ངའི་གྲོགས་པོ།

བཀྲ་ཤིས་རྒྱལ་མཚན། མ་སུ་རི་བོད་ཁྱིམ་སློབ་གྲྭ   

    བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །བྱམས་བརྩེ་ཐུགས་ཀྱིས་འགྲོ་ཀུན་བདེ་ལ་བཀོད། །
    བྱམས་བརྩེ་དྲི་བསུང་ས་སྟེང་ཀུན་ལ་ཁྱབ། །བྱམས་ཆེན་བདག་གི་བླ་མ་རྒྱལ་གྱུར་ཅིག། །

     ཅེས་པའི་བསྟོད་ཚིག་མེ་ཏོག་གིས་མདུན་བསུས་ནས་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་རང་ཡུལ་རྒྱབ་ཏུ་བཞག་ནས་མི་ཡུལ་ས་མཐར་གནས་ངེས་མེད་འགྲིམས་པའི་མཐོ་སྒང་གི་འབྲོག་ཕྲུག་ངས་སྐབས་བབ་ཀྱི་བརྗོད་གཞིི་ངའི་གྲོགས་པོའི་སྐོར་ཅུང་ཟད་ཅིག་འཆད་པར་འདོད་དོ། །
དེ་ཡང། ངའི་ཚེ་སྲོག་གི་འདབ་མ་སྦྲ་འདབས་སུ་རྒྱས་པ་ནས་བཟུང། དུས་ནམ་ཡང་འབྲལ་མི་འདོད་པ་ནི་གྲོགས་མཆོག་ཡིན། ངའི་གྲོགས་མཆོག་ནི་ངེད་སྡེ་བའི་མི་དཀྱུས་མ་ཞིག་ཡིན་ལ། ཁོང་ནི་དབུ་སྐྲ་ཅུང་ཙམ་རིང་བ་དང། མིག་ཆེ་ལ་ཤ་རྒྱགས་པ། མོ་བརྒྱ་སེམས་པ་ཤོར་སའི་གཟི་དཔལ་དང་ཕོ་བརྒྱ་ཡིད་སྨོན་འཆོར་བའི་བློ་རིག་ལྡན་པ་ནི་སྐྱེ་བ་སྔོན་མའི་ཚོགས་བསགས་ཡིན་པ་འདྲ།
ཁོང་དང་ངེད་གཉིས་ནི་ཕ་མ་གཅིག་གི་སྤུན་མཆེད་དང་ལྡུམ་ར་གཅིག་གི་མེ་ཏོག་བཞིན། སྐྱིད་ཀྱི་རྟ་བོར་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་ཁུར་བྱེད་མཁན་གྱི་གྲོགས་པོ་དཔེ་མེད་ཅིག་སྟེ། ཞོགས་པ་ནས་དགོང་ཁའི་བར་དུ་རྩེད་མོར་གཡེང་བའི་ཆུང་དུས་ཀྱི་རྩེད་གྲོགས་ཀྱང་ཁོང་ཡིན།
འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ་ཡབ་ཡུམ་གྱི་བཀའ་དགོངས་ལྟར། དབྱར་དུས་ཀྱི་ས་སྲོད་ཅིག་ལ་བློ་ཐག་རྦད་དེ་བཅད་ནས་མི་འབྲལ་ཐབས་མེད་བྱུང། ངོ་མ། ཡིད་སྐྱོ་བའི་མཚན་མོ་དེར་ངེད་གཉིས་ཀྱིས་ལས་དབང་ལ་འཁང་ར་བྱས། ལ་མོ་རེ་རེ་བརྒལ་བ་དང་ཕྱི་ལྟ་རེ་བྱས། གང་ལྟར། འདུས་པ་ཡོད་ན་འབྲལ་བ་ཡོད་པའི་ཆོས་ཉིད་ཀྱི་བཀའ་ལུང་དེར་ཟློག་ཐབས་མ་བྱུང།
ཕྱི་འདང་རེ་བརྒྱབ་ན། ལོ་ཟླ་གང་མང་ཞིག་ཆུ་བཞིན་བཞུར་ཟིན་མོད། དོན་དག་མང་པོ་ཞིག་བདག་ཡིད་ཀྱི་མེ་ལོང་ངོས་སུ་རྡོ་ལ་རི་མོ་བཀོད་པ་བཞིན་ཡོད་པ་ནི་ངེད་གཉིས་ཁ་བྲལ་བའི་དབྱར་དུས་ཀྱི་མཚན་མོ་དེ་རེད། ཁོང་གི་ངག་གི་གླུ་དབྱངས་དང་ཐུགས་ཀྱི་གཞན་ཕན་ནི་ཀུན་ལས་རྩ་ཆེ། དེ་ནས་བཟུང་ངེད་ཐུག་མ་ཐུབ་མོད། བག་ཆགས་ཤིག་དང་དུངས་པ་ཟབ་མོ་ཞིག་ནམ་ཡང་འབྲལ་མེད་དུ་གནས།
གྱེས་བྲལ་གྱི་ཉིན་མོ་ནས་བཟུང་ཕྲག་དོག་དང་འདོད་རྔམ་གྱི་མེ་ལྕེ་གང་སར་མཆེད་བཞིན་པའི་མི་ཡུལ་ས་མཐར་གྲོགས་པོའི་བརྩེ་དུང་ངོ་མ་ཞིག་ཐོབ་པར་དཀའ། ངོ་མ། བདག་ལ་ཁོང་འདྲ་བའི་གྲོགས་བཟང་པོ་ཞིག་གཏན་ནས་རེག་མི་སྲིད།
གྲོགས་པོ་ལགས། ཧི་མ་ལ་ཡའི་རྒྱབ་ལོགས་ནས་གངས་ཅན་པའི་དཔའ་རྒོད་རྣམས་ཀྱིས་གནམ་ས་གཡོ་འགུལ་ཐེབས་པའི་རང་དབང་གི་སྐད་འབོད་གང་སར་ཁྱབ་དུས་ཁྱེད་ཀྱི་སྙིང་སྟོབས་སྔར་ལས་ཆེ་བ་སེམས་ཀྱིས་ཚོར་བྱུང། ངོ་མ་ཚོར་བྱུང།
མཐའ་དོན། གྲོགས་པོ་ཁོང་ནི་ངའི་ཡིད་སེམས་ཀྱི་ཉི་མ་གཞོན་ནུ་ཡིན་ཞེས་བཤད་འདོད་དོ། །མ་མཇལ་བར་དུ་སྐུ་ཚེ་བརྟན་པའི་སྨོན་འདུན་ཡང་ཞུ་འདོད་བྱུང།

རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་འགོར་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་སྟངས་ལྟར་ཚིགས་བཅད་ཀྱི་ལམ་ནས་ཡུལ་དམ་པ་ཞིག་ལ་བསྟོད་པ་དང།  བར་དུ་གྲོགས་པོའི་ཕྱིའི་རྣམ་པ་དང་ནང་གི་ཡོན་ཏན་མདོར་བསྡུས་སུ་བྲིས་པའང་ཅུང་ཟད་བཟང། དེའི་འཕྲོར་གྲོགས་པོ་དང་ཁ་བྲལ་བའི་བརྒྱུད་རིམ་དང་དྲན་གདུང་གི་སེམས་ཁམས་བསྡུས་འབྲི་བྱས་པ་བརྒྱུད་གྲོགས་པོའི་དབར་གྱི་བརྩེ་འདང་གི་ཟབ་ཚད་མཚོན་པར་བྱས་པའང་མི་ཆོག་རྒྱུ་མི་འདུག མཇུག་ཏུ་སྨོན་ཚིག་གིས་རྩོམ་གྱི་མཇུག་བསྡུས་པ་དེས་ཀྱང་གྲོགས་ལ་བཅངས་པའི་བརྩེ་སེམས་རྨ་མེད་ཅིག་མཚོན་པར་བྱས་འདུག་པ་བསྔགས་བྱའི་ཡུལ་དུ་སེམས།
འོན་ཀྱང། བརྗོད་བྱ་གསལ་མཚོན་ཇི་ལྟར་བྱ་བའི་ཐད་ནས། རྩོམ་གྱི་འགོའི་ཚིགས་བཅད་དེས་དྲངས་པའི་རང་བྱུང་ཚན་པ་དང་པོས་བརྗོད་བྱ་གསལ་པོར་མཚོན་པ་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་མེད་པ་འདྲ། བར་བར་གྱི་ཞིབ་འབྲི་དང་གསལ་བཤད་གང་ཡིན་ཀྱང་བསྡུས་དྲགས་པར་སྣང་བས། དོན་དག་ཁ་ཤས་ཤིག་ད་དུང་རབ་རིབ་ཅིག་ཏུ་གྱུར་ཡོད་པའི་སྣང་བ་སྟེར།
 སྤྱིའི་ཆ་ནས་ལོ་ཆུང་སློབ་མ་ཞིག་གིས་འདི་འདྲའི་རྩོམ་ཡིག་ཡག་པོ་ཞིག་ཐོལ་བྱུང་དུ་འབྲི་ཐུབ་པ་ནི་རང་གི་ཕ་སྐད་ལ་དུངས་ཞེན་ཟབ་མོ་ཡོད་པ་མཚོན་ཐུབ་པར་མ་ཟད། སྐད་ཡིག་གི་ཆུ་ཚད་ཅུང་ལེགས་པོ་ཡོད་པའང་ཤེས་ཐུབ། འདི་ནི་རང་གཞན་ཀུན་དགའ་སྤྲོ་སྐྱེ་བའི་གཞི་ཡིན།

ངའི་གྲོགས་པོ།

བློ་བཟང་ཡེ་ཤེས། སེར་བྱེས་འབྲིང་རིམ་སློབ་གྲྭ

ཀྱེ་ཀྱེ། ངའི་གྲོགས་པོ་གངས་ལྷ་མེ་ཏོག་ལགས། ཁྱེད་དང་བྲལ་བ་ནས་བཟུང། བདག་གི་སེམས་ཀྱི་དྲོད་ཁོལ་ཡལ་སོང། མཚན་མོར་ཉལ་བའི་གཉིད་མེད་ཅིང་ཉིན་མོར་ཟས་ཀྱི་ཡི་ག་མེད་པར་གྱུར། ད་དུང་འུ་གཉིས་འབྲལ་ཁ་མའི་མཚན་མོ་དེར། ཁྱེད་ཀྱིས་བདག་ལ་གསུངས་པའི་སྙིང་གཏམ་དེ་ངའི་ཡིད་ཀྱི་དྲན་པའི་ངོས་ན་གསལ་ལྷང་ངེར་འདུག  
གྲོགས་མཆོག་ལགས། ངས་ཁྱེད་ཀྱི་རེ་བ་འགྲུབ་པའི་ཆེད་དུ་རྟག་ཏུ་ཁ་མིག་ཡར་ལྟ་བྱེད་ཅིང་མཆིས། འོན་ཀྱང། དྲན་གདུང་གི་མིག་ཆུ་ད་ལྟའི་བར་དུ་ཆད་མྱོང་མེད། འདི་ནི་ངས་ཁྱེད་ལ་བཅངས་པའི་བརྩེ་བ་ཡིན། ཁྱེད་ཀྱིས་ཤེས་ཨེ་ཡོད། ཁྱེད་དང་བྲལ་བས་བདག་ནི་བྱེ་ཐང་ཆེན་པོ་ཞིག་ཏུ་ལྷུང་བ་ལྟར་གང་དུ་འགྲོ་དགོས་པའང་མི་ཤེས་མཁན་ཞིག་ཏུ་གྱུར་སོང་ལ་ནམ་མཁའ་རུ་བྱ་གླག་གིས་འདེད་ཀྱིན་པའི་བྱེའུ་ཆུང་ཞིག་དང་ཡང་མཚུངས་པར་གྱུར།
ཡིན་ནའང། རང་གིས་རང་ལ་སེམས་གསོ་གཏོང་བ་དང་ཁྱེད་ཀྱིས་གསུངས་པའི་སྙིང་གཏམ་རྣམས་བདག་གིས་སེམས་ལ་ཉར་ནས་ད་ཆ་རྒྱ་གར་ལྷོ་ཕྱོགས་སེར་བྱེས་འབྲིང་རིམ་སློབ་གྲྭར་སློབ་སྦྱོང་བྱེད་ཀྱིན་ཡོད།
གྲོགས་པོ་གངས་ལྷ་མེ་ཏོག། ཁྱེད་ཀྱིས་བདག་ལ་བཅངས་པའི་རེ་བ་དང་བརྩེ་སེམས། བདག་གིས་ནམ་ཡང་མི་འགྱུར་བའི་རྡོ་རྗེ་ཕ་ལམ་ལྟར་ཡིད་ལ་དམ་པོར་བཟུང་ཡོད།  ད་དུང་ཁྱེད་ཀྱི་ཆེད་དུ་བདག་གིས་ཅི་ཡང་སྒྲུབ་ཕོད། གངས་ལགས་ཤེ་ན། ཁྱེད་ནི་མི་རིགས་ལ་ཤ་ཞེན་དང་གྲོགས་པོའི་ལ་རྒྱ་མི་འདོར་བའི་ཕ་མ་བཟང་པོའི་བུ་ཕྲུག་ཅིག་ཡིན་པས་རེད། ཁྱེད་ལྟ་བུ་བདག་གི་གྲོགས་པོར་གྱུར་པ་འདི་བདག་ལ་མཚོན་ནས་བཤད་ན་སྐལ་བ་བཟང་པོ་ཡིན་སྙམ་གྱིན་ཡོད།
གྲོགས་པོ་གངས་ལྷ་མེ་ཏོག  ཁྱེད་རང་སྐུ་ངོ་མ་ཡིས་བདག་ལ་འདི་འདྲ་གསུངས་མྱོང་ཡོད། “གྲོགས་པོ་ནི་བདེ་སྐྱིད་ཀྱི་རྩ་བ་རེད་ལ་སྡུག་བསྔལ་གྱི་འབྲས་བུའང་ཡིན།” འདི་ནི་ངོ་མ་དངོས་ཡོད་གནས་ཚུལ་རེད། གང་ལགས་ཤེ་ན། གྲོགས་པོ་གངས་ལྷ་མེ་ཏོག་ཁྱེད་རང་ང་དང་མཉམ་དུ་ཡོད་དུས་བདག་ལ་ཐམས་ཅད་བདེ་སྐྱིད་རེད། ཁྱེད་རང་གཞན་ཡུལ་དུ་ལུས་དུས་བདག་ལ་ཐམས་ཅད་སྡུག་བསྔལ་དུ་གྱུར་སོང།  ཡིན་ན་ཡང། ཁྱེད་དང་ང་གཉིས་ལས་ལ་བསྐོས་པའི་གྲོགས་པོ་ཡིན་པས་མཇལ་བའི་དུས་ཤིག་ཏན་ཏན་ཤར་ངེས།  དེར་བརྟེན། མི་རིང་བར་དགའ་སྐྱིད་མཉམ་འཛོམས་ཀྱི་དཔལ་ལ་ཅི་དགར་རོལ་ཆོག   ང་ཡི་སེམས་ཀྱི་རྟེན་ས་ལགས།

རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་བརྗོད་བྱའི་དོན་གྱི་སྟེང་ནས་གླེང་ན། དུངས་སེམས་མཚོན་པའི་ལྷུག་རྩོམ་གྱི་གྲས་སུ་བཞག་ན་འོས་ཤིང་འཚམས་ལ། གཙོ་བོར་གཏམ་གླེང་གི་རྩོམ་ཚུལ་སྤྱད་དེ་བྲིས་པ་ཅུང་ལེགས། འགོ་ནས་མཇུག་བར་ཚིག་སྦྱོར་བདེ་ཞིང་སྙན་ཆ་ལྡན་པར་མ་ཟད། ཀློག་སྤྲོ་ལ་གོ་སླ་བའི་ཁྱད་ཆོས་ཀྱང་མི་དམན་པ་ཡོད། དཔེ་འཇོག་དང་གཏན་ཚིགས་སུ་བཀོད་པ་སོགས་བརྗོད་བྱ་མཚོན་པ་ལ་མེད་དུ་མི་རུང་བའི་གལ་ཆེའི་གོ་ས་ཡོངས་སུ་ཟིན་འདུག
རྩོམ་ཡིག་འདིར་རང་བྱུང་དུམ་ཚན་ལྔ་ཡོད་པ་ལས། བརྗོད་པར་བྱ་བ་ནི་གྲོགས་པོར་བཅངས་པའི་བརྩེ་དུང་དང་དྲན་གདུང། དུངས་ཞེན་དང་གྲོགས་པོའི་དབར་གྱི་ལ་རྒྱ་སོགས་གོ་བདེ་བའི་ཚིག་གི་ཕྲེང་བར་བརྒྱུས་ནས་གང་ནུས་ཅི་ལྕོགས་ཀྱིས་རང་གི་དུངས་སེམས་ཀྱི་ཟབ་ཚད་དེ་མཚོན་ཐབས་བྱས་ཡོད་པ་ལྟོས་བཅས་ཀྱི་ལེགས་པར་མཐོང།
རྩོམ་གྱི་མགོ་མཇུག་བར་གསུམ་དུ་འབོད་ཚིག་མང་དུ་སྣང་བར་དམིགས་བསལ་གྱིས་དགེ་མཚན་ཐོན་མི་འདུག་པ་འདྲ་བས། རྗེས་སུ་མཚོན་སྟོབས་ལ་གཞིགས་ཏེ་ཚིག་སྦྱོར་སྤེལ་སྟངས་ལ་སྔར་ལས་ཀྱང་དོ་སྣང་བྱ་ཐུབ་ན་རྩོམ་རིག་གི་ཐད་ནས་རེ་བ་ཆེན་པོ་འདུག

རྩི་ཤིང་དང་མི།

ཆོས་རྒྱལ་ཡོན་ཏན། སུ་ཇ་སློབ་གྲྭ།

རབ་འབྱམས་ཤེས་བྱའི་གནས་ལ་བྱང་ཆུབ་ནས། །རབ་ཡངས་ཟབ་དོན་སྙིང་པོ་ཡོངས་གཟིགས་ཏེ། །
རབ་འབྱམས་གདུལ་བྱ་ཐུགས་ཀྱིས་སྐྱོང་མཛད་མཁན། །རབ་ཏུ་དད་པས་མཁས་རྣམས་ལ་འདུད་དོ། །

ཐོག་མའི་གཏམ།

     དེ་རིང་ཕྲན་གྱིས་བློ་དང་རིག་པ་རྣལ་དུ་ཕབ་ནས་བརྗོད་འདོད་པའི་སེམས་ཀྱི་སྐད་ཆ་དུམ་བུ་ཞིག་སྨྱུ་གུའི་རྩེ་མོ་ནས་དཀར་གཙང་གི་ཤོག་བུའི་སྟེང་དུ་འགོད་པར་འདོད་པ་ནི་རྩི་ཤིང་དང་མི་ཞེས་པའི་བརྗོད་གཞི་འདི་ཡིན།
སྤྱིར་དབྱིག་འཛིན་མ་མའི་ཕང་བ་ན་ཤེས་འཇོན་གཉིས་ལྡན་གྱི་ལོ་ཙཱ་བ་དེ་དག་གིས་ཆད་ལྷག་མེད་པར་འདིའི་སྐོར་གསུངས་ཟིན་པ་རེད། འོན་ཀྱང། ཁ་དཔེ་ལ། གོས་རྙིང་པ་ལ་ལྷན་པ་གསར་པ་དང་མི་རྙིང་པ་ལ་བསམ་བློ་གསར་པ་ཞེས་པའི་དཔེ་བཞིན་བཤད་ཚར་བའི་སྐད་ཆ་རྙིང་པའམ་ལོ་རྒྱུས་རྙིང་པ་དེ་དག་སླར་ཡང་ཐེངས་གཅིག་བརྗོད་ན་འདོད།
མིའི་མཚན་ཉིད་དང་དེའི་ཁྱད་ཆོས།
     སྨྲ་ཤེས་དོན་གོ་བ་འགྲོ་བ་མིའི་རིགས་སུ་གནས་པ་དེ་མིའི་མཚན་ཉིད་ཡིན་པ་ང་ཚོ་ཚང་མའི་དྲན་རིག་གི་ངོགས་སུ་རྒྱུན་དུ་ལུས་དང་གྲིབ་མ་བཞིན་ཡོད་པ་རེད། འོན་ཀྱང། འདིའི་ཁྱད་ཆོས་ནི་བསམ་གྱིས་མི་ཁྱབ་པ་དང་བརྗོད་ཀྱིས་མི་ལང་བ་ཞིག་ཡིན་པ་དེ་བས་ཀྱང་སྨོས་ཅི་དགོས། ཡིན་ཡང། དེ་རིང་འདི་ནས་རྒྱ་མཚོ་ཆེན་པོའི་ནང་གི་ཆུ་ཐིགས་ཙམ་ཞིག་བརྗོད་ན། འགྲོ་བ་མི་ཞེས་པ་དེ་ཞེ་སྡང་དང་ང་རྒྱལ། ཕྲག་དོག  འགྲན་སེམས་སོགས་མདོར་ན་མི་དགེ་བཅུ་བོས་གྲུབ་པའི་ཕུང་པོ་ཞིག་རེད། འདི་ལ་མངོན་ལྐོག་དང་དགྲ་གཉེན་ཡོད་ལ་འདི་ལ་མཐོ་དམན་དང་དྲག་ཞན་ཡང་ཡོད། འདི་ཚོ་ཚང་མ་ང་ཚོ་ལ་མི་དགོས་པའི་གཤིས་རྒྱུད་རྩུབ་པོ་དེ་རེད་ལ་དོར་དགོས་པའི་ཉེས་སྐྱོན་གྱི་རིགས་དེ་རེད། གཞན་ཡང་མི་ལ་ཁྱད་ཆོས་ཤིག་ཡོད་པ་ནི་སྨྲ་ཤེས་ལ་དོན་གོ་བར་མ་ཟད་མ་འོངས་པའི་འཆར་གཞི་འཐེན་ཤེས་མཁན་ཞིག་ཡིན།

རྩི་ཤིང་གི་མཚན་ཉིད་དང་དེའི་ཁྱད་ཆོས།

     ཡལ་ག་དང་ལོ་འདབ་ལྡན་པ་རྩི་ཤིང་རེད་ལ། འདི་དག་ལ་མངོན་ལྐོག་གམ་རྒྱབ་མདུན་ཡོད་པ་མ་རེད། མཐོ་དམན་དང་དྲག་ཞན་དེ་བས་ཀྱང་མེད། ང་ཚོས་ཤེས་གསལ་ལ་མཛེས་སྡུག་དང་ཁ་དོག་བཀྲ་བའི་རྩི་ཤིང་འདི་དག་ནི་དུས་བཞི་ལ་སྐྱེ་འཕེལ་འགྲོ་བཞིན་ཡོད་པ་ཞིག་རེད་མ་གཏོགས་འདི་དུད་ཚང་དབུལ་ཕྱུག་ལ་དཔགས་པའི་དུད་ཚང་ཕྱུག་པོའི་ཉེ་འགྲམ་དུ་སྐྱེ་ནས་དབུལ་པོའི་ཉེ་འགྲམ་དུ་མི་སྐྱེ་བ་ཞིག་གཏན་ནས་མིན།

རྩི་ཤིང་དང་མིའི་བར་གྱི་འབྲེལ་བ་དང་དེའི་ཕན་ཡོན།

     རྩི་ཤིང་དང་མི་ཡི་བར་གྱི་འབྲེལ་ལམ་ཟབ་མོ་དེ་ལ་དཔྱད་ཞིབ་ལེགས་པོ་ཞིག་བྱས་ན། བཤད་ན་མི་ཚར་བས་བྲིས་ན་དེ་བས་ཀྱང་མི་ཚར་མོད།  ཕྲན་གྱི་ཉམས་མྱོང་དང་དངོས་མཐོང་ལག་ཟིན་གྱི་ཐད་ནས་མདོར་ཙམ་གླེང་བ་ཡིན་ན། མཐོང་སྣང་ལ་རྩི་ཤིང་ཞེས་པ་དེ་རིན་མེད་ཀྱི་དངོས་པོ་འམ་ཡང་ན་ཅི་ཡང་མིན་པ། ཡང་ན། ཕན་འབྲས་གང་ཡང་མེད་པ་ཞིག་ཏུ་མཐོང་སྲིད། དོན་དངོས་སུ། རྩི་ཤིང་མེད་ན་ང་ཚོ་ཡི་འཚོ་བའི་རྟེན་གཞི་གང་ལ་བརྟེན། ཟས་གོས་གནས་མལ་གྱི་རྒྱུ་ཆ་གང་ནས་ལེན། རྒྱུ་མཚན་ནི་ང་ཚོ་ལ་དགོས་པའི་སྲོག་རླུང་ཕྲ་མོ་དེ་ཡང་འདིས་སྦྱིན་གྱི་ཡོད་ལ། ང་ཚོའི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཆེ་བའི་ཟས་གོས་གནས་མལ་དེ་དག་ཀྱང་འདིས་སྤྲོད་ཀྱི་ཡོད།

མཐའ་མའི་ཕྲན་གྱི་བསམ་ཚུལ།

    ང་ཚོས་གོང་ལ་ངོ་དགའ་དང་འོག་ལ་ཐུབ་ཚོད་མ་ཡིན་པར་དྲང་བདེན་དང། ལྷག་བསམ་ཡ་རབས་བཟང་སྤྱོད་བྱེད་དགོས་པ་དེ་མཁས་པ་རིམ་བྱོན་གྱིས་གསུངས་དང་གསུང་བཞིན་པ་རེད། དམིགས་བསལ་ང་ཚོ་འཇིག་རྟེན་གྱི་ངག་རྒྱུན་ལ་ཚུར་ལ་ཇ་སྤྲད་ན་ཕར་ལ་་ཆང་སྤྲོད་དགོས་ཟེར་སྲོལ་ཡོད་པ་རེད། དོན་དངོས་གནས་སུ་བཤད་ན་རྩི་ཤིང་ལ་བདག་གཅེས་དང་བརྩི་སྲུང་ལེགས་པོ་བྱེད་རྒྱུ་དེ་ང་ཚོའི་ཕྲག་སྟེང་གི་ལས་འགན་ལྟ་བུ་ཞིག་ཆགས་ཡོད། མདོར་བསྡུས་ན། ཇི་སྲིད་འཁོར་བ་མ་སྟོངས་བར་དུ་རྩི་ཤིང་རྒྱས་གྱུར་ཅིག།

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདི་ནི་སྒྲུབ་ཕྱོགས་གཙོ་བོར་བཟུང་ནས་ཞིབ་སྡུར་གྱི་རྣམ་པས་བྲིས་པའི་དཔྱད་རྩོམ་གྱི་གྲས་སུ་བཞག་ཆོག  ས་བཅད་བགོ་བྱ་བྱས་པའང་ལེགས་པོ་འདུག    རྩོམ་གྱི་འགོ་ཚིགས་བཅད་ཅིག་གིས་དྲངས་ཏེ་རིམ་གྱིས་གླེང་སློང་བའི་ཐོག་མའི་གཏམ་ནས་བརྗོད་གཞིི་དངོས་ལ་བབས་ཏེ་ཞིབ་སྡུར་གྱི་རྣམ་པས་བྲིས་ཤིང། མཐར་ཡ་རབས་དམ་པའི་ལུགས་བཟང་གི་རྗེས་སུ་སྙེག་སྟེ་སྨོན་ཚིག་ཅིག་གིས་མཇུག་བསྒྲིལ་བ་དེ་ཡང་ཡིད་དུ་འཐད་པ་ཞིག་འདུག
སྤྱིའི་ཆ་ནས་ཚིག་སྦྱོར་ལ་གོ་སླ་ལ་ཀློག་བདེ་བའི་ཁྱད་ཆོས་ལྡན། བྱ་བའི་མིང་དང་ཁྱད་ཆོས་ཀྱི་མིང། དེ་བཞིན་དངོས་པོའི་མིང་སོགས་བརྡ་སྤྲོད་གཞུང་གི་ལུགས་དང་མཐུན་པར་སྦྱར་བ་བསྔག་པའི་ཡུལ་དུ་འཁུམས། སྒྲུབ་བྱེད་དུ་བཀོད་པའི་གནས་ལུགས་སམ་རྒྱུ་མཚན་ཡང་མི་ཆོག་རྒྱུ་མི་འདུག
    འོན་ཀྱང། དོན་གང་ཞིག་བརྗོད་པ་མཐའ་དག་བསྡུས་དྲགས་པའི་སྣང་བ་སྟེར་ལ། ལྷག་པར་དུ་ཞིབ་སྡུར་བྱེད་སྟངས་ཀྱི་ཆ་ནས་ཀྱང་སྔ་ཕྱིའི་དུམ་ཚན་དང་ཚིག་དོན་འབྲེལ་ཆགས་པ་ཞིག་ཏུ་མཐོང་དཀའ་བའི་ཚོར་བ་སྟེར། འདི་ནི་རྩོམ་ཡིག་འདིའི་ཞན་ཆ་ཡིན་པར་སེམས།

མདུན་ཤོག