ་དག་ཚང་མ་རང་བྱུང་ཁམས་ཆེན་མོར་དངོས་སུ་འབྲེལ་མཐུད་བྱ་ཐུབ་ལ་སྤྲོ་དགའི་རྩེད་འཇོའི་ཁྲོད་ཤེས་བྱ་མང་པོ་སློབ་ཐུབ་པས་བྱིས་པའི་སྤྲོ་སེམས་རང་བཞིན་གྱིས་འཕེལ་ངེས། རྩིས་རིག་ཁོ་ན་ནི་ལྐོག་གྱུར་གྱི་རིག་ཚན་ཞིག་ཡིན་པས་རང་ཉིད་ཀྱི་བསམ་བློ་ནུས་སྟོབས་ཁོ་ནར་བརྟེན་པ་ལས་རྩེད་འཇོར་དགའ་བའི་བྱིས་པས་སྤྲོ་སྣང་བྲལ་བ་ཞིག་ཏུ་ཚོར་འགྲོ
     དང་པོ་ནས་ང་རང་རྩིས་རིག་ལ་མི་དགའ་བ་ཨ་ཕའི་ཉིན་ཐོ་ལས་ཤེས་ཐུབ། ཨ་ཕས་སྔ་མོ་ནས་རྩེད་མོའི་ཐབས་ལམ་བརྒྱུད་དེ་གྲངས་ཀ་རྩིས་ཚུལ་དང་དེ་ངོས་འཛིན་ཚུལ་རྣམས་ཚེགས་མེད་ངང་བདག་ལ་བསླབས་པར་མ་ཟད། ད་དུང་ཉོ་ཚོང་གི་རྩེད་མོ་རྩེ་བཞིན་བདག་ལ་སྒོར་མོ་རྩིས་ཚུལ་ལས་སླ་པོའི་ངང་ཁྲིད། དེ་ལྟ་ནའང་ཁོས་ང་ལ་སྒྱུར་ཐབས་མན་ངག་སློབ་དུས་དཀའ་ངལ་ལ་འཕྲད་བྱུང། འདི་ནི་ང་རང་སྐྱེས་པ་ནས་བཟུང་སློབ་སྦྱོང་ལ་ཞེན་ཁ་ལོག་ཐེངས་དང་པོ་རེད། ཕྱིས་སུ་ཁོས་སྒྱུར་ཐབས་མན་ངག་གཞས་ཚིག་ཏུ་བསྒྲིགས་ཏེ་ང་ལ་ལེན་དུ་བཅུག་ཀྱང་ད་དུང་སྤྲོ་བ་འཕེལ་མ་སོང།
     ཐུགས་ཁུར་ཞིག་འདི་ལྟར་ཨ་ཕའི་སྙིང་ཁར་མདའ་བཞིན་ཟུག་པས་ཁོས་ང་ལ་འདིའི་ཐད་ལྷན་སྐྱེས་ཀྱི་མི་འདང་བའི་ཆ་ཞིག་མཆིས་སམ་སྙམ་ཡང་ཁོ་བསམ་བློའི་འཁྱེར་སོ་འདི་ལ་གདེང་མ་ཐོབ། དེར་མཐུད་ནས་ཁོས་ཅི་ཞིག་ལ་ཁ་ཨར་ཤེས་བྱ་གཞན་དག་གི་ཐད་ལ་འདི་ལྟ་བུའི་གྲུབ་འབྲས་ལྡན་ཞིང་འཕེལ་རྒྱས་མྱུར་བ་ཞིག་དང། དེ་ལས་རྩིས་རིག་ལ་འདི་ལྟ་བུའི་སུན་སྣང་སྐྱེས་པ་ཡིན་ནམ། འདི་ཁ་ཨར་གྱིས་སློབ་སྦྱོང་ལ་དགའ་ཕྱོགས་གཙོ་གཉེར་བྱས་པ་ཨེ་ཡིན་ནམ་སྙམ། དེ་ནི་བྱིས་པའི་ཕུགས་བསམ་སྨིན་བྱེད་ཀྱི་ལུད་རྫས་འོས་འཚམ་ཞིག་མིན་པ་མངོན་གསལ་རེད། ཁོའི་ཕུགས་བསམ་ནི་ང་རང་སྒོ་ཀུན་ནས་ཆ་མཉམ་ངང་ཡར་རྒྱས་གཏོང་རྒྱུ་དང། ཤེས་འཇོན་ཅན་ཞིག་ཏུ་གྱུར་པ་དང་མཉམ་དུ་དོན་དམ་གྱི་བདེ་སྐྱིད་ཚོར་ཐུབ་པ་ཞིག་བྱེད་རྒྱུ་དེ་རེད། ཕྱོགས་གཅིག་ཡར་རྒྱས་ཅན་གྱི་མི་དེ་ཁ་ཞེ་གཉིས་མེད་ཀྱི་བདེ་སྐྱིད་ཅིག་ཏུ་གཏན་ནས་ཆགས་མི་སྲིད།
ང་རང་རྩིས་རིག་ལ་སྤྲོ་སྣང་དབེན་པའི་དུས་སྐབས་དེའི་རིང་ཕ་རྒན་སེམས་ངལ་གྱི་གཡང་ལ་ལྷུང་། དེ་ལྟ་ནའང་ཁོས་ད་དུང་བདག་ལ་སྒྱུར་ཐབས་མན་ངག་བཙན་གྱིས་བློ་འཛིན་བྱེད་དུ་བཅུག་མེད། ཁོས་བཙན་ཚུགས་ལ་ཕན་འབྲས་མེད་པའི་ཡིད་ཆེས་བརྟན་པོ་བྱེད་པར་མ་ཟད། བྱིས་པའི་སེམས་ཁམས་ལའང་མི་ལེགས་པའི་ཤུགས་རྐྱེན་སླ་བའི་ཡིད་ཆེས་བྱེད།
     ཐེངས་ཤིག་ཨ་ཕ་དང་སློབ་དཔོན་ཆེན་མོ་ལོ་སུན་པུ་ལོ་མའོ་གཉིས་མ་གྲོས་གཅིག་ཏུ་མཇལ་བས་ཨ་ཕའི་སེམས་ངལ་སེལ་སོང། སློབ་དཔོན་ཆེན་མོ་སོ་སུན་པུ་ལོ་མའོ་ནི་ཆོས་དཔོན་གྱི་གྲོགས་པོ་ཡིན། ཁོ་ནི་རྩིས་རིག་སློབ་དཔོན་ཞིག་སྟེ། ཁོས་རྩིས་རིག་ཁྲིད་ཐབས་ནི་དངོས་ནས་མཆོག་ཏུ་གྱུར་པ་ཞིག་རེད། ཐེངས་ཤིག་ཨ་ཕ་ཆོས་དཔོན་ལ་གཟིགས་སྐོར་དུ་འགྲོ་དུས་ཁོ་རང་ཁྱིམ་དེའི་སློབ་དཔོན་ཆེན་མོ་དང་མཇལ།
ཨ་ཕའི་དཀའ་ངལ་ལ་གསན་རྗེས། སློབ་དཔོན་ཆེན་མོོ་མོ་སུན་པུ་ལོ་མའོ་ཡིས་ཚིག་གཅིག་གིས་དཀའ་བའི་འགག་འཕྲང་གཏོར། གལ་ཏེ་བྱིས་པར་རྩིས་རིག་སློབ་པའི་སྤྲོ་སེམས་མེད་ན། དེ་ནི་ཕྱོགས་མཐའ་ཅན་གྱི་འཕེལ་རྒྱས་གཏན་ནས་མིན་པར་དེ་ལས་ཁྱོད་ཀྱི་ཁྲིད་ཐབས་ནོར་བ་རེད། རྒྱུ་མཚན་ནི་ཁྱོད་ཀྱིས་སྤྲོ་སྣང་ལྡན་པའི་ངང་ཁོ་ལ་རྩིས་རིག་བསླབ་མ་ཐུབ་པས་ཁོས་ཀྱང་སྤྲོ་བ་མེད་པའི་ངང་སྦྱངས་པ་རེད། ཁྱོད་རང་ཉིད་སྐད་བརྡ་རིག་པ་དང། རོལ་དབྱངས། རྩོམ་རིག ལོ་རྒྱུས་བཅས་ལ་དུངས་པས་སྤྲོ་སྣང་ལྡན་པའི་ངང་ཤེས་བྱ་འདི་དག་ཁྲིད་ཐུབ།   རི་དྭགས་རིག་པ་དང།   སྐྱེ་དངོས་རིག་པ།   ས་ཁམས་རིག་པ་བཅས་ཁྲིད་པར་ཡང་བྱེད་ཐབས་ཤིག་ཡོད།   ཁྱོད་ཀྱི་བྱིས་པས་ཀྱང་ལེགས་པོ་སློབ་ཐུབ།   ཡིན་ནའང་རྩིས་རིག་ནི་ཁྱོད་རང་ཉིད་དེ་ལ་དགའ་བ་མེད་པས་རོ་བྲོ་ལྡན་པའི་ངང་ཁྲིད་མི་ཐུབ་ཕྱིར་བྱིས་པའང་རྩིས་རིག་སློབ་པར་སུན་སྣང་སྐྱེ་ཡོད་ཅེས་བརྗོད། དེར་མཐུད་ནས་ཕུལ་དུ་བྱུང་བའི་མཁས་པ་འདིས་ལྷག་བསམ་ཁོལ་བའི་ངང་ཨ་ཕར་རྩིས་རིག་ཁྲིད་པའི་བྱེད་ཐབས་འགའ་བསླབས།  ཁོས་ཐབས་ལམ་འདི་དག་སྤྱད་དེ་བདག་ལ་རྩིས་རིག་ཁྲིད་རྗེས་གྲུབ་འབྲས་ནི་དངོས་གནས་མི་དམན་པ་ཞིག་རེད།
     སྐབས་ཐོག་དེར་སློབ་དཔོན་ཆེན་མོ་ལོ་སུན་པུ་ལོ་མའོ་ཡིས་བདག་གི་ཨ་ཕར་བསམ་འཆར་འདི་ལྟར་བཏོན། ཐོག་མར་བྱིས་པ་རྩིས་རིག་ལ་སྤྲོ་སྣང་སྐྱེ་རུ་འཇུག་དགོས། དཔེར་ན། སྲན་རྡོག་དང་སྒྲོག་གུ་ཤོག་ཐུམ་དུ་བཅུག་སྟེ་ཕ་བུ་གཉིས་ཀྱིས་རེ་རེ་བཞིན་བླངས་ཏེ་སུར་མང་ལ་བལྟ་དགོས། ཡང་ན་རྒུན་འབྲུམ་སོགས་ཤིང་ཏོག་ཟ་དུས་དེ་དག་འབྲུ་གུའི་གྲངས་ལེན་པའམ། ཡང་ན་གཡོག་མོར་རོགས་རམ་བྱས་ཏེ་སྲན་མ་འཐུ་དུས་ཕྱོགས་གཅིག་ནས་འཐུ་བ་དང་ཕྱོགས་གཞན་ནས་རྣམ་པ་མི་འདྲ་བའི་སྲན་མའི་གང་བུ་རེ་རེའི་ནང་སྲན་རིལ་ཅི་ཙམ་ཡོད་མེད་བརྩི་དགོས།
     དེ་མིན་བྱིས་པ་དང་མཉམ་དུ་ཤོ་རྡེའུ་གཡུག་པའི་རྩེད་མོ་རྩེ་ཆོག་སྟེ། ཐོག་མར་ཤོ་རྡེའུ་གཉིས་ཀྱིས་རྩེ་བ་དང། རྩེད་ཐབས་ནི་ཤོ་རྡེའུ་གཉིས་མཉམ་གཅིག་ཏུ་གཡུག་རྒྱུ་དེ་རེད། གལ་ཏེ་གསུམ་དང་བཞི་བྱུང་ཚེ། དེ་གཉིས་བསྡོམས་ན་སྐར་མ་བདུན་ཐོབ་པ་དང། གལ་ཏེ་གཉིས་དང་བཞིའམ། གསུམ་དང་གསུམ་འོང་ན།  སྐར་མ་དྲུག་ཐོབ།   སྐར་གྲངས་འདི་དག་རེ་རེ་བཞིན་ཤོག་བུར་ཟིན་ཐོར་འགོད་དགོས་ལ་རྩེད་ཐེངས་གསུམ་མམ་ལྔའི་རྗེས་སུ་སྡོམ་རྩིས་བྱས་ཏེ་རྒྱལ་ཕམ་གྱི་དབྱེ་བ་འབྱེད་དགོས།
     དེ་དུས་ང་རང་རྩེད་མོ་འདིའི་རིགས་ལ་ཧ་ཅང་དགའ། སྨྲ་མི་དགོས་པ་ཞིག་ལ།  ང་རང་རྩེད་མོ་འདི་འདྲའི་རྩེད་དགའི་ཀློང་ལ་ཞུགས་རྗེས་ཕ་རྒན་གྱིས་སྔར་བཞིན་སློབ་དཔོན་ཆེན་མོ་ལོ་སུན་པུ་ལོ་མའོ་ཡི་བསམ་འཆར་ལྟར་ཐེངས་རེའི་རྩེད་མོ་དེ་སྐར་མ་གཅིག་ལས་བརྒལ་དུ་མི་འཇུག   རྒྱུ་མཚན་ནི་རྩིས་རིག་གི་རྩེད་མོ་མཐའ་དག་གིས་ཀླད་ཤུགས་ཆེས་ཆེར་ཟ་པས་རྩེད་ཐེངས་གཅིག་སྐར་མ་གཅིག་ལས་བརྒལ་ན་ངལ་ཞིང་དུབ་ངེས།  རྩེད་མོ་འདི་བདུན་ཕྲག་གསུམ་ལྷག་ལ་རྩེས་རྗེས་ང་ཚོས་ཤོ་རྡེའུ་གསུམ་མམ་བཞི།    ཆེས་མང་དུས་དྲུག་ཏུ་བསྒྱུར་བ་ཡིན།
     དེ་དང་ཆབས་ཅིག་ང་ཚོས་སྲན་རྡོག་དང་། སྒྲོག་གུ་རྣམས་ཚོགས་གཉིས་རུ་གཅིག་ཅན་གྱི་ཁག་གཉིས་སམ་གསུམ་དུ་བགོ་བའམ།  ཚོགས་གསུམ་རུ་གཅིག་ཅན་གྱི་ཁག་་་་་གསུམ་མམ་བཞི་བཅས་སུ་བགོས་ཏེ་དེ་དག་གོ་རིམ་བཞིན་བསྒྲིགས་ཏེ་ཁག་རེ་རེའི་མང་ཉུང་བརྩིས་ནས་མཇུག་འབྲས་ཤོག་བུའི་སྟེང་བཀོད་ལ། ཕྱིས་སུ་གྲུབ་འབྲས་འདི་དག་སྒྱུར་ཐབས་མན་ངག་ཏུ་བཀོད་དེ་རྩིག་གྱང་སྟེང་བཀལ། འདི་ལྟར་འོང་ཚེ་གཉིས་གཉིས་བཞིའམ་གསུམ་གསུམ་དགུ་ཡི་གནས་ལུགས་བག་ཕེབས་ངང་ཤེས་ཐུབ་པར་མ་ཟད། དགའ་སྤྲོའང་ཧ་ཅང་ཆེ། དེ་ལས་རྙོག་ཟིང་ཆེ་བའི་རྩེད་མོ་འདི་རིགས་བསྒྲེས་ནས་མུ་མཐུད་དེ་རྩེད་ཆོག
     ངས་མ་འོངས་པར་རྩིས་རིག་ཤེས་བྱ་དངོས་ཡོད་འཚོ་བའི་ཁྲོད་བེད་སྤྱོད་གཏོང་ཕྱིར་ཨ་ཕས་དུས་རྒྱུན་ང་དང་ལྷན་དུ་ཚོང་ཁང་ནང་ཉོ་ཚོང་བྱེད་པའི་ཚུལ་གྱི་རྩེད་མོ་རྩེ། བཙོང་དགོས་པའི་ཚོང་ཟོང་རྣམས་རིང་ཐུང་ལྟར་བརྩི་དགོས་ལ་མང་ཉུང་ལྟར་ཡང་བརྩི་དགོས་པར་མ་ཟད།    ཚད་གཞི་ལྟར་ཡང་བརྩི་དགོས།   རིན་གོང་ནི་དངོས་ཡོད་ཀྱི་རིན་གོང་ཡིན་ལ་དངུལ་ཡང་ཤོག་དངུལ་ངོ་མ་རེད།   ཁོང་དང་ཨ་མ་གཉིས་དུས་རྟག་ཏུ་ངས་ཕྱེས་པའི་ཚོང་ཁང་དུ་འོང་སྟེ་དངོས་ཟོག་འདྲ་མིན་ཉོ་བ་དང།   དངུལ་ལོ་གཏོང་སྤྲོད་བྱེད།   ངས་ཀྱང་རིན་གོང་ལྟར་རྩིས་བརྒྱབ་སྟེ་ཁོ་ཚོར་དངུལ་སིལ་མའང་སློག་གིན་ཡོད།
ཨ་ཕས་འདི་ལྟར་སློབ་དཔོན་ཆེན་མོ་ལོ་སུན་པུ་ལོ་མའོ་ཡི་ཐབས་ལམ་གྱིས་བདག་ལ་བསླབས་ཏེ་ཅང་མ་འགོར་བར་ང་རང་རྩིས་རིག་ལ་སྤྲོ་སྣང་ཟབ་མོ་ཞིག་འཕེལ་བྱུང། ང་རང་རྩིས་རིག་ལ་སྤྲོ་སྣང་འཕེལ་ཟིན་པའི་རྐྱེན་གྱིས་ཕྱིས་ཀྱི་རྩིས་རིག་སློབ་སྦྱོང་དེ་ཆུ་བོའི་འགྲོས་དང་འདྲ་བར་ཚབ་རྩིས་དང་དབྱིབས་རྩིས་གཉིས་ཐོག་མཐའ་གཉིས་ལ་ཐོགས་རྡུགས་མེད་པར་བསླབས། ཕྱིས་སུ་ང་རང་ལ་སྤྲོ་སྣང་ལྡན་པས་མི་ཚད། ཐ་ན་རྩིས་རིག་རིག་ཚན་འདིར་སེམས་གཏིང་ནས་དགའ་པོ་བྱུང། (འཕྲོས་དེབ་རྗེས་མར་མུ་འགོད།)

རྩོམ་ཡིག་འདི་ནི་<<ཁ་ཨར་ཝ་ཐིའི་སློབ་གསོ>>་ཞེས་པའི་རྒྱ་འགྱུར་མའི་དེབ་ལས་བདམས་ཏེ་བསྒྱུར།

མདུན་ཤོག