ཚེ་ཏན་ཞབས་དྲུང༌།
བོད་གངས་ཅན་གྱི་ལྗོངས་སུ་གཙུག་ལག་རིག་པའི་མེ་ཏོག་ཚོམ་བུ་རྒྱ་རིས་སུ་མ་ཆད་པར་འཛུམ་པའི་དགའ་སྟོན་རོལ་སླད་དུ། འཇམ་མགོན་ཐོན་མི་སཾ་བྷོ་ཊ་ནས་བཟུང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་འཇིག་རྟེན་མིག་ཏུ་གྱུར་པ་རིམ་བྱོན་གྱིས་ལེགས་སྦྱར་གྱི་སྐད་དེ་ཉིད་བོད་སྐད་དང་མཐུན་པར་ཇི་ལྟར་བསྒྱུར་བའི་ཚུལ་ལས་བརྩམས་སྟེ་སྨྲ་བའི་སྒོ་དབྱེ་བ་ནི་འདི་ལྟར།
དང་པོ། བོད་ཡིག་གི་དབྱངས་གསལ་ལེགས་སྦྱར་གྱི་དབྱངས་གསལ་ལ་བརྟེན་ནས་འདོར་ལེན་བྱས་པའི་སྒོ་ནས་གྲུབ་ཚུལ།
གནའ་དུས་རྒྱ་གར་གྱི་སྐད་རིགས་ལ་ལེགས་སྦྱར་གྱི་སྐད། ཡུལ་མི་རང་བཞིན་པའི་སྐད། ཤ་ཟའི་སྐད། ཟུར་ཆག་གི་སྐད་དེ་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་གི་མཆོག་ཏུ་གྱུར་པ་སཾ་སྐྲྀ་ཏ་ཞེས་པ་བོད་སྐད་དུ་བསྒྱུར་ན་ལེགས་སྦྱར་ཞེས་པའོ། །དེ་ལྟར་རྒྱ་གར་དུ་སྐད་རིགས་ཆེན་པོ་བཞི་ཡོད་པ་ནི། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་སུ་འཕགས་པ་འོད་སྲུངས་ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱས་བཀའ་བསྡུ་བ་དང་པོ་མཛད་པའི་མཐར་སོ་སོར་ཐར་པའི་མདོ་འདོན་པ་ན་རྒྱལ་རིགས་ལས་བྱུང་བ་འཕགས་པ་སྒྲ་གཅན་འཛིན་གྱིས་ལེགས་སྦྱར་སྐད་དུ་འདོན་པ་དང༌། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་འོད་སྲུངས་ཀྱིས་ཟུར་ཆག་གི་སྐད་དང༌། དམངས་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཉེ་བ་འཁོར་གྱིས་ཤ་ཟའི་སྐད་དང༌། རྗེ་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཀ་་ནས་ཐ་མལ་བའི་སྐད་དམ་ཡུལ་མི་རང་བཞིན་པའི་སྐད་ཀྱིས་འདོན་པར་འདུལ་བའི་གཞུང་ན་གསལ་བར་གསུངས་ཡོད་དོ། །
དེ་ཡང་ལེགས་སྦྱར་སྐད་ཀྱི་ཡི་གེ་ལ་དབྱངས་དང་གསལ་བྱེད་གཉིས་སུ་གྲངས་ངེས་ལ། དབྱངས་གསལ་དེའི་གྲངས་ཀ་ལ་བརྡ་སྤྲོད་པའི་གཞུང་དུ་མི་འདྲ་བ་མང་པོ་སྣང་སྟེ། སྒྲ་ཀ་ལཱ་པའི་གཞུང་ལྟར་ན་དབྱངས་ཡིག་བཅུ་གཅིག་དང་གསལ་བྱེད་སོ་བདུན། སྒྲ་ཙཱ་པའི་གཞུང་ལྟར་ན་དབྱངས་ཡིག་བརྒྱ་དང་སོ་གཉིས། གསལ་བྱེད་བཞི་སྟོང་སུམ་བརྒྱ་དང་དྲུག སྒྲ་དབྱངས་ཅན་མ་ལྟར་ན་དབྱངས་བཅུ་དགུ་དང་གསལ་བྱེད་སོ་གསུམ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་གཞུང་ལྟར་ན་དབྱངས་ཡིག་ཉེར་གཉིས་དང༌། གསལ་བྱེད་སོ་བདུན་ཡོད་ཀྱང༌། རྒྱུགས་ཆེ་བ་ནི་དབྱངས་ལ་བཅུ་དྲུག་དང༌། གསལ་བྱེད་ལ་སོ་བཞི་ཡོད་དོ། །དབྱངས་བཅུ་དྲུག་ནི། ཨ་ཨཱ་ཨི་ཨིའ་ཨུ་ཨཱུ་རྀ་རྀའ་ལྀ་ལྀའ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། གསལ་བྱེད་སོ་བཞི་ནི། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྟེ་དབྱངས་གསལ་གཉིས་ཀ་བསྡོམས་ན་ལྔ་བཅུ་ཐམ་པ་ཡོད་དོ། །འོ་ན་དེ་དག་ལས་བོད་ཡིག་གསར་བཟོ་མཛད་སྐབས་འདོར་ལེན་ཇི་ལྟར་བྱས་པ་ཡིན་ཞེ་ན། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བློན་པོ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བཟོ་སྐབས་ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་ཨ་ཨི་ཨུ་ཨེ་ཨོ་ལྔ་ཙམ་བླངས་ཏེ་ཨ་ཡིག་ལ་དབྱངས་ཀྱི་མིང་མ་བཏགས་པར་གསལ་བྱེད་ཀྱི་གྲས་སུ་བཞག གཞན་ཨི་ཨུ་ཨེ་ཨོ་བཞི་ལ་རིམ་པར་གི་གུ་ཞབས་ཀྱུ་འགྲེང་བུ་རྣ་རུ་ཞེས་པའི་མིང་བཏགས་ནས་དེ་བཞིའི་མཚོན་བྱེད་ལ་ ི ུ ེ ོ འདི་འདྲའི་ཡིག་གཟུགས་བཟོས་ཏེ་འདི་ལ་བོད་ཀྱི་དབྱངས་བཞི་ཞེས་འབོད་དོ། །
ལེགས་སྦྱར་ཀྱི་གསལ་བྱེད་སོ་བཞི་ལས། འཐུག་པོ་ལྔ་ཟེར་བ་གྷ་ཛྷ་ཌྷ་དྷ་བྷ་ལྔ་དང༌། ལོག་པ་ལྔ་ཟེར་བ་ཊ་ཋ་ཌ་ཎ་ཥ་ལྔ་དང༌། མཇུག་མཐའི་ཀྵ་ཡིག་སྟེ་བཅུ་གཅིག་བོད་ཡིག་དངོས་ལ་མི་མཁོ་བས་དོར་བར་མཛད། ལེགས་སྦྱར་སྐད་ལ་མི་མཁོ་ཡང་བོད་ཀྱི་སྐད་ལ་ངེས་པར་མཁོ་བ་གསལ་བྱེད་ཀྱི་སྟོད་དུ་ཅ་ཆ་ཇ་གསུམ་དང༌། གསལ་བྱེད་ཀྱི་སྨད་དུ་ཞ་ཟ་འ་གསུམ་གྱི་ཡི་གེ་བོད་ཀྱི་སྐད་གདངས་དང་མཐུན་པའི་ཡིག་གཟུགས་གསར་དུ་བཟོས་པ་བསྣན། གསལ་བྱེད་ལ་ཡིག་འབྲུ་བཞི་རེར་སྡེ་པ་གཅིག་གི་མི་བཏགས་ནས་སྡེ་པ་རིལ་པོ་བདུན་དང་སྡེ་པ་ཕྱེད་པ་གཅིག་སྟེ། ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཞེས་པ་གསལ་བྱེད་སུམ་ཅུ་དང༌། བོད་ཡིག་ལ་དབྱངས་གསལ་སོ་བཞི་འདི་ལས་མང་མི་དགོས་ཉུང་ན་མི་འདུ་བའི་གྲངས་བཅད་གཏན་ལ་ཕབ་བོ། །ལེགས་སྦྱར་སྐད་ཀྱི་བཀའ་དང་བསྟན་བཅོས་མི་རིགས་གཞན་པའི་སྐད་ཡིག་ཏུ་བསྒྱུར་པ་གང་མང་ཡོད་ནའང༌། བོད་སྐད་དུ་བསྒྱུར་བའི་བཀའ་དང་བསྟན་བཅོས་རྣམས་ཀྱི་མིང་དང༌། ཚིག་དང༌། མིང་ཚིག་དོན་དང་སྦྱར་ཚུལ་གང་གི་ཐད་ནས་ཀྱང་གཞན་ལས་མཆོག་ཏུ་གྱུར་པའི་མིང་གྲགས་དང་ལྡན་པའི་རྒྱུ་མཚན་ནི། བོད་ཡིག་གི་དབྱངས་གསལ་ལེགས་སྦྱར་གྱི་དབྱངས་གསལ་ལ་བརྟེན་ནས་གསར་དུ་བཟོས་པ་དང༌། བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་ཀྱི་རྣམ་གཞག་སྒྲ་གཞུང་ལ་བརྟེན་ནས་བརྩམས་ཏེ་བོད་ཀྱི་སྐད་དང་མཐུན་པར་དར་སྤེལ་བྱས་པའི་གནད་དམ་པ་འདི་ལ་ཐུག་གོ། །ཁྱད་པར་དུ་སྔགས་ཡིག་ཀློག་པའི་གདངས་ཀྱིས་དབང་དུ་བྱས་ན་ཡང༌། ཆ་ཐམས་ཅད་ནས་ལེགས་སྦྱར་གྱི་གདངས་ཇི་མ་ཇི་བཞིན་པ་ཞིག་མི་ཐོན་ཡང༌། མི་རིགས་གཞན་པའི་ཀློག་གི་གདངས་དང་གཤིབས་ནས་བལྟས་ན་བོད་མིའི་ཀློག་གདངས་ལེགས་སྦྱར་གྱི་གདངས་དང་ཧ་ཅང་ཉེ་བའི་རྒྱུ་མཚན་ཡང་གོང་སྨོས་ཀྱི་རྒྱུ་མཚན་དེ་དག་ལ་བརྟེན་པའི་དབང་གིས་ཡིན་ནོ། །
གཉིས་པ། བོད་ཡིག་གསར་བཟོས་ལ་བརྟེན་ནས་བོད་སྐད་དང་མཐུན་པར་མིང་དང་ཚིག་ཇི་ལྟར་སྦྱོར་ཚུལ།
དེ་ལྟ་བུའི་ཡི་གེ་ལ་མིང་གཞི། སྔོན་འཇུག རྗེས་འཇུག ཡང་འཇུག མགོ་འདོགས་ཀྱི་རྣམ་གཞག་ཆ་ཚང་བ་ཞིག་བཟོས་པ་ལ་བརྟེན་ནས་བོད་རང་གི་སྐད་བརྡ་དང་མཐུན་པར་མིང་དང་ཚིག་ཇི་ལྟར་གྲུབ་ཅེ་ན། མིང་ལ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་ལས། དང་པོ་འདོད་རྒྱལ་གྱི་མིང་ལ་དཔེར་ན། ས་ཆུ་མེ་རླུང་ལྟ་བུའི་འབྱུང་བ་བཞི་དང༌། གཅིག་བཅུ་བརྒྱ་སྟོང་སོགས་གྲངས་ཀྱི་གནས་དང༌། མིག་རྣ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ་དང༌། སྔོ་སེར་དཀར་དམར་ཏེ་རྩ་བའི་ཁ་དོག་བཞི་རྣམས་ཀྱི་མིང་རྣམས་ནི་གནའ་དུས་ཐོག་མ་ཉིད་ནས་རང་རང་གི་མོས་འདོད་ལྟར་དུ་བཏགས་པའི་མིང་ལས་དེ་རེ་རེ་ལ་སྒྲ་བཤད་དུ་མེད་པས་ན་འདོད་པ་ལ་རྒྱལ་ཁ་བྱིན་པའི་མིང་དང༌། རྗེས་གྲུབ་ཀྱི་མིང་ནི། དཀར་ཡོལ་ཞེས་པ་རྡོ་དཀར་གོང་ལས་བཟོས་པའི་ཡོལ་གོ་ཡིན་པས་ན་ཇ་འཐུང་སྣོད་དཀར་ཡོལ་གྱི་མིང་དེའི་ཡི་གེ་རེ་རེ་ནས་སྒྲ་བཤད་དུ་ཡོད་པ་དང༌། དེ་བཞིན་དུ་དབུས་ཀྱི་འབྲས་སྤུངས་དགོན་པ་ཞེས་པ་རྒྱབ་རི་ལ་རྡོ་དང་ཕ་བོང་དཀར་པོ་མང་པོ་ཡོད་པ་དེ་འབྲས་དཀར་གྱི་ཕུང་པོ་སྤུངས་པ་དང་འདྲ་བའི་ཆ་ནས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཞེས་བཏགས་པ་དང༌། རྒྱ་མཚོའི་ནང་གནས་པའི་སྲོག་ཆགས་ཆུ་སྲིན་ཞེས་པ་གཏུམ་པོ་དང་དམུ་རྒོད་ཅན་ཡོད་པས་རྒྱ་མཚོའི་ནང་གི་སྲིན་པོ་ཞེས་བཏགས་པ་དང༌། བྱིས་པ་ཁ་ཆེ་ཞིང་སྣ་ཉག་པ་ཅན་ལ་སེང་གེ་ཞེས་བཏགས་པ་ནི་ཁ་ཆེ་བ་དང་གདོང་པ་རྐོ་རྐོ་ཅན་ཡིན་པའི་ཆ་ནས་སེང་གེ་དང་འདྲ་བར་བཏགས་པ་སོགས་དེ་འདྲ་མང་པོ་ཡོད་པ་དེ། དེས་རིགས་བསྒྲེས་ནས་གཞན་རྣམས་ཀྱང་ཤེས་པར་བྱའོ། །
དེ་ཡང་འཕུལ་རྟེན་དང་མགོ་འདོགས་དབྱངས་རྣམས་མེད་པའི་ཡི་གེ་རྐྱང་པ་ཅན་གྱི་མིང་དཔེར་ན། སྨྲ་བྱེད་ཀྱི་ཁ། ཆུ་ནང་གི་ཉ། གཅན་གཟན་ཝ་ཞེས་པ་ལྟ་བུ་དང༌། ཡི་གེ་རྐྱང་པ་གཉིས་འདུས་ཅན་གྱི་མིང་ལ། གདུང་མ་འདེགས་བྱེད་ཀྱི་ཀ་བ་ཞེས་པ་དང༌། བུར་ཤིང་ལས་གྲུབ་པའི་རོ་མཆོག་ཅན་ལ་ཀ་ར་ཞེས་པ་དང༌། བཟའ་བ་སྤྱིའི་མིང་ལ་ཟ་མ་ཞེས་བརྗོད་པ་ལྟ་བུའོ། །
ཡང་མིང་གཞི་དང་རྗེས་འཇུག་འདྲ་མཚུངས་ཀྱི་མིང་རྐྱང་ཅན་ལ་ཡང་འཇུག་ས་མཐའ་སྦྱར་བ་དང་མ་སྦྱར་བའི་སྒོ་ནས་ཁྱད་པར་འབྱེད་དགོས་པའི་སྐོར་ལ། ཁ་དོག་ནག་པོ་དང་ནགས་ཚལ། སྣུམ་ཞག་དང་ཐག་ཞགས། ཡི་གེའི་ཚེག་དང་བྱ་དཀའ་བའི་ཚེགས། སྟེང་མའི་ཐོག་དང་ཐུག་པའི་ཐོགས་ལྟ་བུ་སྟེ། དེ་འདྲ་རེ་རེ་ནས་བརྗོད་པས་མི་ལང་བ་ཡོད་དོ། །
ཡང་རང་སྐད་དང་མཐུན་པའི་དུས་གསུམ་བདག་གཞན་བྱ་བྱེད་ལས་གསུམ་སྟོན་པའི་ལས་ཚིག་ཅེས་པ་ནི་རྟགས་འཇུག་གི་བརྗོད་བྱ་རྨད་དུ་བྱུང་བ་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བ་དཔེར་ན། བསྒྲིག་བྱ་སྒྲིག་བྱེད་བསྒྲིགས་ཟིན་སྒྲིགས་ཤིག གཅད་བྱ་གཅོད་བྱེད་བཅད་ཟིན་ཆོད་ཅིག གཞོམ་བྱ་འཇོམས་བྱེད་བཅོམ་ཟིན་ཆོམས་ཤིག་སོགས་མི་རིགས་གཞན་པའི་སྐད་ལ་མེད་པའི་ལས་ཚིག་ཁྱད་ཆོས་འབུམ་ལྡན་འདི་ནི་གླེང་བསླངས་པ་ཙམ་ལས་ཞིབ་ཏུ་སྨོས་ན་མང་བར་འགྱུར་དོགས་ནས་དེ་ཙམ་གྱིས་ཆོག་པར་བྱའོ། །
དེ་འདྲའི་མིང་དུ་མ་ལྷན་གཅིག་ཏུ་འདུས་པ་ལས་ཚིག་ཏུ་གྲུབ་པའི་ཚུལ་ནི། ཐོག་མར་དངོས་པོ་གང་དང་གང་གི་མིང་དེ་མིང་རྐྱང་ཡིན་པ་ལ། དེར་བོད་ཀྱི་སྒྲ་རིག་པ་སུམ་ཅུ་པ་དང་རྟགས་འཇུག་གི་གཞུང་ནས་འབྱུང་བ་ལྟར་རྣམ་དབྱེ་བརྒྱད་དང་ཚིག་ཕྲད་རྣམས་གང་ལ་གང་འོས་སུ་སྦྱར་བས་དཔེར་ན། དགྲ་མ་ཡོང་གོང་གི་དོགས། ཆུ་མ་ཡོང་གོང་གི་རགས་ཅེས་པ་དང༌། མཁས་པས་བཤད་ན་ཅི་ཡང་བདེན། །སྙན་ངག་མཁན་ལ་ཅི་ཡང་རྒྱན། །ཞེས་པ་དང༌། ཡོན་ཏན་མེད་པའི་ཁ་དེ་ནི། །ས་ཡི་བུ་ག་དག་དང་མཚུངས། །ཞེས་པ་དང༌། གཞོན་པའི་དུས་ན་ཕ་མའི་དབང་གྱུར་ལ། །དར་ལ་བབ་ནས་ཁྱིམ་ཐབ་དབང་དུ་གྱུར། །རྒས་པའི་དུས་ན་བུ་ཚའི་དབང་འགྱུར་བས། །བླུན་པོ་རང་དབང་རྟག་ཏུ་ཡོད་མ་ཡིན། །ཞེས་པ་ལྟ་བུའི་ཁ་དཔེ་དང༌། ལེགས་བཤད་ཀྱི་ཚིག་རྣམས་གང་འདོད་དུ་འབྱུང་བ་དང༌། ལྷག་བསམ་རྣམ་དག་བྱ་ལམ་ཡངས་པའི་གཞིར། །སྡེབ་ལེགས་ཚིག་གི་རྒྱུ་སྐར་ཕྲེང་བཀོད་ནས། །འོད་དཀར་ཅན་ཁྱོད་བདག་གིས་མཛེས་པར་བྱ། །བདག་བློའི་ཀུ་མུད་ཁྱོད་ཀྱིས་རྒྱས་པར་མཛོད། །ཅེས་གཟུགས་ཅན་གྱི་རྒྱན་སྟོན་པའི་སྙན་འགྱུར་གྱི་ཚིག་ཕུན་སུམ་ཚོགས་པ་སྙན་ངག་གི་རྩོམ་འདི་འདྲ་བ་ཡང་ཚིག་གི་སྡེབ་སྦྱོར་ལེགས་པར་སྤེལ་བའི་རྣམ་དཔྱོད་དང་ལྡན་པ་དག་གི་ཁ་ལ་འབད་རྩོལ་ཆེན་པོ་བྱེད་མི་དགོས་པར་བདེ་བླག་ཏུ་འབྱུང་བ་ཡིན་ནོ། །དེ་ལྟར་མིང་ལ་བརྟེན་ནས་ཚིག་ཏུ་གྲུབ་པའི་ཚུལ་ལེགས་པར་ཤེས་པ་ན་རང་གིས་བརྗོད་བྱ་གང་ཞིག་བཤད་དེ་རྒྱུ་གཞིར་བཟུང་ནས་སྒྲ་དང༌། ཚད་མ། བཟོ་དང་གསོ་བ། ནང་དོན་གྱི་རིག་པ་སྟེ་རིག་གནས་ཆེན་པོ་ལྔ་དང༌། སྙན་ངག མངོན་བརྗོད། སྡེབ་སྦྱོར། སྐར་རྩིས། ཟློས་གར་ཏེ་རིག་གནས་ཆུང་བ་ལྔ་གང་ཞིག་ལ་ཟིན་བྲིས་འདེབས་པ་དང༌། མཆན་བུ་འགོད་པ་དང༌། འགྲེལ་བཤད་བྱེད་པ་དང༌། དཀའ་བའི་གནད་འགྲོལ་བ་དང༌། གཞན་ལུགས་དགག་པ་དང༌། རང་ལུགས་འཐད་ལྡན་འཇོག་པ་དང༌། རྩོད་པ་སྤོང་བ་དང༌། དཔེར་བརྗོད་དང་རེའུ་མིག་འགོད་པ་སོགས་རྩོམ་ཡིག་རྒྱས་འབྲིང་བསྡུས་པ་ཅི་འདོད་དུ་འབྱུང་ཐུབ་པ་ཡིན་ནོ། །
གསུམ་པ། བསྒྱུར་ཚུལ་ལ་དོན་བསྒྱུར། ཐད་བསྒྱུར། རང་སོར་བཞག་པ་གསུམ་གྱི་ཁྱད་པར་བྱུང་ཚུལ།
ད་ནི་ལེགས་སྦྱར་སྐད་ལས་བོད་སྐད་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་བསྒྱུར་བའི་དུས་སུ་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་ཇི་ལྟར་བསྒྱུར་བའི་ཚུལ་ལ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དབོན་སྲས་ཀྱི་སྐུ་རིང་ལ་བསྒྱུར་ཚུལ་སྐོར་ཐག་གཅོད་པའི་ཡི་གེ་སྒྲ་སྦྱོར་བམ་གཉིས་ཞེས་བྱ་བ་དང༌། བྱེ་བྲག་རྟོགས་བྱེད་ཅེས་བྱ་བའི་དགོངས་དོན་ལྟར་དབྱེ་སྒོ་གསུམ་ལས།
༡ དོན་བསྒྱུར་ཇི་ལྟར་བྱས་ཚུལ།
ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པར་བོད་སྐད་དུའང་དོན་དེ་གསལ་བར་རྟོགས་ཐུབ་པའི་མིང་དུ་བསྒྱུར་བ་སྟེ། པཱ་ར་མི་ཏཱ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བསྒྱུར་བ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པའི་དོན་ནི། དཔེར་ན། ཆུ་ཀླུང་ཆེན་པོའི་ཚུ་རོལ་ནས་ཕ་རོལ་ཏུ་བརྒལ་བའི་དོན་དང༌། ཡོ་ག་ལ་རྣལ་འབྱོར་དུ་བསྒྱུར་བ་ནི་རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའང་འབྱོར་བའི་དོན་དང་མཐུན་པར་བསྒྱུར་བ་དང༌། ས་ཏྭ་ལ་སེམས་དཔར་བསྒྱུར་པ་ནི་གཞན་གྱི་དོན་གྲུབ་པ་གཙོ་བོར་ཡིད་ལ་སེམས་པའི་ཆ་ནས་སེམས་པ་ཞེས་པ་ཡིན་ན་ཡང་གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི་སེམས་དཔའ་བ་དང་ལྡན་པའི་དོན་ཐོན་པ་བྱས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་དོན་ཇེ་གསལ་དུ་བཏང་བ་ལྟ་བུ་སྟེ། འདི་དག་ནི་དོན་བསྒྱུར་ཇི་ལྟར་བྱས་པའི་ཚུལ་མདོར་བསྡུས་པ་ཙམ་མོ། །
༢ ཐད་བསྒྱུར་ཇི་ལྟར་བྱས་ཚུལ།
ལེགས་སྦྱར་གྱི་ཡིག་གཟུགས་རེ་རེས་དོན་ཅི་སྟོན་བོད་ལའང་དེ་དང་མཐུན་པར་ཐད་ཀ་ཐད་སོར་བསྒྱུར་པ་སྟེ། པྲ་ཛྙཱ་ཞེས་པ་ཤེས་རབ་ཡིན་ལ། པྲ་ནི་རབ་དང་མཆོག་གི་དོན་དང༌། ཛྙཱ་ནི་ཤེས་དང་མཁྱེན་པའི་དོན་ཏེ་བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་མི་བདེ་བས་ཤེས་རབ་ཏུ་བསྒྱུར་པ་དང༌། སུ་དྷིའ་ཞེས་པ་བློ་བཟང་སྟེ་སུ་བཟང་པོ་དང་དྷིའ་ནི་བློ་སྟེ་བརྗོད་བདེ་བའི་དབང་གིས་བློ་བཟང་ཞེས་བསྒྱུར་པ་དང༌། རིན་པོ་ཆེ་ཨི་ནཱི་ལ་ཞེས་པ་དབང་སྔོན་ཏེ་ཨི་ནི་དབང་པོ་དང་ནཱི་ལ་ནི་སྔོན་པོ་ཡིན་པས་དབང་སྔོན་དུ་བསྒྱུར་པ་སྟེ་འདི་ལྟ་བུའི་སྒོ་ནས་ཐད་བསྒྱུར་བྱས་པའི་ཚུལ་གོ་བར་བྱའོ། །
༣ ལེགས་སྦྱར་སྐད་རང་སོར་བཞག་པའི་སྐོར།
ལེགས་སྦྱར་གྱི་སྐད་བོད་སྐད་དུ་བསྒྱུར་ན་གོ་སླ་བར་མི་འགྱུར་བའི་རིགས་སྔགས་སྐད་རང་སོར་བཞག་པའི་ཚུལ་ལ་གཉིས་ལས། དང་པོ་ཡིག་གཟུགས་ཅུང་ཟད་ཀྱང་མ་འགྱུར་བར་རང་སོར་བཞག་པའི་སྐོར་ལ། དཔེར་ན། ཆུ་ལས་སྐྱེས་པའི་མེ་ཏོག་པདྨ། འདབ་མའི་དཀྱུས་ཕྲ་ཞིང་རིང་བའི་མེ་ཏོག་ཨུལ། དྲི་ཞིམ་གྱི་ངད་ལྡང་བའི་སྡོང་པོ་ཙནྡན། རྭ་ཅོ་དང་འདྲ་བའི་སྦུབས་སུ་སྐྱེས་པའི་མེ་ཏོག་ཙ་ཀ གླང་ཆེན་ཁར་འབབ་ཀྱི་ཆུ་ཀླུང་ཆེན་པོ་གངྒཱ་ཞེས་པ་ལྟ་བུ་རྣམས་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་དོན་ལྟར་བསྒྱུར་ན་འགངས་མི་ཆེ་བར་བསམས་ནས་ཡིག་གཟུགས་ཀྱང་མ་འགྱུར་བར་བཀོད་པ་ཤུགས་ཆེ་བ་དང༌། གལ་ཏེ་བསྒྱུར་ན་གངྒཱ་ཞེས་པར་འགྲོ་ལྡན་མར་བསྒྱུར་ཆོག་ཀྱང་དེ་ལྟར་མ་བསྒྱུར་བར་རང་སོར་བཞག་པའི་དགོས་པ་ནི་གངྒ་ཞེས་བརྗོད་ན་ཀུན་གྱིས་རྟོགས་སླ་བ་དང༌། འགྲོ་ལྡན་མ་ཞེས་བསྒྱུར་ན་མངོན་བརྗོད་ཀྱི་ཚུལ་དུ་གྱུར་བས་ཀུན་གྱིས་རྟོགས་དཀའ་བའི་དབང་གིས་ཡིན་ནོ། །གཞན་ཡང་མཚོ་ལས་སྐྱེས་པའི་པདྨ་དང་དྲོ་སར་སྐྱེས་པའི་ཙ་ཀ་སོགས་བོད་བསིལ་བའི་ཡུལ་དུ་མི་སྐྱེ་བའི་དབང་གིས་ཀྱང་བོད་རང་ལ་དེའི་མིང་བརྡ་མ་བྱུང་བའི་རྒྱུ་མཚན་གྱིས་བོད་སྐད་དུ་བསྒྱུར་བ་ལས་ལེགས་སྦྱར་སྐད་རང་སོར་བཞག་ན་གོ་སླ་བའི་དགོས་པ་ཡོད་དོ། །དེ་ན་སྔོན་དུས་སུ་སོན་འདེབས་མི་བྱེད་པའི་བཙོང་དང༌། ཀེའུ། ལ་ཕུག སྐེ་ཚེ་སོགས་རྒྱ་ནག་གི་སྐད་སོར་བཞག་བྱས་པ་རིམ་གྱིས་ཟུར་ཅུང་ཟད་ཆག་པ་དེ་ད་ལྟ་བོད་རང་གི་སྐད་མཚན་ཉིད་པར་གྱུར་ཟིན་པར་མ་ཟད་དག་ཡིག་རྣམས་སུའང་དེ་ལྟར་བཀོད་པས་མཚོན་ནོ། །
དཔེ་དེ་དང་འདྲ་བ་ནི་རྒྱ་ནག་ལ་མེད་པའི་རྩམ་པ། གངས་ཏི་སེ། ཡར་ཀླུང་གཙང་པོ་རྣམས་མིང་ཡང་ཟུར་ཅུང་ཟད་རེ་ཉམས་ནས་འབོད་པའི་ཐ་སྙད་རྒྱ་ནག་ལ་དར་སོ་ཆེ་བ་བཞིན་ནོ། །
བོད་ཀྱི་གདངས་ལ་ཡང་སྔགས་སྐད་ཟུར་ཕྱིན་པ་ཐོན་མི་ཐོན་ཅི་རིགས་ཡོད་ཀྱང་ཡི་གེ་ལ་སྔགས་ཡིག་ཇི་མ་ཇི་བཞིན་པ་འབྲི་ཐུབ་པའི་གནད་ནི་གོང་སྨོས་ལྟར་བོད་ཡིག་གི་འབྱུང་ཁུངས་ལེགས་སྦྱར་གྱི་དབྱངས་གསལ་ལ་ཐུག་པ་དེ་ག་ཡིན་ལ། རྒྱ་ནག་སྐད་ཀྱི་གདངས་ལ་སྔགས་ཡིག་གི་གདངས་ཇི་བཞིན་ཐོན་ཐབས་མེད་པ་ནི་རྒྱ་ནག་གི་སྐད་དང་ཡི་གེ་ལ་སྔགས་ཀྱི་གདངས་འགའ་རེར་ཇི་ལྟར་བྱས་ཀྱང་ཐོན་ཐབས་མེད་དེ། དཔེར་ན། ཨ་མི་ཏཱ་བྷ་འོད་དཔག་མེད་ལ་ཨ་མིས་ཐོ་ཧཕོ་དང༌། རྗེ་བཙུན་བྱམས་པ་མཻ་ཏྲི་ལ་མུས་ལེ་དང༌། ག་ཡ་ཞེས་པ་འོད་སྲུངས་ལ་ཀྱ་ཡ་དང༌། མཆོག་ཟུང་ཤཱ་རིའི་བུ་ལ་ཧྲེ་ལིས་ཙི་དང༌། ཨཱ་ནནྡ་ཀུན་དགའ་བོ་ལ་ཨ་ནན་ཐོ་སོགས་རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བཀའ་བསྟན་ནང་དུ་བསྒྱུར་ཡོད་པ་ལྟར་རོ། །
གཉིས་པ། བོད་ཀྱི་ཁ་ལ་བདེ་ཆེད་ཡིག་གཟུགས་ཅུང་ཟད་རེ་འགྱུར་བ་ལྟར་དུ་གླེགས་བམ་གྱི་གཞུང་རྣམས་སུ་བཀོད་པའི་སྐོར་ཛ་དིའཔ་ཞེས་པ་འཛམ་བུའི་གླིང་དུ་འབོད་པ་ནི་དིའཔ་གླིང་དུ་བསྒྱུར་པ་དོན་བསྒྱུར་དང༌། ཛ་ཁ་ལ་བདེ་ཆེད་སྔོན་འཇུག་འ་སྦྱར། བརྩེགས་མ་ཕྲལ། རྣམ་དབྱེ་འབྲེལ་སྒྲ་སྦྱར་ནས་བོད་ཡིག་གི་འགྲོ་སྟངས་དང་བསྟུན་ཏེ་འཛམ་བུའི་གླིང་ཞེས་སུ་གྲུབ། དེ་བཞིན་དུ་ཀལྤ་ཞེས་པ་དུས་རིང་མོའི་མིང་ལ་བསྐལ་པ་ཞེས་སྔོན་འཇུག་བ་དང་ས་མགོ་སྦྱར་བ་དང༌། ཀུར་ཞེས་པ་ཡི་གེ་ཕྲལ་བ་ཙམ་དུ་མ་ཟད་ཡིག་གཟུགས་འགྱུར་བའི་སྨན་ག་བུར་དང༌། ཀུངྐུ་མ་ཞེས་པ་གུར་གུམ་དུ་འགྱུར་བ་དང༌། སིངྷ་ཞེས་པ་སེང་གེའམ་སེངྒེ་རུ་འགྱུར་བ་དང༌། པུསྟི་ཀ་ཞེས་པ་གླེགས་བམ་སྟེ་པོ་ཏི་རུ་འགྱུར་བ་སོགས་འདི་འདྲ་བགྲང་གིས་མི་ལང་བ་ཡོད་པས་འདིར་འགའ་རེ་དཔེར་བརྗོད་པ་ཙམ་གྱིས་གཞན་རྣམས་ཀྱང་མཚོན་པར་བྱའོ། །
བཞི་པ། སྔོན་བྱོན་ལོ་ཙཱ་བ་གྲགས་པ་ཅན་འགའ་རེའི་མཚན་ཙམ་སྨོས་པའི་སྒོ་ནས་མཚམས་སྦྱོར་བྱེད་པ།
དུས་རབས་བརྒྱད་པའི་སྐབས་སུ་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་བཻ་རོ་ཙ་ན་རྣམས་ཀྱིས་འདུལ་བ་ལུང་སྡེ་བཞི་དང༌། ཡུམ་འབུམ་པ། ཕལ་པོ་ཆེ། དཀོན་མཆོག་བརྩེགས་པ་སོགས་བསྒྱུར།
བསྟན་པ་ཕྱི་དར་གྱི་སྐབས་སུ་མངའ་རིས་པ་ལོ་ཆེན་རིན་ཆེན་བཟང་པོ་(༩༥༨ –༡༠༥༥)ཁ་ཆེར་ལན་གསུམ་དུ་ཕེབས། རྣལ་འབྱོར་རྒྱུད་དང་གསང་བ་འདུས་པའི་རྒྱུད་དང༌། དེ་དག་གི་འགྲེལ་པ་མང་པོ་བསྒྱུར།
འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་(༩༩༣-་ ༡༠༧༤)བལ་པོ་དང་རྒྱ་གར་དུ་ཕེབས་ནས་ལོ་བཅུ་ཙམ་བཞུགས། པཏ་ཆེན་པོ་ཤཱནྡི་བ་བསྟེན། བརྟག་གཉིས་སོགས་མ་རྒྱུད་སྐོར་མང་པོ་བསྒྱུར། སློབ་མའི་གཙོ་བོ་ས་སྐྱ་བའི་བླ་མ་རྣམས་ཡིན།
མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་(༡༠༡༢ – ༡༠༩༧)རྒྱ་གར་དུ་ལན་གསུམ་ཕེབས། པཎ་ཆེན་ན་རོ་པ་དང༌། མཻ་ཏྲི་བ་སོགས་བསྟེན། གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་བསྒྱུར། མི་ལ་རས་པ་སོགས་སློབ་མ་གྲུབ་པ་བརྙེས་པས་བོད་ཀྱི་རི་སུལ་གང༌། སྔགས་ཀྱི་བསྟན་པའི་བདག་པོར་གྱུར།
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩- ༡༡༠༩)ལོ་བདུན་སྟེ་ཁ་ཆེར་ཕེབས་ནས་ལོ་བཅུ་བདུན་ལ་སྦྱངས། བོད་དུ་ཕྱིར་ཕེབས་ནས་ལོ་བཅུ་བདུན་གྱི་རིང་ལ་སློབ་མ་ཉིས་ཁྲི་སུམ་སྟོང་བསྐྱངས། བཀའ་དང་བསྟན་བཅོས་ཤོ་ལོ་ཀ་འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ་སྟོང་ཕྲག་བདུན་ལྷག་བསྒྱུར། དེའི་ཕྱིར་རྔོག་ལོ་ཆེན་པོས་འདི་སྐད་གསུངས་ཏེ། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་འབྲེལ་ཡིན། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ། །ཁོ་བོ་ཡང་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་གསུངས་ཡོད།
ཕྱིས་ཀྱི་དུས་སུ་ས་སྐྱ་པཏ། བུ་སྟོན་རིན་ཆེན་གྲུབ་པ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དཔང་བློ་གྲོས་བསྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། སྒྲ་པ་ནམ་མཁའ་བཟང་པོ། ཞ་ལུ་ཆོས་སྐྱོང་བཟང་པོ། ལོ་ཆེན་སྐྱབས་མཆོག་དཔལ་བཟང༌། སྟག་ཚང་ཤེས་རབ་རིན་ཆེན། ཇོ་ནང་སྒྲོལ་བའི་མགོན་པོ། སི་ཏུ་བསྟན་པའི་ཉིན་བྱེད་སོགས་སྔ་ཕྱིར་བགྲང་དུ་འོས་པ་བྱོན་པ་རྣམས་ཀྱིས་བཀའ་དང་བསྟན་བཅོས་ཀྱི་པོ་ཏི་སུམ་བརྒྱ་དང་ལྔ་བཅུ་ལྷག་བསྒྱུར་བ་ལ་བཀའ་འགྱུར་དང་བསྟན་འགྱུར་ཞེས་གྲགས་པ་འདི་རྣམས་ཡིན་ནོ། །
ལྔ་པ། སྔ་ཕྱིར་བྱོན་པའི་ལོ་ཙཱ་བ་ཆེན་པོ་དེ་དག་གིས་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་ག་ཚོད་ཡོད་པའི་གྲངས།
༡ བཀའ་འགྱུར།
འདུལ་བ་པོ་ཏི་༡༣། ཤེར་ཕྱིན་པོ་ཏི་༢༣། ཕལ་པོ་ཆེ་པོ་ཏི་༤། དཀོན་བརྩེགས་པོ་ཏི་༦། མདོ་མང་པོ་ཏི་༣༢། རྒྱུད་འབུམ་པོ་ཏི་༢༠། དུས་འཁོར་འགྲེལ་ཆེན་པོ་ཏི་༢།
༢ བསྟན་འགྱུར།
བསྟོད་ཚོགས་པོ་ཏི་༡། རྒྱུད་སྡེ་པོ་ཏི་༧༨། ཤེར་ཕྱིན་པོ་ཏི་༡༦། དབུ་མ་པོ་ཏི་༡༧། མདོ་སྡེ་པོ་ཏི་༡༠། སེམས་ཙམ་པོ་ཏི་༡༦། མངོན་པ་པོ་ཏི་༡༡། འདུལ་བ་པོ་ཏི་༡༨། སྐྱེས་རབས་པོ་ཏི་༢། དཔག་བསམ་འཁྲི་ཤིང་པོ་ཏི་༢། སྤྲིངས་ཡིག་པོ་ཏི་༢། ཚད་མ་པོ་ཏི་༢༡། སྒྲ་རིག་པོ་ཏི་༤། གསོ་རིག་པོ་ཏི་༥། བཟོ་རིག་པོ་ཏི་༡། སྣ་ཚོགས་པོ་ཏི་༩།
དེ་ལྟར་ན་བཀའ་འགྱུར་ལ་ཁྱོན་བསྡོམས་པོ་ཏི་བརྒྱ་ཐམ་པ་དང༌། ཆོས་ཚན་བརྒྱད་བརྒྱ་དྲུག་ཅུ་རེ་བརྒྱད་ཡོད་པ་དང༌། བསྟན་འགྱུར་ལ་ཁྱོན་བསྡོམས་པོ་ཏི་ཉིས་བརྒྱ་བཅུ་གསུམ་དང༌། ཆོས་ཚན་ལ་བུ་སྟོན་ཆོས་འབྱུང་ལྟར་ན་ཉིས་སྟོང་སུམ་བརྒྱ་སོ་བདུན་ཡོད་དོ། །
མདོར་ན་ད་ལྟ་བོད་ན་ཡོད་པའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རྣམས་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་སྐབས་སུ་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཐུགས་གཞིགས་ཟབ་ཅིང་ཞིབ་པ་མཛད་ནས་དོན་བསྒྱུར་བྱས་ནས་གོ་སླ་བའི་རིགས་དོན་བསྒྱུར་དང༌། ཐད་བསྒྱུར་བྱས་ན་གོ་སླ་བའི་རིགས་ཐད་བསྒྱུར་དུ་བྱས་པ་དེའི་སྟེང་ནས་བོད་གངས་ཅན་གྱི་ལྗོངས་སུ་བཀའ་བསྟན་གྱི་སྙིང་པོ་མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད་དེ་སྡེ་སྣོད་གསུམ་དང༌། སྒྲ་དང་ཚད་མ་རིག་པ། སྙན་ངག་དང་གསོ་བ་རིག་པ། སྐར་རྩིས་དང་བཟོ་རིག་པ་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་འཆད་ཉན་གྱི་སྲོལ་ལེགས་པར་བཏོད་ནས་ད་ལྟའི་བར་དུ་དེའི་རྒྱུན་མ་ཉམས་པར་སྦྱངས་བརྩོན་བྱས་པའི་དབང་གིས་རྨོངས་བློའི་མུན་པ་བསལ་ནས་བླང་དོར་ཚུལ་བཞིན་དུ་འབྱེད་ཤེས་པའི་ཤེས་རབ་ཀྱི་ཉི་འོད་ས་སྟེང་ལ་འཕྲོས་པ་འདི་ནི། སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས་བདག་ཅག་རྗེས་སུ་འཇུག་པ་རྣམས་ཀྱིས་བཀའ་དྲིན་དེ་ནམ་ཡང་བརྗེད་པ་མེད་པའི་ངང་ནས་དེའི་རྗེས་སུ་བསླབ་པ་ལ་བརྩོན་པ་རྒྱ་ཆེར་བྱེད་པར་རིགས་སོ། །
ཕྱག་རྩོམ་འདི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྐོར་གྱི་དཔེ་ཚོགས་<<སྐད་གཉིས་སྨྲ་བའི་སྒྲོན་མེ་>>ཞེས་པ་ལས་ཁོལ་དུ་ཕྱུང་བ་ལགས།
ཚེ་ཏན་ཞབས་དྲུང་ངམ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ནི་(༡༩༡༠- ༡༩༨༥)མདོ་སྨད་མཚོ་སྔོན་གྱི་ཆར་གཏོགས། པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས་ཀྱི་ཉེ་འདབས་ཡ་རྫི་མཁར་གྲོང་དུ་སྐུ་འཁྲུངས། ཁོང་ནི་མཁས་པའི་གོ་འཕང་ལ་མངའ་བརྙེས་ཏེ་སྐུ་ཚེ་ཧྲིལ་པོར་གངས་ལྗོངས་ཆོས་རིག་དར་རྒྱས་ལ་སྐུ་ལས་བསྐྱོན་ཞིང་མཛད་རྗེས་ཤིན་ཏུ་ཆེའོ། །