ལེགས་ཉེས།(ཨང་དང་པོ)
རིག་འཛིན་དབང་མོ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།
འཚེ་མེད་ལྟ་གྲུབ་ཞི་བདེའི་འོད་སྟོང་ཅན། །འཇིག་རྟེན་འཁོར་ལོ་བསྒྱུར་བའི་དེད་དཔོན་ཉིད། །
མཆོག་གསུམ་དད་པའི་ཡིད་ཀྱིས་རབ་བཏུད་པས། །བླང་དོར་རིག་པ་གསལ་བའི་མིག་ཟུང་སྩོལ། །
ལེགས།
ཁྱོད་ཡོང་བའི་སྟོན་ཁ་དེར། ངའི་ལུས་ཡོངས་རྔུལ་ཆུས་བརླན་ཞིང༌།
ངོ་གདོང་ལས་ཐལ་རྡུལ་གྱི་རི་མོ་འཁྱིལ་བཞིན།
མཛེས་སྡུག་གི་ཁྱོད་ཁོ་ན་བསུ་ཕྱིར།
དཀའ་སྡུག་གི་ཕྲེང་བ་ས་ཆེན་མོའི་ལྟེ་བར་ཐིམ་སོང༌།
ཁྱོད་བཞུད་ཤུལ་ན་སྡུག་ཡུས་ཀྱིས་བསྐྱངས་པའི་ལོ་རྒྱུས་མོད་ཅིང༌།
རང་ངོ་མི་ཤེས་པའི་ལོང་བ། རང་དོན་མི་འགྲུབ་པའི་འཁྱམ་པོ།
ད་དུང་འཇིག་རྟེན་ལ་མིག་རྒྱང་ཐུང་བའི་ལྟད་མོ་བ་སོགས།
བགྲང་གིས་མི་ལང་པའི་མི་ཚེ་ཡི་ལོ་རྒྱུས་ཧ་ཅང་མོད།
འོན་ཀྱང་ཁྱོད་ཡོད་པ་ནས།
གོ་ས་དང་ཞབས་སྟེབས་མཐོ་བའི་དཔོན་པོ་ཕ་བཞིན་བཀུར།
ལང་ཚོ་ཡི་མེ་ཏོག་བཞད་པའི་གཞོན་ནུ་མ་ལྷ་བཞིན་སྣང༌།
གཡུལ་ས་རུ་དགྲ་བོར་འཐབ་པའི་གཞོན་ནུའི་དཔའ་མི་ཞུམ།
མདོར་ན་ཁྱོད་ནི་འཇིག་རྟེན་གྱི་རྨོངས་པ་སེལ་བའི་སྒྲོན་མེ་དང༌།
དྲང་བདེན་གྱི་རྒྱལ་ཁ་སྐྱོང་བའི་སྟོབས་ཤུགས་ཡིན།
ཁྱོད་ཀྱི་ཆ་ཤས་ལས་གྲུབ་པའི་ས་བོན་ཆུང་ཆུང་གིས་ཀྱང༌།
ཁྱོད་ཉིད་ཅིས་ཀྱང་གཟི་བརྗིད་ངང་འཚོ་དགོས།
ཉེས།
ཁྱོད་ཡོང་བའི་དགུན་ཁ་དེར། ངའི་ལང་ཚོ་ཡི་མེ་ཏོག་བཅོམ་ཞིང༌།
གྲང་རེག་གི་ངུ་འབོད་ཤོར་བའི་འོ་དོད་ཀྱིས།
བསླུ་བྲིད་ཀྱི་ལྦུ་ཆང་བཏེགས་པའི་ཁྱོད་ཉིད་འདུན་མར་བསུས་པས།
ང་མི་ཡུལ་གྱི་ཉེས་ཅན་པ་ཞིག་ཏུ་གྱུར།
ཁྱོད་མེད་པའི་ཁ་སང་དེར།
ངེད་ཚང་གི་སྦྲ་གུར་ལས་མཉམ་འཛོམས་ཀྱི་དགོད་སྒྲ་ཐོས།
ངེད་ཚང་གི་སྒོ་ཁྱིམ་དབར་ནས་ཕ་མེས་ཀྱི་སྤྱོད་བཟང་མཐོང་ཡོད།
མ་ཟད་རྒན་རབས་པའི་གསུང་གི་བདུད་རྩི་ཐོས་ཤིང༌།
ཡ་རབས་ཀྱི་རྒྱན་ཆ་སྤྲས་པའི་མཛེས་སྡུག་གི་ལང་ཚོ་མཐོང་སྲིད།
དེ་རིང་ཁྱོད་ཀྱི་མཛེས་སྡུག་གི་བསླུ་བྲིད་ལས།
ངའི་མིག་ཟུང་མཆི་མས་བསྒྲིབས་ཤིང༌།
སེམས་པ་ཁེར་རྐྱང་གི་གདུང་བ་མེ་བཞིན་ཚ་བས།
ངས་ཁྱེད་ཉིད་དོར་ཏེ།
ཁྱོད་ལས་ཡིད་དུ་འོང་བའི་སེམས་བྱུང་གཞན་ཞིག་སྙེགས་འདོད།
གང་ལྟར་ཁྱོད་ཀྱིས་བསྐྲུན་པའི་འཇིག་རྟེན་ནི།
རྡུལ་ཕྲན་སྙིང་པོའི་འཇིགས་སྣང་བཞིན།
ནམ་ཡང་ས་གཞི་འདར་ཡོམ་ཡོམ་དང༌།
ནམ་མཁའ་དུ་སྤྲིན་གྱི་ཁང་ཆེན་ལྟར་སྣང༌།
བླང་དོར།
ཆེས་ཐོག་མར་ང་ཁྱོད་དང་མཇལ་དུས།
ཁྱོད་ནི་དཀར་ནག་གི་གཟུགས་སུ་གྲུབ་པའི་སེམས་མེད་ཀྱི་ཕུང་པོ་ཞིག
ངས་དཀར་ནག་གི་ཁ་དོག་ལས་མཛེས་སྡུག་མ་ཡིན་པའི་མཛེས་སྡུག་གི་རི་མོ་ཞིག་ལས།
གཞན་ཅི་ཡང་འཛིན་རེག་བྲལ་བས།
སླར་ཡང་ལག་ཟུང་གིས་ཁྱོད་ཉིད་སྟོང་པའི་ཁམས་སུ་འདེགས་སྐབས།
ད་གཟོད་ངའི་ལག་ཟུང་ལ་མཐོ་དམན་ཤོར་བ་གསལ་པོར་རྟོགས།
སྐབས་དེར་ངའི་འཇིག་རྟེན་ལ་ཁྱོད་ལྟ་བུའི་ཚབ་མཚོན་ལོ་རྒྱུས་དང༌།
དབྱེ་འོས་ཀྱི་རྙོག་མའི་དུ་སྤྲིན་འཕྱུར་བཞིན་པའང་གསལ་པོར་མཐོང༌།
དེའི་ཕྱིར་ངས་འཇིག་རྟེན་པའི་དཔྲལ་བར་དྲང་བདེན་གྱི་མེ་ལོང་རེ་དང༌།
སེམས་ཅན་གྱི་རྒྱུད་ལ་མཁྱེན་སྟོབས་ཀྱི་མངོན་ཤེས་རེ་ཡོད་ན་ཅི་མ་རུང་སྙམ།
དེ་རིང་ངས་ཉེས་པའི་ཞྭ་མོ་ཕུད་དེ། ལེགས་པའི་འདུན་པ་སྙེགས་འགྲོ།
བསླུ་ཆང་གི་ཉེས་པ་དོར་བའི་འཇིག་རྟེན་ཞིག་བག་མར་ཕྱིན་ན།
དྲང་བདེན་གྱི་མར་མེ་ལྟ་བུའི་ཞི་བདེ་ཡི་འོད་སྣང་ལས།
ལེགས་པའི་རལ་གྲི་འཕྱར་བའི་སེམས་བྱུང་དེས།
བདག་ལ་རྨོངས་མུན་གྱིས་བསྐྲུན་པའི་ཉེས་དམིགས་ཀྱི་ཞགས་ཐག་གཅོད་ངེས།
དེའི་ཕྱིར། ང་དང་ངའི་མཐའ་འཁོར་བ་ཡོད་ཚད།
བླང་དོར་གྱི་གནས་ནས་རྒྱལ་ཏེ།
སྐར་ཚོགས་ཀྱི་འཛུམ་ཟེར་འཕྲོ་བའི་མུན་བྲལ་གྱི་འཇིག་རྟེན་ཞིག་ཏུ།
ཁ་བ་བཞིན་འབབ་ཆོག་ལ། མེ་ཏོག་བཞིན་བཀྲ་བར་ངེས།
དེ་ནི་བླང་དོར་གྱི་རིག་པ་གསལ་བའི་ལེགས་ཆ་ཡི་མཛེས་སྡུག་ཡིན།
གལ་སྲིད་བླང་དོར་གྱི་མིག་ཟུང་གཏན་དུ་བྲལ་གྱུར་ན།
ངའི་འཇིག་རྟེན་ལ་ལྷག་བསམ་གྱི་སྡོང་པོ་སྐྱེ་མི་སྲིད་ཅིང༌།
སྙིང་རྗེ་ཡི་འབྲས་བུ་སྨིན་མི་ནུས་པས།
གནམ་འོག་འདིར་ཁ་དོག་མི་ལྡན་པའི་འཚོ་བ་སྐྱུར་མོ་ཞིག
དུས་ནམ་ཡང་རྡུལ་མཚོན་གྱི་བུ་ཡུག་ཁྲོད་ལྷག་ངེས།
གལ་ཏེ་ས་སྟེང་བླང་དོར་ལ་མི་རྨོངས་པའི་མེ་ལོང་ཞིག་ཡོད་ན།
ནོར་འཁྲུལ་གྱི་ཕྱི་འགྱོད་དང་རྫུན་བཟོས་ཀྱི་ལོ་རྒྱུས་འབྱུང་མི་སྲིད།
བླང་དོར་ལ་མི་རྨོངས་པའི་བློ་ནི་བདེ་སྐྱིད་ལ་འཇུག་པའི་སྙིང་སྟོབས་ཏེ།
མགོ་བོ་དགྱེ་སྟེ་རང་ཉིད་ཀྱི་འབྱུང་འགྱུར་བསུ་མ་བྱེད་ཆོག
བླང་དོར་མི་ཤེས་པའི་དབྱར་ཁ་དེ།
ངས་ལེགས་ཆ་རྒྱང་དུ་དོར་ནས།
ཉེས་དམིགས་མདུན་དུ་བསུས་པ་ནི།
ཅི་འདྲའི་ཡ་ང་བའི་ནོར་འཁྲུལ་ཞིག
སྐབས་དེར་ངས་འཇིག་རྟེན་མིག་གིས་མཐོང་ཡང༌།
བདེ་སྡུག་སེམས་ཀྱིས་ཚོར་མེད་པ་གཞི་ནས་ཤེས།
བླང་དོར་གྱི་རིག་པ་རྙེད་པའི་དཔྱིད་ཀ་དེར།
ངས་ཉེས་དམིགས་རྒྱང་དུ་དོར་ནས།
ལེགས་པའི་མཁའ་རུ་བསྐྱོད་པ་ནི།
སུས་ཀྱང་བརྗོད་དཀའ་བའི་སྐྱིད་སྣང་གི་ཚོར་བ་ཞིག
ངས་འཇིག་རྟེན་གྱི་གནའ་དེང་བཀླགས་ཤིང༌།
དཀར་ནག་གི་དབྱེ་བ་རྙེད་པའང་ཆེས་ཡིད་དུ་འོང་བའི་མཛེས་སྡུག་ཅིག
མདོར་ན་ངས་བླང་དོར་ཤེས་པ་ནི།
འབྱུང་འགྱུར་འཚོ་བ་གསར་པ་ལ་ཁ་དོག་བཀྲ་བའི་སྔོན་འགྲོ་དང༌།
འཇིགས་ཆེན་འཁོར་བའི་རྒྱ་མཚོ་ལས་ཐར་བའི་སྙིང་སྟོབས་ཀྱི་སྒྲོན་མེ་སྟེ།
ཡ་རབས་བཟང་པོའི་ཀུན་སྤྱོད་ལ་འཇུག་པའི་ལྡེ་མིག་ཡིན་ལ།
མཁས་མཆོག་དམ་པའི་ཞབས་སུ་སྙེགས་པའི་བློ་གྲོས་ཀྱང་ཡིན།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ནང་ལེགས་ཉེས་གཉིས་ཐོག་རང་ཉིད་ཀྱི་ངོས་འཛིན་དང་མྱོང་ཚོར་གྱི་སྐྱོན་ཡོན་དབྱེ་ཞིབ་དང་མཐའ་བསྡོམས་བརྒྱབ་ཅིང༌། མཐའ་དོན་ལེགས་ཉེས་བླང་དོར་ཚུལ་བཞིན་བྱ་བ་ནི་དགེ་ལེགས་ཀུན་གྱི་སྒོ་མོ་ཡིན་ཚུལ་བསྟན་ཡོད། རང་མོས་སྙན་ངག་འདིར་འགྱུར་ཁུག་དང་སྙན་ཆ་ལྡན་པ། ཚིག་སྐྱོན་དང་དག་ཆ་ནོར་སོ་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་མུ་མཐུད་འབད་བརྩོན་གནང་བར་ཞུ།
ལེགས་ཉེས།(ཨང་གཉིས་པ)
ཚེ་རིང་དཔལ་ལྡན། བྷེལ་ཀོབ་བོད་ཁྱིམ་སློབ་གྲྭ།
ང་རང་ཚོས་ནམ་རྒྱུན་ནས་ཡང་ཡང་བཤད་ཀྱིན་པའི་ལེགས་ཉེས་ཞེས་པའི་ཚིག་འབྲུ་འདི་གཉིས་བྱིས་པ་ལོ་བརྒྱད་ཡན་དང་རྒན་འཁོགས་འཆི་ལ་ཁད་མན་གྱི་རྣ་བ་ལ་མ་སོན་པ་གཅིག་ཀྱང་མེད་ལ། ལེགས་སྤེལ་ཉེས་འགོག་གི་ཐབས་ལམ་ཡང་ཤེས་ལྡན་སྐྱེ་བོ་ཚོགས་ཀྱིས་མི་ཉུང་བ་ཞིག་བསྟན་ཡོད་པ་ཀུན་གྱིས་རྟོགས་བྱའི་ཡུལ་དུ་གྱུར། སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཀུན་ལྡན་པའི་སངས་རྒྱས་མ་གཏོགས་སོ་སྐྱེ་གང་ཟག་སུ་ཞིག་ཡིན་རུང་ནང་གི་རྒྱུད་ལ་ལེགས་པའི་ཆ་དང་ཉེས་པའི་ཆ་ཟུང་འབྲེལ་དུ་ཡོད་པ་ཚད་མས་གྲུབ་པ་རེད། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མི་སུ་ཞིག་ཡིན་རུང་རང་ལ་བདེ་བ་བྱིན་པའི་ལེགས་ཆ་འཚོལ་སྒྲུབ་དང་ཉེས་པའི་ཆ་སྤོང་ཐབས་ལ་འབད་ཀྱི་ཡོད་པ་གདོན་མི་ཟ་མོད། ལས་ཉོན་གྱིས་དབང་གིས་ཉེས་པའི་ཕྱོགས་སུ་ལྷུང་གི་ཡོད།
མི་སུམ་ཅུར་སེམས་པ་སུམ་ཅུ་ཞེས་སོ་སོའི་རྣམ་དཔྱོད་དང་བློ་གྲོས་ལ་གཞིགས་ནས་ལེགས་ཉེས་ལ་འགྲེལ་ཚུལ་མི་འདྲ་བ་དུ་མ་ཡོད་ངེས་མོད། ཕལ་ཆེ་བས་ལེགས་ཞེས་བཟང་པོ་དང་ཡག་པོ། ཉེས་ཞེས་སྡུག་ཅག་གམ་ནོར་འཁྲུལ་ཞིག་ལ་ངོས་འཛིན་བྱེད་པ་གཅིག་ཏུ་སྣང༌། བཟང་པོ་ལའང་ཀུན་ཏུ་བཟང་བ་དང་གནས་སྐབས་ཙམ་བཟང་བ། དེ་བཞིན་དུ་ཉེས་པ་ལའང་མཐའ་གཅིག་ཏུ་ཉེས་པ་ཡིན་པ་དང་གནས་སྐབས་ཙམ་ཡིན་པ་གཉིས་སོ། །བཟང་པོ་འགྱུར་བ་མེད་པ་ནི་དུས་དང་རྣམ་པ་ཀུན་ཏུ་དགེ་བའི་ལས་སུ་འགྱུར་བ་ཞིག་དགོས་ཁར་ཁོར་ཡུག་དང་དུས་ཚོད་ཀྱི་འགྱུར་ལྡོག་གིས་གནོད་མི་ཚུགས་པ་ཞིག་དགོས་པ་ཡིན། འདི་ནི་ཀུན་ཏུ་བཟང་བ་སྟེ། མཐར་ཐུག་གི་བདེ་བ་སྐྲུན་བྱེད་ཀྱི་གཞི་ཡིན། འོན་ཀྱང་གནས་སྐབས་ཙམ་བཟང་བ་ནི་དུས་ཡུན་ཐུང་ངུ་ཞིག་ཏུ་ཕན་འདོགས་པའི་བྱེད་ལས་ཅན་ཞིག་སྟེ་དེང་རབས་ཀྱི་འཕྲུལ་རིགས་དང་འདྲ་བ་ཡིན། འཕྲུལ་རིགས་ཀྱིས་ང་ཚོ་ལ་གནས་སྐབས་ཙམ་བྱ་ལས་གང་རུང་ཞིག་ལས་སླ་པོའི་ངང་སྒྲུབ་ཐུབ་པའི་བདེ་བ་ཙམ་སྟེར་མོད་དེ་ནི་གནས་སྐབས་ཙམ་ལས་མཐར་ཐུག་དེ་མ་ཡིན། ཉེས་པ་སྟེ། སེམས་ཅན་གསོད་པ་སོགས་གཞན་ལ་གནོད་སྐྱེལ་བ་ནི་མི་དགེ་བ་ཚབས་ཆེན་བསགས་པ་ཡིན་པས་མཐའ་གཅིག་ཏུ་ཉེས་པ་ཡིན་པས་དེ་རིགས་བགྱི་བ་ནི་རང་ཉིད་སྡུག་བསྔལ་མ་གཏོགས་བདེ་བ་ཏིལ་འབྲུ་ཙམ་ཡང་ཐོབ་ཀྱི་མེད། འོན་ཀྱང་ཕ་མས་རང་གི་ཕྲུ་གུ་ལམ་ནོར་ལས་ལྡོག་པའི་རྡུང་རྡེག་སོགས་ཀྱིས་གནས་སྐབས་གཞན་ལ་མི་འདོད་ཀྱི་སྡུག་བསྔལ་བྱིན་པ་སྟེ། ཉེས་པ་ཙམ་དུ་འགྲོ་མོད། ཕྲུ་གུ་ལམ་ནོར་ལས་ལྡོག་པའི་ཕྱིར་བགྱི་བ་ཡིན་པས་མཐར་ཐུག་གི་ཉེས་པ་མིན། དེའི་ཕྱིར་གནས་སྐབས་དང་མཐར་ཐུག་གི་ལེགས་ཉེས་ཇི་བཞིན་དབྱེ་འབྱེད་ཐུབ་པ་ནི་ཞི་བདེ་དང་བག་ཕེབས་ངང་འཚོ་བའི་རྒྱུ་ཉག་གཅིག་ཡིན།
ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་གིས་ལས་བྱས་པ་ཐམས་ཅད་ལེགས་པོ་མིན་ལ་ཚུལ་མིན་བྱ་སྤྱོད་ལྡན་པའི་མིའི་བྱེད་ལས་ཐམས་ཅད་ཉེས་པ་ཡིན་པའང་གཞི་མ་གྲུབ། ང་རང་ཚོ་མང་པོ་ཞིག་གིས་མི་གཅིག་གིས་བྱ་བ་བཟང་པོ་བསྒྲུབས་པར་བརྟེན་ནས་ཁོ་ནི་དུས་རྟག་ཏུ་མིག་དཔེ་བཟང་པོ་ཞིག་ཡིན་པ་དང༌། གཞན་ཞིག་གིས་ལས་ངན་པ་ཞིག་བགྱིས་པར་བརྟེན་རྟག་ཏུ་དམའ་འབེབས་དང་བརྙས་བཅོས་བྱེད་སའི་ཡུལ་ཞིག་ཏུ་བསྒྱུར་གྱི་ཡོད་པ་འདི་ནོར་འཁྲུལ་རེད།
དེ་བཞིན་དུ་དོ་བདག་སོ་སོ་ནས་ཀྱང་རང་གིས་ལས་བཟང་པོ་ཐེངས་གཅིག་བྱས་པ་དེའི་རྐྱེན་བྱས་ཏེ་ཁེངས་པ་ཆེན་པོས་འགྱིངས་པ་དང༌། ཡང་རང་གིས་ནོར་འཁྲུལ་ཐེངས་གཅིག་ཤོར་བར་བསམ་ནས་མཐའ་གཅིག་ཞུམ་པ་དང༌། གནོང་དུ་ལྟ་བ་དེ་ནི་དོན་དངོས་སུ་ལེགས་ཉེས་དབྱེ་འབྱེད་ཚུལ་བཞིན་མ་ཤེས་པས་རེད། མི་ཞིག་གིས་ལས་བཟང་པོ་གང་བྱས་པ་དེ་དཔེ་རུ་བལྟ་དགོས་པ་ལས་མི་དེ་མཐའ་གཅིག་ཏུ་བཟང་པོ་རེད་ཅེས་བཀུར་མི་འོས་པ་བཞིན་སྐྱོན་ཡང་དེ་བཞིན་ཡིན། དེར་བརྟེན། ང་རང་ཚོས་མི་ཞིག་གིས་ལེགས་ཉེས་ཀྱི་ལས་བྱ་བའི་ཚེ་མིག་དཔེ་བཟང་པོ་དང་སྐྱོན་དུ་བལྟ་བ་ལས་མཐའ་གཅིག་ཏུ་གཅིག་དཀར་པོ་དང་ཅིག་ཤོས་དེ་ནག་རྐྱང་ཞིག་ཏུ་ངོས་འཛིན་བྱེད་མི་རུང༌།
ཡང་ང་རང་ཚོའི་སྤྱི་ཚོགས་སུ་གཞན་གྱི་སྐྱོན་ཁོ་ན་འཚོལ་བ་འདི་ནི་ཡང་དག་པའི་ལམ་ཁ་ཞིག་མ་རེད། ང་རང་ཚོས་སྐྱོན་དང་ཡོན་ཏན་གཉིས་གཤིབ་བསྡུར་བྱས་ནས་བྱ་བ་གང་ཞིག་ཡིན་རུང་དེའི་ལྗིད་ཚད་བལྟ་དགོས། དཔེར་ན། ང་ཚོས་གཞུང་གི་འདི་དང་དེ་འགྲིག་གི་མི་འདུག་ཅེས་གཞུང་གི་ཉེས་པའི་ཆ་ཐམས་ཅད་བསྒྲུགས་ནས་སྐྱོན་བརྗོད་བྱེད་པ་ཡིན་ན་ང་རང་ཚོའི་གྱོང་གུན་ཁོ་ན་རེད། ང་རང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི་གཞུང་གི་ལེགས་པའི་ཆ་གང་དང་གང་འདུག དེ་དང་ཉེས་པའི་ཆ་བསྡུར་བ་ཡིན་ན་ག་འདྲ་ཞིག་འདུག འདིས་གནོད་དང་ཕན་མང་བ་གང་བྱེད་ཀྱི་འདུག་ཅེས་གསལ་པོ་རྟོགས་དགོས། དེ་མིན་རང་ཉིད་ཀྱི་འདོད་པ་མ་ཁེངས་པར་བརྟེན་གང་བྱུང་དུ་སྐྱོན་མཚང་འབྲུ་བ་དེ་ནི་ཐ་ཤལ་གྱི་ལས་ཁོ་ན་ཡིན། དེ་བཞིན་དུ་མི་སུ་དང་གང་ཞིག་ཡིན་རུང་ལེགས་ཉེས་ཀྱི་ཆ་ཟུང་འབྲེལ་ཡིན་ཕྱིར། རང་ལ་བསྟོད་པ་དང་སྐྱོན་བརྗོད་གཉིས་ཆ་རྒྱུན་མ་ཆད་པ་ཡོད་ན་དེ་ལུགས་ཀྱི་ངོས་ལེན་ཐུབ་པ་དགོས། ལྷག་པར་དུ་དགེ་བའི་ལས་བྱ་བའི་ཚེ་གེགས་དང་བར་ཆད་ཤིན་ཏུ་མང་བ་ཡོད་ན་ང་ཚོས་”བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད། །”ཅེས་པ་འདི་ཡིད་ལ་བཅངས་ནས་རང་གི་ལས་བཟང་པོ་གང་བསྒྲུབ་པ་དོན་འཁྱོལ་བ་དགོས།
གལ་ཆེ་ཤོས་ཤིག་ནི་རང་གི་རྒྱུད་ལ་ཡོད་པའི་ལེགས་པའི་ཆ་དང་ཉེས་པའི་ཆ་སྤང་བླང་ཇི་བཞིན་ཤེས་དགོས། ང་རང་ཚོ་མང་པོ་ཞིག་གིས་རང་རྒྱུད་ཀྱི་ལེགས་ཉེས་མ་རྟོགས་པར་འཐོམ་འཐོམ་མེར་འཚོ་བ་སྐྱེལ་བཞིན་ཡོད། སྐབས་རེར་གཞན་གྱིས་རང་གི་ཡོན་ཏན་བརྗོད་པའི་ཚེ་དགའ་མཆོངས་བྱེད་པ་དང༌། སྐྱོན་འདོན་པའི་ཚེ་ཁོང་ཁྲོ་ལངས་ཀྱི་ཡོད། འདིས་ནི་རང་ཉིད་ལ་ལེགས་སྤེལ་ཉེས་འགོག་གི་ལས་སུ་གཞོལ་བར་གྲ་སྒྲིག་ཙམ་ཡང་མེད་པ་གསལ་པོར་སོྟན་གྱི་ཡོད། མི་འགའ་ཞིག་རང་སྐྱོན་འདོན་པར་དགའ་བ་དང་འགའ་ཞིག་ཁོང་ཁྲོ་ལངས་དགོས་དོན་ནི་རང་ཉིད་ཀྱི་ཕུགས་བསམ་ལ་རག་ལས་ཡོད། རང་རྒྱུད་ལ་མེད་པའི་ལེགས་པའི་ཆ་གཞན་ལས་བཙལ་ཏེ་དེ་ལ་གོམས་པ་ཡང་དག་པར་བྱེད་རྒྱུ་དང༌། རང་རྒྱུད་ལ་གནས་པའི་ཉེས་པ་དག་ངོས་འཛིན་ཇི་བཞིན་བགྱིས་ཏེ་སྤང་བར་བྱ་དགོས། མཚན་སྙན་གྲགས་དང་རྒྱུ་དཔལ་འབྱོར་གྱི་ཆེད་ལེགས་སྤེལ་ཉེས་འགོག་གི་ཚུལ་བགྱི་བ་ནི་རྟག་བརྟན་བྲལ་བའི་རང་བཞིན་ཡིན་པས་དེ་ལྟར་མ་ཡིན་པ་རང་གཞན་གཉིས་ཀྱི་དོན་འགྲུབ་ཕྱིར་རང་ཉིད་ལེགས་པའི་ཆ་དུ་མས་བརྒྱན་ཞིང་ཉེས་པའི་ཆ་རྣམས་སྤང་བ་ཡིན་ན་དེ་ནི་དགེ་བའི་ལས་སུ་འགྱུར་ངེས། མདོར་བསྡུས་ན་ྋགོང་ས་མཆོག་གིས་”གཞན་ལ་ཕན་མ་ཐོགས་ཀྱང་གནོད་མ་སྐྱེལ་” ཞེས་པའི་ལེགས་བཤད་འདི་ནས་ཡང་ཡང་བསམ་ཞིང་དཔྱད་ནས་གོམས་པར་བརྩོན་པ་འདི་ནི་ལེགས་སྤེལ་ཉེས་འགོག་གི་ལས་མཆོག་ཏུ་གྱུར་པ་དེ་ཡིན་ནོ། །
སླར་སྨྲས་པ། མ་རིག་ཉོན་མོངས་རྔམ་པའི་འཁོར་བ་ན། །བླང་དོར་རྣམ་དཔྱོད་ལྡན་པའི་བློ་གྲོས་ཀྱིས། །
རང་གཞན་བདེ་ལ་འཁོད་པའི་དོན་མཆོག་སླད། །ལེགས་ཉེས་ཚུལ་བཞིན་བགྱི་བ་དགེ་ལེགས་འཕེལ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ནང་བགྲོ་གླེང་གི་འབྲི་ཐབས་སྤྱད་དེ། མི་ཚེའི་ནང་ལེགས་ཉེས་ངོས་འཛིན་དང་དབྱེ་འབྱེད་བྱེད་ཚུལ། ཁྱད་པར་སྐྱེ་བོའི་རང་བཞིན་དང་བྱ་བར་ལེགས་ཉེས་ཀྱི་ཆ་ཇི་ལྟར་འབྱེད་ཚུལ་དང༌། དགེ་སྡུག་གི་ངོ་བོ་གང་ཡིན། དེ་དག་སོ་སོའི་འབྲས་བུར་བདེ་སྡུག་གི་མྱོང་བྱ་ཇི་ལྟར་འབྱུང་ཚུལ་སོགས་འགྲེལ་བརྗོད་རྒྱས་པར་བྱས་འདུག ཚིག་སྦྱོར་བབ་ཆགས་ཤིང་གཏན་ཚིགས་ཀྱི་ནུས་པ་གང་ལེགས་ལྡན། སྒྲིག་གཞི་དང་བྱུང་རིམ་བཀོད་སྒྲིག་བྱེད་སྟངས་ཀྱང་ལེགས་པ་བཅས་ཀྱི་ཁྱད་ཆོས་དུ་མ་ལྡན།
ཡར་རྒྱས་ཀྱི་གྲོས་གཞི་འདོན་རྒྱུ་ཞིག་ལ། རྩོམ་ཡིག་གི་འགོ་འཛུགས་སྟངས་སྤྱིར་བཤད་དམ་བམ་བཤད་ལྟ་བུ་མ་ཡིན་པར། ཐུན་མོང་མ་ཡིན་པའི་ལྟ་ཚུལ་ལམ། བཤད་ཚུལ་ཞིག་བཀོད་པའི་ལམ་ནས་འགོ་འཛུགས་པའམ། ཡང་ན་རང་ལུགས་ཁྱད་པར་བ་ཞིག་ངོས་ལེན་མ་བྱས་པའི་དབང་གིས་བྱུང་བའི་མཇུག་འབྲས་བཤད་པ་ལྟ་བུའི་སྒོ་ནས་འགོ་འཛུགས་ཏེ། གང་ལྟར་རྩོམ་ཡིག་གི་འགོ་བརྩམས་མ་ཐག་ནས་ཀློག་མཁན་གྱི་དོ་སྣང་རང་དབང་མེད་པར་འགུགས་ཐུབ་པ་ཞིག་བྱས་ན་ལེགས་སམ་སྙམ།
ལེགས་ཉེས།(ཨང་གསུམ་པ)
བློ་བཟང་ཚེ་རིང༌། བྷེལ་ཀོབ་དབུས་ཉིན་སློབ།
ལེགས་ཉེས་བློ་གྲོས་འབྱེད་ན་མཁས་པ་ཡིན། །ཞེས་པའི་ཚིག་རྐང་འདི་སྔོན་དུ་བརྗོད་དེ། དེ་རིང་གི་བརྗོད་པར་བྱ་བའི་གཞི་ནི་ལེགས་ཉེས། ལེགས་ཉེས་ཞེས་པ་ནི། ལེགས། བཟང་པོའི་ཡོན་ཏན་གྱི་ཆ་རྣམས་ལ་གོ་དགོས། ཉེས་ཞེས་པ་ནི་དེ་ལས་ལྡོག་སྟེ། མ་རབས་ཀྱི་བྱ་སྤྱོད་ལ་གོ་དགོས། དེ་གཉིས་ཀྱི་དབྱེ་འབྱེད་བྱེད་པའི་བློ་ཕྱིན་ཅི་མ་ལོག་པ་ཞིག་ཡོད་ན། དེ་ལ་སྙན་གྲགས་ལྡན་པའི་ཚིག་ “མཁས་པ་” ཞེས་གསོལ་ཆོག
སྤྱིར་འཇིག་རྟེན་འདིའི་ནང་དུ་གནས་པའི་སྐྱེ་འགྲོ་ཡོད་དོ་ཅོག་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། དེ་ཡང༌། བདེ་བ་འདོད་པ་ལ་རྒྱུ་ལེགས་བྱའམ་དགེ་བ་བསྒྲུབ་དགོས་པ་དང༌། སྡུག་བསྔལ་མི་འདོད་པར་རྒྱུ་མི་དགེ་བའམ་ཉེས་པ་སྤོང་དགོས། དེར་བརྟེན་རྒྱུ་དགེ་བ་བསྒྲུབ་པར་སྡིག་པའི་ཉེས་དམིགས་མི་ཤེས་པར་དགེ་བ་སྒྲུབ་ཐབས་བྲལ། དེ་རིམ་པས་ལེགས་ཉེས་འབྱེད་པའི་ཤེས་རབ་དེས་རྩ་བ་ནས་གཅོད་དགོས་པ་གལ་ཆེ།
ཉེ་ཆར་ྋསྤྱི་ནོར་ྋགོང་ས་མཆོག་ལ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རི་ཡིས་ཆེས་མཐོའི་གསེར་གྱི་གཟེངས་རྟགས་ཕུལ་བ་དགྱེས་བཞེས་གནང་བ་དེ་ཡང༌། ལེགས་ཉེས་བློ་གྲོས་དེར་ཕུལ་བ་ཡིན། མ་ཟད། བོད་རྒྱལ་ཁབ་ཆེན་པོའི་རྩ་དོན་སྒྲུབ་པ་ལ་ལེགས་ཉེས་ཀྱི་བློ་གྲོས་མེད་ན་སྒྲུབ་ཐབས་དང་བྲལ་བ་རེད། གང་ཞིག་ལ་ཡོན་ཏན་ཧ་ཅང་ཟབ་པ་དང་རྒྱ་ཆེ་བ་ཡོད་ན་ཡང༌། ལེགས་ཉེས་བློ་གྲོས་མེད་ན་ཁོས་འགྲོ་བ་མིའི་སྤྱི་ཚོགས་སུ་ཕན་བདེ་སྒྲུབ་པའི་ཚབ་ཏུ་གནོད་སྐྱོན་ཆེན་པོ་བྱེད་པའི་ཉེན་ཚབས་ཡོད་པ་རེད། དཔེར་ན། ཨོ་ས་མ་བྷིན་ལཱ་ཏན་སྒྲཔྲཎནཎ སྐྱདྲརྣ རྒཎརྟྟརྣལྟ་བུ་རེད། དེར་བརྟེན་ཆུང་དུས་ནས་ཡ་རབས་བཟང་སྤྱོད་ཀྱི་བྱ་བར་གོམས་འདྲིས་བྱེད་དགོས་པ་ཧ་ཅང་གལ་ཆེ།
དེང་དུས་འཕྲུལ་ཆས་ཀྱི་དུས་རབས་ལྟ་བུར་མཚོན་ན། ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཚོར། ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ན་ཡང༌། ནང་དུ་འཁྲུག་འཛིང་དང་མི་གསོད་ཁྲག་སྦྱོར་གྱི་བྱ་བ་ཧ་ཅང་གི་མང་པོ་ཐོན་གྱིན་ཡོད། གང་ཡིན་ཟེར་ན། ཁོང་ཚོར་རྒྱུ་དང་དཔལ་ཡོན་མེད་པ་རེད་དམ་ཟེར་ན་མ་རེད། འོ་ན་ཅིའི་ཕྱིར་རེད་ཅེས་བརྗོད་ན། ལེགས་བྱའི་ཡོན་ཏན་མེད་པའི་དབང་གིས་བྱུང་བ་ཞིག་རེད། དེ་བཞིན་སོ་སོའི་རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་མཁན་ཞིག་ཡིན་ན་ཡང༌། སེམས་བཟང་དང་གཞུང་དྲང་མེད་ན་རྒྱལ་ཁབ་དེ་དང་དེའི་མི་རིགས་ཡར་རྒྱས་འགྲོ་བའི་ཆ་རྐྱེན་དང་པོ་དང་བྲལ་བ་རེད། མ་ཟད། བོད་རྒྱལ་ཁབ་ཀྱི་ཕུགས་བསམ་སྒྲུབ་པའི་ལྟ་བ་ཡང་དག་པ་ཞིག་མེད་ན། རང་རྒྱལ་གཞན་ཕམ་གྱི་ལྟ་གྲུབ་ཐོག་ནས་བརྩོན་ལེན་མི་ཐུབ་པ་ཡིན། རྒྱ་བོད་གཉིས་ཀྱི་དབར་ལེགས་ཉེས་ཀྱི་བློ་གྲོས་ཞེས་རིམ་པས་འཕེལ་ན། འཇིག་རྟེན་འདི་ནང་དུ་བོད་ཙམ་མ་ཟད་ཨེ་ཤི་ཡའི་ས་ཁུལ་ཁག་ནང་ཞི་བདེ་ཡི་རྣམ་པར་གསལ་པོ་ཞིག་བསྐྲུན་ཐུབ།
མཐའ་དོན་ལེགས་ཉེས་ཞེས་པ་དེ་ཆུང་ཙག དཔེར་ན། ཡིག་རྒྱུགས་གཏོང་བའི་སྐབས་དཔེ་བཤུས་པ་ཡང་ཉེས་པ་ཡིན། དེ་བཞིན་སེམས་བཟང་གཞུང་དྲང་གི་ཐོག་ནས་བྱ་བ་ལེགས་པོ་མི་ཚེ་འདིར་སྒྲུབ་ཐུབ་པ་བྱེད་དགོས།
འདི་ལས་བྱུང་བའི་དགེ་བའི་འབྲས། །རོ་མངར་གཡུར་དུ་ཟ་བའི་བཅུད། །
བོད་རིགས་སྤྱི་ཡི་དཔལ་ཐོབ་ནས། །མངའ་བདག་རྒྱལ་པོས་རྗེས་བཟུང་ཤོག །
རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །
རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གིས་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ། །
ཅེས་བོད་ཀྱི་མཁས་པ་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་ལེགས་ཉེས་བློ་གྲོས་ཀྱིས་བརྗོད་ཚིག་འདིས་རེ་ཞིག་མཇུག་སྡོམ་བྱས་པའོ། །བོད་རྒྱལ་ལོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིས་བགྲོ་གླེང་གི་ལམ་ནས་ལེགས་ཉེས་ཀྱི་གོ་བ་ངོས་འཛིན་དང་འབྲེལ། རང་བཞིན་གྱི་ཡོན་ཏན་དང༌། ཉེས་སྐྱོན་སྤངས་པའི་ལེགས་པའི་ཡོན་ཏན་བཅས་ཀྱིས་དེང་རབས་སྤྱི་ཚོགས་ཁྲོད་ཕན་བདེ་སྒྲུབ་ཚུལ་སྐོར་བྲིས་འདུག རྩོམ་ཡིག་གི་ཚིག་སྦྱོར་འབྲེལ་ཆགས་ཤིང་རིགས་ལམ་གསལ་བ། དག་ཆ་དང་ཕྲད་སྦྱོར་ཚུལ་ནོར་སྐྱོན་ཉུང་བ། དཔེ་མཚོན་དང་ལུང་འདྲེན་གྱི་འབད་རྩོལ་བྱས་པ་བཅས་ནི་ལེགས་པའི་ཆའོ།།
གྲོས་འདེབས་ཞུ་རྒྱུར། རྩོམ་པ་པོས་གཞན་གྱིས་བརྩམས་པའི་ཕུལ་བྱུང་གི་རྩོམ་ཡིག་གང་མང་ཀློག་བལྟ་བྱ་རྒྱུ་ཧ་ཅང་གལ་ཆེ་སྙམ།