དམུ་དགེ་བསམ་གཏན།

བགྲང་ཡས་ཀུན་བཟང་ལྷན་སྐྱེས་དགའ་བའི་དཔལ། །གཅིག་གྱུར་རྨོངས་པའི་དགྲར་གྱུར་དེ་ཡི་མཐུ། །
སྙིང་ལ་སིམ་པས་དཔལ་ལྡན་འབྲས་བཟང་གིས། །ཡངས་པའི་ས་ཆེན་ཡོངས་སུ་ཁྱབ་གྱུར་ཅིག །
    ཅེས་ཤིས་པར་བརྗོད་པས་སྨྲ་བའི་སྒོ་ཕྱེས་ཏེ་གླེང་བར་བྱ་བ་ནི། ཇི་སྐད་དུ། ཀུན་གཟིགས་ལྔ་པ་ཆེན་པོའི་ཞལ་ནས།
དཔྱིད་ཀྱིས་བསྐྱངས་པའི་ཆུ་འཛིན་ལང་ལོང་དབུས། །དབྱར་སྐྱེས་རྔ་གསང་དལ་གྱིས་སྒྲོགས་པའི་ཚེ། །
རྨ་བྱའི་སྒྲོ་གཤོག་ཟླུམ་པོར་ལེགས་བྱས་ནས། །ཟློས་གར་བསྒྱུར་བ་རང་གི་ངང་ཚུལ་ཡིན། །

    ཞེས་གསུངས་པ་ལྟར་དེང་སྐབས་དགེ་མཚན་དཔྱིད་ཀྱི་དཔལ་མོའི་འཛུམ་ཞལ་སླར་ཡང་ངོམ་པའི་ཚེ་རྒན་པོའང་དགའ་བའི་འཛུམ་མདངས་དང་བཅས་ཏེ་སྨྲ་བ་ལ་འཇུག་གོ །
    དེ་ཡང་བསིལ་ལྡན་ཁ་བའི་ཡུལ་ལྗོངས་ཆེན་པོ་འདིར་ཡོངས་སུ་གྲགས་པའི་རིག་གནས་བཅུ་ཕྲག་གཅིག་ཡོད་པའི་ཆེ་བ་ལྔ་ནི་སྒྲ་རིག་པ། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་སྟེ་ལྔའོ། །
    དེའི་དང་པོ་སྒྲ་རིག་པ་ནི་རང་རེའི་བོད་སྐད་ཀྱི་དབང་དུ་བྱས་ན་སྒྲ་རིག་པའི་གཞུང་ནི་ཐོན་མི་བཀའ་དྲིན་ཅན་གྱིས་མཛད་པའི་ཐོན་མི་མདོ་རྫིའི་སྒྲ་མདོ་ལ་སོགས་པའི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཡོད་པ་ཡིན་མོད། རྒྱལ་པོ་གླང་དར་མས་ལོག་པར་སྤྱོད་པའི་བྱེད་ལས་ཀྱི་དབང་གིས་བསྟན་བཅོས་གཞན་རྣམས་ནུབ་ནས་ད་ལྟ་མེད་ལ། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ནི་ད་ལྟ་རང་རེའི་བརྡ་སྤྲོད་པའི་གཞུང་གི་རྩ་བ་ཡིན་ནོ། །དེ་གཉིས་དངོས་འགྲེལ་ཡང༌། ཞ་ལུ་བ་ཆོས་ལེགས་ཀྱི་འགྲེལ་པ་<<མཁས་པའི་ཡིད་འཕྲོག>> ལོ་ཆེན་ནམ་བཟང་གི་འགྲེལ་པ་<<བསྟན་པའི་སྒྲོན་མེ།>> སྣར་ཐང་ལོ་ཙཱ་བའི་<<སུམ་རྟགས་མཆན་ཊིའཀ>>སོགས་ཤིན་ཏུ་མང་ལ་དེང་དུས་གྲགས་ཆེ་བ་པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་འགྲེལ་པ་<<ཀུན་བཟང་དགོངས་རྒྱན།>> སི་ཏུ་པཎ་ཆེན་གྱི་འགྲེལ་པ་<<མུ་ཏིག་ཕྲེང་མཛེས་>>སོགས་དང༌། དག་ཡིག་སྐོར་ལ་ཡང་ཞ་ལུ་ལོ་ཆེན་གྱི་<<དག་ཡིག་ཟ་མ་ཏོག>> དཔལ་ཁང་ལོ་ཙཱ་བའི་<<དག་ཡིག་ངག་སྒྲོན>> སོགས་དག་ཡིག་སྐོར་ཡང་ཤིན་ཏུ་མང༌། སྒྲ་རིག་པ་སློབ་པ་ལ་གཞུང་དེ་དག་ཆ་ལག་དང་བཅས་པ་ལ་སློབ་དགོས་པར་མ་ཟད། སྔོན་གྱི་མཁས་དབང་དག་གིས་བོད་རང་གི་སྤྱི་སྐད་ཀྱི་ལམ་ལས་དྲངས་པའི་གཞུང་རྣམས་ལའང་ལེགས་པར་བརྟགས་ཤིང༌། ཚིག་གི་བསྒྲིག་ཚུལ། རྣམ་དབྱེ་ཚིག་ཕྲད། རྩོམ་གྱི་ཉམས་དོད་ཚུལ། རྒྱན་གྱིས་སྤྲས་ཚུལ་སོགས་རིམ་གྱིས་ངེས་པར་བྱས་ཏེ་དེ་ནས་སྒྲ་རིག་པའི་ཡན་ལག་སྙན་ངག་ལའང་སྦྱང་བར་བྱའོ། །
    སྒྲ་རིག་པ་ལ་སློབ་པའི་ཚེ་རང་སྐད་སྤྱི་འགྲོས་ཀྱི་སྒྲ་རིག་པའི་གཞུང་ལ་སྦྱང་དགོས་པ་མ་ཟད། བོད་ཀྱི་བརྡ་སྤྲོད་པའི་རིག་པ་དེ་བརྡ་སྤྲོད་པའི་གཞུང་གང་གི་རིག་པ་ལ་བརྟེན་ནས་བཟོས་པའི་རིགས་འགྲེ་བྱེད་སའི་གཞུང་ཀ་ཙན་དབྱངས་གསུམ་1 སོགས་ལེགས་སྦྱར་གྱི་སྒྲ་གཞུང་ལའང་སྦྱང་དགོས་ཏེ། དེ་མ་སྦྱང་ན་བརྡ་སྤྲོད་པའི་སྐོར་ལ་རིག་པས་བརྡར་ཤ་མི་ཆོད་པས་དོན་གོ་བ་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཡོད་པ་དང༌། རང་རེའི་སྨན་གཞུང༌། ལོ་རྒྱུས། རྩིས་རིག མངོན་བརྗོད། སྙན་ངག ནང་དོན་རིག་པའི་མདོ་དང་སྔགས་ཀྱི་གཞུང་རྣམས་སུ་ལེགས་སྦྱར་གྱི་སྐད་དང་སྒྲ་སྒྲུབ་མི་ཉུང་བ་རེ་ཡོད་པས་ལེགས་སྦྱར་མ་ཤེས་ན་དེ་དག་ལ་ཐོས་བསམ་ཞིབ་འཇུག་བྱེད་པའི་མཐུན་རྐྱེན་མ་ཚང་བར་འགྱུར་རོ། །
    གཉིས་པ། ཚད་མ་རིག་པ་ནི་འཕགས་ཡུལ་དུ་ཕྱི་རོལ་པའི་ཚད་མ་རིག་པའི་གཞུང་མང་པོ་ཡོད་ལ། ནང་པ་སངས་རྒྱས་པའི་པཎྜིཏ་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་དང༌། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་དེ་དག་གི་འགྲེལ་བ་འགྲེལ་བཤད་ཤིན་ཏུ་མང་པོ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་བོད་སྐད་དུ་བསྒྱུར་ནས་ད་ལྟ་བསྟན་འགྱུར་ཁྲོད་དུ་པོ་ཏི་ཉི་ཤུ་ཡས་མས་ཡོད་ལ་དེ་དག་གི་དགོངས་འགྲེལ་བོད་རང་གིས་བརྩམས་པ་ནི་ས་སྐྱ་པཎ་ཆེན་གྱི་རིགས་གཏེར་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་གཞུང་མང་མོད། ཁྱད་པར་དུ་རྗེ་བདག་ཉིད་ཆེན་པོས་མཛད་པའི་སྡེ་བདུན་ཡིད་ཀྱི་མུན་སེལ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་བཤད་ཐར་ལམ་གསལ་བྱེད། སྨྲ་བའི་ཉི་མ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཛད་པའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་དང༌། སྡེ་བདུན་ཡིད་ཀྱི་མུན་སེལ། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་རྣམ་འགྲེལ་སྤྱི་དོན་རིགས་རྒྱན། དེ་དག་གི་རྗེས་འབྲང་གྲྭ་ས་སེ་འབྲས་དགེ་གསུམ་གྱི་གྲྭ་ཚང་སོ་སོ་དང༌། མདོ་དབུས་གཙང་གསུམ་གྱི་མཁས་པ་སོ་སོས་མཛད་པའི་ཚད་མའི་གཞུང་ཤིན་ཏུ་མང༌། དེ་དག་ནི་རྒྱ་གཞུང་དང་བོད་སྔ་མའི་གཞུང་དང་མི་འདྲ་བར་ཁ་གསལ་ཞིང་ཞིབ་ཆ་ཅན་ཡིན། ཚད་མའི་གཞུང་གི་དགོངས་པ་ཅུང་རྟོགས་དཀའ་བས་དེའི་དགོངས་པ་རྟོགས་པའི་ཐབས་དམ་པ་བསྡུས་གྲྭ་ཞེས་པ་འདི་ནི་ཆ་པ་ཆོས་ཀྱི་སེང་གེ་ཡབ་སྲས་ཀྱིས་གསར་གཏོད་མཛད་པ་ཡིན་ཞིང༌། འདི་ནི་ཚད་མ་རིག་པ་སྟེ་གཏན་ཚིགས་རིག་པའི་དགོངས་དོན་བདེ་བླག་ཏུ་ལོན་ཐུབ་པའི་ཐབས་དམ་པ་ཡིན་ནོ། །དེས་ན་ཚད་མ་རིག་པ་སྟེ་གཏན་ཚིགས་རིག་པ་ལ་སྦྱང་ཚེ་གཞུང་འདི་དག་ལ་སྦྱང་དགོས་མོད། ཐོག་མར་བསྡུས་གྲྭའི་གཞུང་ཁ་གསལ་ཉུང་བསྡུས་ཤིག་ལ་སྦྱང་དགོས་པ་དང༌། དེ་ནས་བསྡུས་གྲྭའི་གཞུང་རྒྱས་པ་དགག་གཞག་སྤོང་གསུམ་དང་ལྡན་པ་ཞིག་ལ་སྦྱང་བརྩོན་གྱིས་རིགས་ལམ་ལ་ཅུང་ཟད་བྱང་ཆུབ་པར་གྱུར་རྗེས་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་རྒྱས་བསྡུས་ཅི་རིགས་དང༌། ཚད་མའི་སྤྱི་དོན་སོགས་ལ་སྦྱང་སྟེ་གོ་བ་གཏིང་ཚུགས་པར་བྱའོ། །
    དེ་ལྟར་གཏན་ཚིགས་རིག་པའམ་ཚད་མ་རིག་པ་སྦྱང་བའི་དགོས་པ་ནི་གནས་སྐབས་རིག་པའི་བརྡར་ཤ་ཆོད་ཅིང༌། བློ་གྲོས་ཀྱི་འཇུག་པ་གསལ་ཞིང་མྱུར་བར་གྱུར་ནས་གཞུང་ལུགས་གང་ལ་ཐོས་བསམ་གྱིས་འཇུག་པ་ན་དགོངས་པ་བདེ་བླག་ཏུ་རྟོགས་པར་འགྱུར་རོང༌། མཐར་ཕྱིའི་དངོས་པོ་དང་ནང་གི་སེམས་ཀྱི་རང་བཞིན་གཤིས་ལུགས་ལ་དཔྱོད་པར་བྱེད་པ་ན་བླུན་པོ་ཟེར་སྒྲོས་ཀྱི་རྗེས་སུ་འབྲང་པ་ལྟ་བུ་མ་ཡིན་པར་རང་གི་རིག་པའི་རྩལ་གྱིས་ཕྱི་ནང་གི་དངོས་པོའི་གནས་ལུགས་ཇི་བཞིན་རྟོགས་ཏེ་རང་གི་བློ་ངོར་ལུང་རིགས་གང་རུང་ལ་བརྟེན་ནས་དེ་ལས་གཞན་དུ་འདའ་བ་མེད་པའི་གྲུབ་མཐའ་འཇོག་ནུས་སོ། །
    ལོག་སྨྲ་ཚར་གཅོད་སྒྲ་དང་ཚད་མ་དང༌། །ཞེས་གསུངས་པ་ལྟར་ལོག་པར་སྨྲ་བའི་ཚིག་གི་འཁྲུལ་བ་སེལ་བ་ལ་སྒྲ་རིག་པ་ངེས་པར་དུ་དགོས་པ་དང༌། དོན་གྱི་འཁྲུལ་བ་སེལ་བ་ལ་ཚད་མ་རིག་པ་ངེས་པར་དགོས་པའི་རྒྱུ་མཚན་གྱིས་ལོག་སྨྲ་ཚར་གཅོད་པའི་ཡན་ལག་སྒྲ་རིག་པ་དང་ཚད་མ་རིག་པ་ཞེས་སྔོན་གྱི་མཁས་པ་རྣམས་ལ་རླུང་ལྟར་གྲགས་པ་ཡིན་ནོ།།
    གསུམ་པ། བཟོ་རིག་པ་ནི་བཟོ་ལས་ཀྱི་རིག་པ་ཡིན་ལ། དེའི་གཞུང་ནི་བསྟན་འགྱུར་ཁྲོད་ཀྱི་བཟོ་པ་ཊ་2 ཞེས་པའི་གཞུང་དང༌། འཇུ་མི་ཕམ་གྱི་གསུང་གི་བཟོ་པ་ཊ་སོགས་དང༌། གཞན་ཡང་བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་རྣམས་སུ་བཟོ་ལས་ཀྱི་སྐོར་ཐོར་བུ་ཐོར་བུར་ཡོད་པ། དཔེར་ན། དུས་འཁོར་རྒྱུད་དུ་འབྲུ་མར་གྱི་སྒྱོགས་བཟོ་ཚུལ། རྐྱལ་གྲུ་བཟོ་ཚུལ། མེ་ཏོག་ལྡུམ་རྭར་ཆུ་འདྲེན་བྱེད་ཀྱི་ཤིང་གི་སྦུ་གུ་བཟོ་ཚུལ་སོགས་ཡོད་པ་དང༌། གཞན་ཡང་གསེར་འགྱུར་གྱི་རྩི་དང་ལྕགས་ཟངས་ལ་གསེར་ཆུ་འབྱུག་ཚུལ་སོགས་ཀྱི་བེའུ་བུམ་དང༌། དཀྱིལ་འཁོར། མཆོད་རྟེན། སྐུ་གཟུགས་སོགས་ཀྱི་ཐིག་འདེབས་ཚུལ། རིན་པོ་ཆེ་བརྟག་པ། རྟ་སོགས་དུད་འགྲོ་བརྟག་ཚུལ་སོགས་ཀྱི་གཞུང་དག་ལ་སྦྱངས་ནས་ལག་ལེན་དང་འབྲེལ་བའི་ཞིབ་འཇུག་བྱས་ཏེ་དགོས་མཁོ་དང་བསྟུན་ནས་ལག་ལེན་བྱེད་པ་གལ་ཆེའོ། །
    འཚོ་བའི་དགོས་མཁོ་དང་མཐུན་པའི་བོད་ཀྱི་ལག་ཤེས་བཟོ་ལས་དག་ནི་དེང་དུས་ཀྱི་འཕྲུལ་འཁོར་བཟོ་ལས་ལ་བལྟས་ན་རྗེས་ལུས་ཡིན་མོད། འོན་ཀྱང་མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་བསྟུན་ན་མེད་དུ་མི་རུང་བ་ཞིག་ཡིན་ཏེ། དཔེར་ན། རྡོ་བཟོ། ཤིང་བཟོ། ལྕགས་བཟོ། དངུལ་བཟོ། གསེར་བཟོ། ལྷ་བཟོ། གསེར་རྩི་རྒྱག་པ། ཚོན་རྩི་རྒྱག་པ། དཔར་རྐོ་བ། ཡུལ་ཐབས་ཀྱི་ཨར་ལས། འདམ་ལས། རྣམ་ཕྲུག་དང་ཐེར་མ་བཟོ་བ། ས་གདན་དང་རྐྱོང་གདན། ཁ་གདན་བཟོ་བ། ཀོ་པགས་དང་ཚ་རུ་མཉེད་པ། བལ་ལས་ཕྱིང་འཇོག་སོགས་ནི་མེད་དུ་མི་རུང་ཞིང༌། གལ་ཆེ་བའི་བཟོ་ལས་ཡིན་པས་བཟོ་རིགས་དེ་དག་དར་རྒྱས་གཏོང་འོས་པ་ཡིན། དེའི་སྟེང་དུ་དེང་དུས་ཀྱི་འཕྲུལ་འཁོར་བཟོ་ལས་དང་ལག་རྩལ་སྣ་ཚོགས་པ་དག་ལ་བསླབས་ནས་ཡུལ་ཐབས་དང་ཕྱི་ཐབས་ཟུང་འབྲེལ་གྱིས་དཔལ་འབྱོར་གོང་དུ་སྤེལ་ཏེ་མི་དམངས་མང་ཚོགས་ཕྱུག་པོར་འགྱུར་བའི་ཐབས་ལ་འབད་དགོས་པས་བཟོ་རིག་པ་ནི་གལ་ཆེ་བའི་རིག་པ་ཞིག་ཡིན་ནོ། །
    བཞི་པ། གསོ་བ་རིག་པ་ནི་ཕྱི་ནས་བསྒྱུར་བའི་གསོ་བ་རིག་པའི་གཞུང་བསྟན་འགྱུར་ཁྲོད་དུ་པོད་བཅུ་ཕྲག་ཙམ་ཡོད་པ་དེ་དག་དང༌། བོད་གཞུང་ལ་མཚོན་ནའང་མདོ་དབུས་གཙང་གསུམ་གྱི་མཁས་པ་ཤིན་ཏུ་མང་པོས་སྨན་གྱི་རྒྱུད་བཞི་3 གཞིར་བཟུང་སྟེ་རང་གི་ཉམས་མྱོང་དང་སྦྲགས་ནས་བརྩམས་པའི་གཞུང་ཤིན་ཏུ་མང་སྟེ། དཔེར་ན་གཡུ་ཐོག་གསར་རྙིང་གིས་བརྩམས་པའི་གཞུང་ནི་བདག་གིས་བརྩམས་པའི་གཡུ་ཐོག་གསར་རྙིང་གི་རྣམ་ཐར་ནང་དུ་བཀོད་ཡོད་པ་དེ་ལྟར་ལ། གཞན་ཡང་བྱང་ཟུར་གྱི་མཁས་པ་རྣམ་གཉིས་ཀྱིས་མཛད་པའི་གཞུང་རྣམས་དང་བཻ་སྔོན་སོགས་རྒྱུད་བཞིའི་འགྲེལ་པ་འགྲེལ་བཤད་མཆན་སོགས་དང༌། མན་ངག་ལྷན་ཐབས་དང༌། ཟིན་ཏིག་ལ་སོགས་པ་རང་གི་ཉམས་མྱོང་དང་སྦྲགས་པའི་སྨན་གཞུང་མང་པོ་བརྩམས་ཡོད། དེ་ལྟར་གཞུང་མང་ཡང་དཔེ་ཁྲོད་དུ་རྡུལ་གྱིས་ཁེབས་ནས་ཡོད་པ་ཙམ་ལ་དགོས་པ་ཆེར་མི་འདུག་པས་ངེས་པར་སྦྱང་བ་གལ་ཆེ། དེ་ལ་ཐོག་མར་རྒྱུད་བཞི་བློ་ལ་བཟུང་ནས་བྱང་ཆུབ་པར་བྱེད་དགོས་ཏེ། རྗེ་བདག་ཉིད་ཆེན་པོས་སྨན་སྦྱོང་སྐབས་རྒྱུད་བཞི་བློ་ལ་བཟུང་བ་རྣམ་ཐར་དུ་གསལ་བ་ལྟར་རེད། དེ་ལྟར་བློ་ལ་བཟུང་བ་ཙམ་གྱིས་མི་ཆོག་པར་སློབ་དཔོན་མཁས་པ་བསྟེན་ཏེ། དངོས་ཤུགས་ཀྱི་བསྟན་བྱ་མན་ངག་དང་བཅས་པ་ཁོང་དུ་ཆུད་པར་བྱེད་ཅིང༌། མན་ངག་གི་གཞུང་གཞན་དག་ལའང་སྦྱང་བ་དང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ན་མིང་དང་དོན་མཐུན་པའི་ལྷ་རྗེར་གྱུར་ཏེ་སྙན་གྲགས་ཀྱི་དྲི་བསུང་ཕྱོགས་སུ་འཐུལ་བར་འགྱུར་རོ། །
    བོད་ཀྱི་གསོ་བ་རིག་པ་འདི་ནི་བར་སྐབས་ཉམས་དམས་སུ་གྱུར་ཏེ་སྨན་རྫས་བསྡུ་ལེན། སྡེབ་སྦྱོར། ལག་རྩལ་སོགས་གང་ཐད་ནས་ལག་ལེན་ཇི་བཞིན་མ་ནུས་པ་མ་གཏོགས་གསོ་རིག་འདིའི་ངོ་བོ་ཚན་རིག་ཡང་དག་པ་ཞིག་ཡིན་ཏེ་ཕྱི་ལུགས་ཀྱི་སྨན་དཔྱད་ཀྱིས་བཅོས་མ་ཐུབ་པ། བོད་ཀྱི་སྨན་པས་དཔྱད་ཀྱིས་ཐག་བཅད་པ་དུ་མ་ཞིག་མཐོང༌། ཕྱི་ལུགས་ཀྱི་སྨན་དཔྱད་དམན་ཟེར་བ་ག་ལ་ཡིན་ཏེ། འོན་ཀྱང་དལ་བའི་རང་བཞིན་ཅན་གྱི་ནད་དུ་མ་ཞིག་ལ་ཕྱི་ལུགས་ཀྱི་སྨན་ལས་བོད་ལུགས་ཀྱི་སྨན་གནད་དུ་འགྲོ་བ་དུ་མ་ཞིག་ཡོད་པར་སྣང་ངོ༌། །དེས་ན་རང་ལག་གི་ནོར་བུ་ལྟ་བུའི་རིག་པ་འདིའང་དོན་མེད་དུ་ལག་ནས་མི་འཆོར་བར་བརྩོན་སྦྱང་བྱི་དོར་གྱིས་འོད་འཚེར་བ་ཞིག་བྱེད་པར་ཞུ་ཞེས་ལག་པའི་པདྨོ་སྙིང་ཁར་ཟུམ་སྟེ་ཞུའོ། །
    བཟོ་རིག་པ་དང་གསོ་བ་རིག་པ་འདི་གཉིས་ནི་སྐལ་ལྡན་རྗེས་སུ་འཛིན་པའི་ཡན་ལག་ཡིན་པར་གསུངས་པ་ལྟར་བཟོ་ལས་ཀྱིས་སྐལ་བ་དང་ལྡན་པའི་རང་བཞིན་རྣལ་དུ་གནས་པའི་མི་དང་མི་དམངས། མི་རིགས་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཚོ་བ་གོང་དུ་སྤེལ་ཏེ་བདེ་ཞིང་སྐྱིད་པའི་གནས་སུ་བཀོད་ནས་མཐར་སྤྱོད་བཟང་སེམས་བཟང་བླ་ན་མེད་པའི་གོ་འཕང་དུ་འགོད་པ་དང༌། གསོ་བ་རིག་པ་ནི་སྐྱེ་འགྲོའི་ནད་ཀྱི་ཟུག་རྔུ་ཐམས་ཅད་འཇོམས་པར་བྱེད་ཅིང༌། དུས་མིན་འཆི་བའི་འཆིང་ཞགས་བཅད་དེ་ལུས་སེམས་ཀྱི་བདེ་བ་མཐར་ཐུག་པ་ལ་འགོད་པའི་ཐབས་དམ་པ་ཡིན་ནོ། །
    ལྔ་པ། ནང་དོན་རིག་པ་ནི་གཙོ་བོ་ནང་སེམས་འདུལ་བའི་ཐབས་ཏེ། འདི་ལ་གཞུང་སྡེ་སྣོད་གསུམ་ཡོད་པ་ནི་འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དེ་གསུམ་ཡིན། འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ན་སྤྱོད་པ་གཙོ་བོར་སྟོན་པའི་གཞུང་ཡིན། མདོ་སྡེའི་སྡེ་སྣོད་ཀྱི་བརྗོད་བྱ་ནི་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ན་སྒོམ་པ་གཙོ་བོར་སྟོན་པའི་གཞུང་ཡིན། མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་ནི་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ན་ལྟ་བ་གཙོ་བོར་སྟོན་པའི་གཞུང་ཡིན། དེས་ན་སྡེ་སྣོད་གསུམ་ནི་གཞུང་ཡིན་ལ་བསླབ་པ་གསུམ་ནི་སྡེ་སྣོད་གསུམ་གྱི་བརྗོད་བྱ་ཡིན་ནོ། །
    འདུལ་བའི་སྡེ་སྣོད་ཅེས་པའི་ངེས་ཚིག་བཤད་ན། རང་སེམས་འདུལ་བའི་ཐབས་སྟོན་པའི་གཞུང་ཡིན་པས་འདུལ་བའི་སྡེ་སྣོད་ཅེས་བྱ་ལ་སྡེ་སྣོད་ཅེས་པའང་གཞུང་ལ་བྱ་སྟེ། བརྗོད་བྱ་ལ་སྡེ་ཁག་གསུམ་བྱས་པའི་ནང་གི་ཚུལ་ཁྲིམས་ཀྱི་སྡེ་སྟོན་པའི་སྣོད་ལྟ་བུའི་གཞུང་ཡིན་པས་སྡེ་སྣོད་ཅེས་བྱ་སྟེ་གཞན་གཉིས་ལའང་རིགས་འགྲེ། འདུལ་བའི་སྡེ་སྣོད་ལ་སློབ་སྦྱོང་བྱས་ཏེ་ཚུལ་ཁྲིམས་ཀྱི་བསླབ་པ་ཁོང་དུ་ཆུད་པར་བྱེད་དགོས། ཚུལ་ཁྲིམས་ཞེས་པ་ནི་ཚུལ་དང་མཐུན་པའི་ཁྲིམས་ཤིག་ལ་གོ་དགོས། རང་ཉིད་ཚུལ་དང་མཐུན་པའི་ཁྲིམས་ལ་གནས་པ་སྟེ་སྤྱོད་སྟངས་བཟང་པོ་ལ་གནས་ཏེ་རང་གཞན་གྱི་དོན་བསྒྲུབ་པ་ལ་འཇུག་དགོས། སྤྱིར་ཚུལ་ཁྲིམས་ཞེས་པ་ཕྱི་རོལ་པ་དག་ལའང་རང་རང་ལུགས་ཀྱི་ཚུལ་ཁྲིམས་རེ་སྲུང་ལུགས་ཡོད་མོད། འདིར་ནང་པ་སངས་རྒྱས་པའི་དབང་དུ་བཏང་ན་སོ་ཐར་གྱི་ཚུལ་ཁྲིམས་4 དང༌། བྱང་སེམས་ཀྱི་ཚུལ་ཁྲིམས་5 གསང་སྔགས་ཀྱི་ཚུལ་ཁྲིམས་6 ཏེ་གསུམ་ཡོད་དོ། །
    མདོ་སྡེའི་སྡེ་སྣོད་ལ་ཐོས་བསམ་རྣལ་མ་བྱས་ཏེ་ཏིང་ངེ་འཛིན་གྱི་རྣམ་གཞག་ཁོང་དུ་ཆུད་པར་བྱས་ནས་རང་སེམས་འདུལ་བའི་ཐབས་ཀྱི་གཙོ་བོ་ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པར་བྱེད། རང་སེམས་མ་ཞི་བ་སྐད་ཅིག་མ་གཅིག་དང་གཉིས་ལའང་གནས་མི་ཐུབ་པར་རྟ་རྒོད་འཕྱོ་བ་བཞིན་དུ་འཕྲོ་བར་འགྱུར་བ་དེ་ཉིད་ཞི་བར་གནས་པའི་ཐབས་སེམས་གནས་ཀྱི་གདམས་ངག་སློབ་དཔོན་ལས་བླངས་ཏེ་སྒོམ་ནས་རང་སེམས་ལ་དབང་འབྱོར་ཏེ་སེམས་ཅི་འདོད་གནས་ཐུབ་པ་ན་སྒོམ་བཟང་པོ་གྲུབ་པའམ་ཞི་གནས་ཐོབ་ཟེར། ཚུལ་ཁྲིམས་ཚུལ་བཞིན་སྲུང་བའི་སྟེང་ནས་གཞུང་ལུགས་ལ་ཐོས་བསམ་བྱས་ཏེ་ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པར་བྱ་བ་ཡིན་ཏེ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་སོ། །
    མངོན་པའི་སྡེ་སྣོད་ལ་ཐོས་བསམ་ཡང་དག་པ་བྱས་ཏེ་ཤེས་རབ་ཀྱི་བསླབ་པ་ཁོང་དུ་ཆུད་པར་བྱས་ནས་རང་སེམས་འདུལ་བའི་ཐབས་མཐར་ཐུག་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་རབ་རང་རྒྱུད་ལ་སྐྱེ་བར་བྱེད་པའོ། །སྤྱིར་ཤེས་རབ་ལ་ཀུན་རྫོབ་རིག་པའི་གནས་ལྔ་ཤེས་པའི་ཤེས་རབ་དང༌། དོན་དམ་གནས་ལུགས་ཤེས་པའི་ཤེས་རབ་གཉིས་ལས་འདིར་ནི་ཕྱི་མའོ། །བསླབ་པ་ཞེས་པ་ནི་བསླབ་བྱའི་ཡུལ་དེ་ལ་བསླབ་པ་ཟེར་ཞིང༌། ཤེས་བྱའི་ཡུལ་དེ་ལ་ནི་ཤེས་བྱ་ཟེར་བ་ཡིན་མོད། དེང་སང་འགའ་ཞིག་གི་བཤད་ཚུལ་ཡུལ་དང་ཡུལ་ཅན་གཉིས་གོ་ལོག་ནས་ཤེས་བྱེད་ཀྱི་ཡོན་ཏན་ལ་ཤེས་བྱ་ཟེར་ཏེ། ཤེས་བྱ་ཡོད་མཁན་གྱི་མི་ཟེར་བ་ལྟ་བུ། ཤེས་བྱ་མེད་མཁན་གྱི་མི་མེད་དེ་གཞི་གྲུབ་ན་ཤེས་བྱ་ཡིན་པས་ཁྱབ་པའི་ཕྱིར་རོ། །
    གཞན་ཡང་མཚན་ཉིད་ཀྱི་གྲྭ་ས་རྣམས་སུ་ནང་དོན་རིག་པ་དེ་གཞུང་པོ་ཏི་ལྔའི་ནང་དུ་བསྡུས་ཏེ་སློབ་པར་བྱེད་དེ་རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་སྟེ་ལྔ་ལ་སྦྱང་བར་བྱེད། རྣམ་འགྲེལ་གྱི་སྐབས་སུ་ཚད་མ་རྣམ་འགྲེལ་རྩ་བར་བྱས་ཏེ་ཚད་མ་རིག་པ་ལ་བརྟེན་ནས་རིག་པའི་སྒོ་ཡངས་པོར་ཕྱེས་ཏེ་ལེགས་ཉེས་འབྱེད་པའི་རིག་པ་རྣོ་ཞིང་གསལ་བར་བྱེད། དེ་ནས་མངོན་རྟོགས་རྒྱན་རྩ་བར་བྱས་ཏེ་ཕར་ཕྱིན་སློབ་པ་ལ་ཞུགས་ཏེ་མདོ་སྡེའི་སྡེ་སྣོད་ཀྱི་བརྗོད་བྱ་ཏིང་ངེ་འཛིན་གྱི་བསླབ་པ་སོགས་རྒྱ་ཆེ་བའི་ལམ་གྱི་རིམ་པ་ལ་སློབ་པར་བྱེད། དབུ་མ་འཇུག་པ་རྩ་བར་བྱས་ཏེ་མངོན་པའི་སྡེ་སྣོད་དབུ་མའི་གཞུང་ལ་སྦྱངས་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་རྟོགས་པའི་དབུ་མའི་ལྟ་བ་གཏན་ལ་འབེབས། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་རྩ་བར་བྱས་ཏེ་མངོན་པའི་གཞུང་ལ་སྦྱངས་ནས་ཁམས་ཀྱི་རབ་དབྱེ་གཏན་ལ་འབེབས། འདུལ་བ་མདོ་རྩ་རྩ་བར་བྱས་ཏེ་ཆོས་འདུལ་བའི་གཞུང་ལ་སྦྱངས་ནས་སོ་ཐར་གྱི་ཚུལ་ཁྲིམས་གཏན་ལ་འབེབས་པར་བྱེད་དོ། །
    རིག་གནས་ཆུང་བ་ལྔ་ནི། སྙན་ངག སྡེབ་སྦྱོར། མངོན་བརྗོད། ཟློས་གར། སྐར་རྩིས་ཏེ་ལྔ་ཡིན་ལ། དང་པོ། སྙན་ངག་ནི་ལེགས་སྦྱར་ལས་བསྒྱུར་བ་སྙན་ངག་མེ་ལོང༌། དཔག་བསམ་འཁྲི་ཤིང༌། སྐྱེ་རབས་སོ་བཞི་པ་སོགས་དང༌། བོད་རང་ལ་མཚོན་ན་ཀུན་གཟིགས་ལྔ་པ་ཆེན་པོ་སོགས་ཀྱིས་མཛད་པའི་མེ་ལོང་མའི་འགྲེལ་པ་དང༌། དཔེར་བརྗོད་སོགས་སྙན་ངག་གི་གཞུང་རྒྱས་བསྡུས་སྣ་ཚོགས་པ་ཡོད་པ་དག་ལ་སྦྱངས་ནས་ཚིགས་བཅད་དང༌། ཚིག་ལྷུག བཅད་ལྷུག་སྤེལ་མ་དག་རྩོམ་པ་ལ་བྱང་བར་བྱེད་དགོས། སྙན་ངག་མེད་ན་གྲོང་ཚིག་ཏུ་སོང་ནས་མི་མཛེས་ཤིང་མཁས་པའི་མདུན་སར་རྩིས་སུ་མེད་དེ་ཟུར་མཁར་བློ་གྲོས་རྒྱལ་པོས། རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང༌། །རྒྱན་མེད་པ་ན་སྐྱེ་བོས་གླེང༌། །དེ་བཞིན་སྙན་ངག་མི་ལྡན་པའི། །བསྟན་བཅོས་མཁས་ལ་རྩིས་སུ་མེད། །ཅེས་གསུངས། གཞན་ཡང་གོང་འོག་ཏུ་ཡི་གེ་བསྐུར་བ་ལྟ་བུ་ལ་མཚོན་ན། དངོས་སུ་བཤད་ན་མི་འགྲིག་པ་ཤུགས་ལ་སྟོན་དགོས་པ་དང༌། ཟུར་གྱིས་གོ་དགོས་པ་དང༌། ཚིག་གིས་ནུས་པ་འདོན་དགོས་པ་སོགས་ལ་སྙན་ངག་མེད་ན་དེ་ཙམ་གྱི་ནུས་པ་མི་ཐོན། སྙན་ངག་གི་རྒྱན་དང་ལྡན་ན་ལྟ་མཁན་དང་ཉན་མཁན་གྱི་སེམས་ཀྱང་སྤྲོ་སེང་ངེར་འགྲོ་བ་སོགས་ཀྱི་ཡོན་ཏན་ཡོད་ལ་སྙན་ངག་ཆེན་པོ་ཤེས་པར་མ་ཟད་ཅུང་ཟད་སྦྱངས་པ་དག་ལའང་སྙན་གྲགས་ཡོད་པ་དང༌། མཁས་པའི་གྲངས་སུ་འགྲོ་སྟེ། སྙན་ངག་མེ་ལོང་ལས། སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མི། །མཁས་པའི་མདུན་ས་དག་ཏུ་འདུག་ལ་དབང༌། །ཞེས་གསུངས་སོ། །
    གཉིས་པ། སྡེབ་སྦྱོར་ནི་སྒྲ་སྟེ་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ཀ་ལཱ་པ་དང་དབྱངས་ཅན་མ་ལྟ་བུ་བསླབས་ནས་དེ་རྗེས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་པ་ཁ་གསལ་ཞིག་གི་སྟེང་ནས་ལེགས་སྦྱར་སྐད་ཀྱི་སྡེབ་སྦྱོར་བསྒྲིག་ཚུལ་བསླབ། དེ་ནས་བོད་རྒྱ་ཤན་སྦྱར་གྱི་སྟེང་ནས་སྡེབ་སྦྱོར་ལྕི་ཡང་བསྒྲིག་སྟེ་ལ་དང་ཝརྟུ་བོད་ཡིག་བཅས་སུམ་རྐང་བསྒྲིག་པ་ནི་སྡེབ་སྦྱོར་གྱིས་མཛེས་པར་བྱེད་པ་ཡིན་པས་སྙན་ངག་གི་ཡན་ལག་ཡིན་ལ། གཞན་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་ལྟར་ལེགས་སྦྱར་ལས་གཞུང་མཆོག་ཏུ་གྱུར་པ་རྣམས་བོད་སྐད་དུ་བསྒྱུར་བ། སྔར་བསྒྱུར་ཟིན་པ་དག་ལ་སྒྱུར་བཅོས་བྱེད་པ་ལྟ་བུའི་སྒོ་ནས་རིག་པའི་གནས་དར་ཞིང་རྒྱས་པར་བྱེད་པ་དེ་ཡིན་ནོ། །
    བོད་རང་སྐད་ལ་མཚོན་ན། བྲི་དང་ཛཱ་ཏིའི་སྡེབ་སྦྱོར་ཇི་ལྟ་བ་བཞིན་མེད་མོད། བོད་ཡིག་ལ་ལྕི་ཡང་ཡོད་དེ་ལྕི་ཡང་གི་ཁྱད་པར་ནི། སྔོན་གྱི་མཁས་པ་དག་གི་ལུགས་བཞིན་དུ་ཁོ་བོས་སྙན་ངག་ཡང་གསལ་སྣང་མཛོད་དུ་བཀོད་ཡོད། ངལ་གསོའམ་འཇོག་མཚམས་ནི་དཔེར་ན། པདྨ་ཡི༷་ལྟེ་བ་རུ། །གེ་སར་གྱི༷་ལང་ཚོ་ངོམ། །རྐང་དྲུག་གི༷་གཤོག་གླུ་དེ། །རྣ་བ་ཡི༷་དཔལ་དུ་གྲུབ། །ཅེས་པའི་གོར་རྟགས་ཅན་རྣམས་ནི་ངལ་གསོ་ཡིན་ལ། མགུར་ཚིག་ཚིག་རིང་ལ་སྦྱར་བ། དཔེར་ན། སྤྲིན་དཀར་ལང་ལོང་གཡོ་བ་ཡི༷་གསེབ་ནས། །གཡུ་འབྲུག་གད་མོ་ལྷང་ལྷང་དུ༷་བསྒྲགས་པས། །མདོངས་མཐའ་དགའ་བའི་སྒྲོ་གུ་དེ༷་ཕུབས་ནས། །བྲོ་གར་བསྒྱུར་བའི་ལྟད་མོ་ལ༷་བལྟ་འོ། །ཞེས་པ་ལྟ་བུ་དང༌། ཡང་ངལ་གསོ་མི་ཟེར་ཀྱང་རྐང་ཚིག་ཡ་གཅིག་མགོ་ལ་ཐོན་པ་དཔེར་ན། དགུ༷ང་སྔོན་མོའི་དབྱིངས་རིམ་ན། །བྱ༷་རྒོད་པོས་གཤོག་རྩལ་འགྲན། །ཐ༷ང་ཡངས་མོའི་ཐང་དཀྱིལ་ན། །རྟ༷་མགྱོགས་པོས་བང་རྩལ་འགྲན།། ཞེས་པ་ལྟ་བུ། གཞན་ཡང་ཡི་གེ་འཇམ་པ་ཤས་ཆེ་བས་ཚིག་མཉེན་པའི་ཉམས་དང་ལྡན་པ་རྗེའི་གསུང་གི་ཐུབ་བསྟོད་སྐབས་གསུམ་པ་ལྟ་བུ། ཡི་གེ་རྩུབ་པ་ཤས་ཆེ་བས་ཚིག་བརྗིད་པའི་ཉམས་དང་ལྡན་པ་ཆོས་རྒྱལ་བསྟོད་པ་བརྐྱང་བསྐུམ་མ་ལྟ་བུའོ། །དེ་ལྟར་གང་ལ་གང་འཚམ་གྱི་ཚིག་སྡེབ་པ་ནི་སྙན་ངག་གི་ཆར་གཏོགས་སྡེབ་སྦྱོར་ཡིན་ནོ། །
    གསུམ་པ། མངོན་བརྗོད་ནི་མིང་གི་རྣམ་གྲངས་མང་པོ་ཡོད་པ་ལ་ཟེར་ཏེ། དཔེར་ན་ཉི་མ་ལྟ་བུ་ལའང་མིང་བཅུ་ཕྲག་དུ་མ་ཡོད། སྒྲ། སྙན་ངག སྨན་རྩིས་སོགས་གཞུང་ཐམས་ཅད་ཀྱི་ནང་དུ་མངོན་བརྗོད་ཀྱིས་བཅིངས་པའི་མིང་དང་ཚིག་མང་པོ་ཡོད་པས་མ་ཤེས་ན་གཞུང་དེ་དག་ཤེས་པའི་གེགས་སུ་འགྱུར། དཔེར་ན། ཉི་མ་ཞེས་པ་ཀུན་གྱིས་ཤེས་མོད། རྟ་བདུན་དབང་པོ་དང༌། སྣ་ཚོགས་འོད་ཅན་ཞེས་པ་ཡོད་པའི་ཚིག་དང་འཕྲད་ཚེ། དེ་ཉི་མའི་མིང་ཡིན་པར་མ་ཤེས་ན་ཚིག་དེའི་དོན་གོ་བའི་གེགས་སུ་འགྱུར་རོ། །གཞན་ཡང་རང་གིས་སྙན་ངག་གི་རྒྱན་དང་ལྡན་པའི་གཞུང་རྩོམ་པ་ལ་མངོན་བརྗོད་མེད་དུ་མི་རུང་བ་ཡིན་ཏེ་དཔེར་ན། ཚིག་དེའི་ནང་དུ་པདྨ་ཞེས་བརྗོད་ཚེ་དེ་ཙམ་མི་མཛེས་ན་མཚོ་སྐྱེས་ཞེས་བརྗོད་ཆོག་པ་དང༌། དེས་ཀྱང་ཚིག་གི་ཁ་མ་གང་ཚེ་དེ་ལས་རིང་བའི་པད་མའི་མིང་སྦྲང་རྩིའི་རྒྱལ་མཚན་ཞེས་བརྗོད་ཆོག་པ་ལྟ་བུའོ། །
    མངོན་བརྗོད་ཀྱི་གཞུང་ནི་ལེགས་སྦྱར་ལས་བསྒྱུར་བ་མངོན་བརྗོད་འཆི་མེད་མཛོད་དང༌། བོད་རང་གི་མཁས་པས་བརྩམས་པའི་མངོན་བརྗོད་མཁས་པའི་རྣ་རྒྱན། མངོན་བརྗོད་མཁས་པའི་རྣ་ཆ་སོགས་ཡོད་པས་དེ་དག་ལ་གཞིར་བཟུང་སྟེ་སྦྱང་དགོས། སྦྱང་ཚུལ་ཡང་གཞུང་གཞན་ལྟར་ཆེད་དུ་གཉེར་ནས་མ་སྦྱངས་ཀྱང་སྙན་ངག་གི་གཞུང་དང༌། སྙན་ངག་གིས་བཅིངས་པའི་གཞུང་དག་སྦྱོང་བ་དང་ལྟ་ཀློག་བྱས་ན་དེ་དག་གི་ནང་དུ་མངོན་བརྗོད་མང་པོ་ཡོད་པས་རིམ་གྱིས་བྱང་བར་འགྱུར་རོ། །
    དེ་མཚུངས་གཏམ་རྒྱུད་དག་ཀྱང་ཤེས་དགོས་ཏེ། གཏམ་རྒྱུད་ལ་སྦྱར་ནས་བརྩམས་པའི་སྙན་ངག་མང་པོ་ཡོད་པས་དེ་དག་ཤེས་པ་ལ་ཕན་པ་དང༌། རང་གིས་ཀྱང་སྙན་ངག་རྩོམ་པ་ལ་མཁོའོ། །དཔེར་ན། ཁྱབ་འཇུག་གི་འཇུག་པ་བཅུ་དང༌། རཱ་མ་ཎའི་གཏམ་རྒྱུད་ལྟ་བུ། བསྟན་འགྱུར་ཁྲོད་ཀྱི་ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པའི་ནང་དུ་ཕྱི་རོལ་པའི་གཏམ་རྒྱུད་མང་པོ་ཡོད་པས་དེར་བལྟ་བར་བྱ་ལ་ནང་པ་སངས་རྒྱས་པའི་གཏམ་རྒྱུད་དག་ལའང་སྦྱང་བར་བྱའོ། །
    བཞི་པ། ཟློས་གར་ནི་སྔར་ས་སྐྱ་པཎ་ཆེན་གྱིས་གསུངས་པའི་གཟུགས་ཀྱི་ཉི་མ། བྷ་ར་ཏ་ལ་སོགས་པ་དང་ཕྱིས་སུ་ཡང་ལེགས་སྦྱར་ལས་བོད་སྐད་དུ་བསྒྱུར་བ་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང༌། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་སོགས་ཡོད་ལ་རྒྱ་གཞུང་གི་ཁུངས་དང་ལྡན་པ་དག་ལ་བོད་རང་གིས་ལེགས་བཅོས་བྱས་ནས་འཆམ་བཞིན་པ་ཆོས་རྒྱལ་ནོར་བཟང༌། དྲི་མེད་ཀུན་ལྡན་སོགས་དང༌། བོད་རང་གི་ཟློས་གར་སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྐོར་སོགས་ཡོད་པ་རྣམས་ད་ལྟ་སླར་གསོ་བྱེད་བཞིན་པའོ། །
    ལྔ་པ། སྐར་རྩིས་ནི་དུས་འཁོར་རྒྱུད་ལས་གསུངས་པའི་སྐར་རྩིས་ཀྱི་རྣམ་པར་གཞག་པ་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་ལེགས་པར་བརྟགས་ཤིང་དཔྱད་དེ་གཏན་ལ་ཕབ་པའི་རྩིས་ལ་བོད་རྩིས་ཞེས་གྲགས་པ་དང༌། རྒྱ་ནག་གསེར་རྩིས་ལས་བསྒྱུར་པ་བོད་རང་གི་རྩིས་ལུགས་སུ་བཅོས་ཏེ་རང་སའི་གནས་ཚུལ་དང་མཐུན་པར་གཏན་ལ་ཕབ་པ་ལ་རྒྱ་རྩིས་ཞེས་གྲགས། རྩིས་དེ་དག་ལ་བརྟེན་ནས་ཉི་ཟླ་གཟའ་སྐར་འཁོར་ཚུལ། དུས་བཞི་དང་དུས་ཚིགས་ཉེར་བཞི། ཉི་ཟླ་གཟའ་འཛིན་སོགས་ལ་མི་འཆུག་པའི་གཟེར་ཐེབས་པའི་ཚན་རིག་གི་ལག་ལེན་འདི་ལགས་ལ། རིག་པའི་གནས་འདི་སྦྱོང་ཚེ་ས་རིས་ཀྱི་རི་མོ་བྱང་བ་ཙམ་མ་ཡིན་པར་གོ་དོན་དང་སྦྱར་ནས་ཞིབ་འཇུག་བྱེད་པ་གལ་ཆེའོ། །
    དེ་ལྟར་རིག་གནས་འགངས་ཆེན་འདི་དག་ལ་སྦྱང་སྟེ་རིག་གནས་ཀྱི་རྨང་གཞི་འཐུག་པོ་བཏིང་ནས་ཚན་རིག་ལག་རྩལ་གོང་དུ་སྤེལ་ཏེ་མེས་རྒྱལ་དར་ཞིང་རྒྱས་པ་ལ་འབད་དགོས་སོ། །

ལེགས་བྱས་ཉི་མ་གཞོན་ནུའི་རྩེ་དགའ་ཡིས། །བདེ་སྐྱིད་པདྨ་གཞོན་ནུའི་འདབ་གྲོལ་ཏེ། །
སྡེ་བཞིའི་གེ་སར་གཞོན་ནུའི་ཟིལ་མངར་ལ། །སྐྱེ་དགུ་བུང་བ་གཞོན་ནུས་རོལ་གྱུར་ཅིག །

   (མཁས་དབང་དམུ་དགེ་བསམ་གཏན་མཆོག་ནི་༡༩༡༤ –  ༡༩༩༥མདོ་སྨད་དམུ་དགེའི་ཡུལ་དུ་སྐུ་འཁྲུངས། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་པ་ལ་དབང་བརྙེས་ཤིང༌། གངས་ཅན་བོད་ཀྱི་ཆོས་ཤེས་སླར་གསོ་དང་དར་རྒྱས་ལ་མཛད་རྗེས་ཤིན་ཏུ་ཆེའོ། །ཁོང་གི་ཕྱག་རྩོམ་འདི་ནི་<<ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་སྐད་ཡིག་སློབ་དེབ་>> དམའ་རིམ་དེབ་བདུན་པ་ལས་ཁོལ་འདོན་བྱས།)

མཆན།

  1.  ཀ་ཙན་དབྱངས་གསུམ། སྒྲ་རིག་ཀ་ལ་པ། ཙན་དྲ་པ་དང་དབྱངས་ཅན་མ།
  2.  བཟོ་པ་ཊ། བསྟན་འགྱུར་ནང༌། ཤིང་བཟོ། ལྕགས། རྡོ། རྫ་སོགས་བཟོ་རིགས་བཅོ་བརྒྱད་ཙམ་བྱེད་ཚུལ་ཞིབ་པར་བརྗོད་པ་ཞིག
  3.  སྨན་གྱི་རྒྱུད་བཞི། གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པའི་བོད་ཀྱི་རྩ་ཆེའི་སྨན་གཞུང་རྩ་རྒྱུད་དང༌། བཤད་རྒྱུད། མན་ངག་རྒྱུད། ཕྱི་མའི་རྒྱུད་བཞིའོ། །
  4.  སོ་ཐར་གྱི་ཚུལ་ཁྲིམས། དགེ་ཚུལ་ཕ་མ། དགེ་སློང་ཕ་མ། དགེ་བསྙེན་ཕ་མ། བསྙེན་གནས། དགེ་སློབ་མའི་སྡོམ་པ་སོགས་སོ། །
  5.  བྱང་སེམས་ཀྱི་ཚུལ་ཁྲིམས། རྒྱལ་བ་སྲས་བཅས་དཔང་དུ་བཙུགས་བཙུགས་ནས་བྱང་སེམས་སྡོམ་པ་བསྲུང་བར་ཁས་ལེན་པར་ཐོབ་པའི་སྡོམ་པ།
  6.  གསང་སྔགས་ཀྱི་ཚུལ་ཁྲིམས། རྒྱལ་བ་སྲས་བཅས་དཔང་དུ་བཙུགས་ཤིང་ཇི་སྲིད་འཚོ་བའི་བར་དེ་ལྟར་ཁས་ལེན་པར་ཐོབ་པའི་སྡོམ་པ། 

མདུན་ཤོག