[toc]

ྋགོང་ས་མཆོག་གི་བཀའ་དྲིན།(ཨང་དང་པོ)

འབྲོང་བུ་ཟླ་བ་ཚེ་རིང༌། སུ་ཇ་བོད་ཁྱིམ་སློབ་གྲྭ།

སྐུ༷་ཡི་བཀོད་པ་མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་ཡོངས་སུ་བརྒྱན།།
གསུ༷ང་གི་བདུད་རྩི་དྲུག་ཅུའི་དབྱངས་སྙན་ཁམས་གསུམ་འགྲོ་བའི་དཔལ་དུ་སྨིན།།
ཐུ༷གས་ཀྱི་དགོངས་པ་འགྲོ་བའི་དོན་དུ་ཟབ་ཡངས་ཞི་བའི་གནས་ན་འཚེར།།
ཁམས་གསུམ་འགྲོ་བའི་ཞི་བདེའི་དེད་དཔོན་ྋསྐྱབས་མགོན་ཆེན་པོར་སྙིང་ནས་འདུད།།

རྩམ་གཟན་བོད་ཀྱི་མི་རིགས་འདི་ཡི་ཆགས་འཇིག་དང་ནི་འཚོ་གནས་སོགས།།
ལག་པའི་མཐིལ་དུ་སྡོམ་ཚིག་འགོད་དུས་ྋསྐྱབས་མགོན་ཁྱེད་ཀྱི་བཀའ་དྲིན་ནི།།
རི་ལས་དཔངས་མཐོ་མཚོ་ལས་གཏིང་ཟབ་བསྐལ་བརྒྱར་བརྗོད་ཀྱང་མི་ཚར་མོད།།
བློ་ཆུང་གུས་པས་ཆུ་ཐིགས་ཙམ་ཞིག་དད་པའི་སྙུག་རྩེས་གླེང་བར་བྱ།།

ྋརྒྱལ་དབང་གོང་མའི་སྐུ་ཚེའི་མཛད་འཕྲིན་འཇའ་ཡི་གུར་དུ་ཐིམ་པའི་དུས།།
པོ་ཏ་ལ་ཡི་གསེར་ཁྲི་སྟེང་ན་སྔོན་མེད་རྩོད་རྙོག་ཆེན་པོ་ཞིག།
མགོ་ནག་བོད་མིའི་ཉམ་ཆུང་སེམས་ན་གདུང་བའི་ཁུར་པོ་ལྕི་མོ་ཞིག།
ཡིན་ཡང་ྋསྐུ་ཉིད་དལ་གྱིས་ཕེབས་པས་གངས་ཅན་ལྗོངས་སུ་འོད་ཟེར་བསྐྲུན།།

མི་རིགས་ཤིག་གི་བདེ་སྡུག་བསམ་ནས་དགུང་ལོ་བཅུ་དྲུག་བཞེས་པའི་དུས།།
གངས་སེང་དཀར་མོས་མཐོ་རུ་བཏེགས་པའི་གསེར་ཁྲི་མཐོན་པོའི་ཡང་སྟེང་ནས།།
གངས་ཅན་བོད་མི་དམ་པའི་ཆོས་ཀྱི་ལུགས་ལྟར་སྐྱོང་བའི་ལུགས་གཉིས་འགན།།
བྱམས་དང་བརྩེ་བས་སྒོ་གསུམ་ཡུལ་དུ་བཞེས་པས་བོད་མིའི་སེམས་པ་སྤྲོ།།

དམར་པོ་རྒྱ་ཡིས་སྙིང་རྗེ་མེད་པའི་དབང་བསྒྱུར་བཙན་པོའི་དམག་དཔུང་དེ།།
སྣོད་བཅུད་བཟང་ཞིང་གཏེར་སྣ་འཛོམས་པའི་གངས་ལྗོངས་ཡུལ་དུ་དྲངས་པའི་དུས།།
སྙིང་རྗེ་ཆེན་པོས་དུས་གསུམ་གཟིགས་པའི་མཁྱེན་རྟོགས་ཟབ་མོའི་ཐབས་ལམ་གྱིས།།
གཉིས་མོས་གཉིས་ཕན་ཞི་བའི་གྲོས་མོལ་ཡོང་བའི་སྨོན་ལམ་ཡང་ཡང་བཏབ།།

སྙིང་རྗེ་མེད་པའི་དགྲ་བོའི་རང་གཟུགས་སྤྱན་གྱི་ལམ་དུ་མངོན་པའི་དུས།།
ལྷ་སྲུང་མི་སྡེའི་དཔུང་དང་རོགས་པའི་སྲུང་སྐྱོབ་བཙན་པོའི་དཔུང་འོག་ནས།།
སྐྱོབ་ཐབས་བྲལ་བའི་བོད་ཀྱི་སྲིད་གཞུང་ཆོས་སྲིད་གཉིས་ཀྱི་བདག་ཉིད་ཅན།།
ནུབ་ཕྱོགས་རྒྱ་གར་འཕགས་པའི་ཡུལ་དུ་སྤོ་བའི་མཛད་པ་ཡོངས་སུ་བསྐྱངས།།

རང་དབང་རང་བཙན་ཡོངས་སུ་མངའ་བའི་རྒྱ་གར་འཕགས་པའི་ཞིང་ཁམས་ནས།།
གངས་ཅན་བོད་ཀྱི་འབྱུང་འགྱུར་བསུ་བའི་སྟ་གོན་ཡང་དག་བྱེད་པའི་ཆེད།།
གཞུང་དང་སྒེར་ལ་རེ་སྐུལ་ཞུས་ཏེ་གཞིས་ཆགས་དང་ནི་དགོན་སྡེ་སོགས།།
གངས་ཅན་བོད་མིའི་ངོ་བོ་འཛིན་ཆེད་གསར་བསྐྲུན་བྱེད་པའི་མཛད་འཕྲིན་བསྐྱངས།།

སྲིད་ལ་མཁས་པའི་འཛམ་གླིང་རྒྱལ་སྤྱིའི་རང་དབང་གར་སྟེགས་མཐོན་པོ་ནས།།
རྒྱ་ནག་དམར་པོའི་བཙན་དང་གཡོ་སྒྱུའི་མགོ་གཉིས་སྲིད་ཀྱི་སྡེར་འོག་ནས།།
འཇོག་ཏུ་བཅུག་པའི་དྲང་བདེན་མིན་པའི་གྲོས་ཆོད་དོན་ཚན་བཅུ་བདུན་དེ།།
རང་རེའི་གཞུང་གིས་མོས་མཐུན་མེད་པའི་གསལ་བསྒྲགས་དུང་གི་དབྱངས་སྙན་བསྒྲགས།།

ཆོས་ལ་དད་ཅིང་ལས་འབྲས་བརྩི་བའི་གངས་ཅན་བོད་མིའི་སྲིད་གཞུང་འདི།།
བསྟོད་པར་འོས་ཤིང་རང་ཚུགས་བརྟན་པའི་ཡང་དག་སྲོལ་དུ་བསྒྱུར་བའི་སླད།།
སྲིད་ཀྱི་འགྲོ་ལུགས་སྣ་ཚོགས་ཡོད་པའི་དེང་གི་དུས་ཀྱི་ལུགས་སྲོལ་ནས།།
བསྔགས་པར་འོས་པའི་”མང་གཙོའི་”རིང་ལུགས་གངས་ཅན་སྲིད་ཀྱི་སྒྲོམ་དུ་བསླངས།།

དེང་རབས་དུས་ཀྱི་ཤེས་བྱ་ཡོན་ཏན་གངས་ཅན་ཡུལ་དུ་འདྲེན་ཆེད་དང༌།།
གནའ་བོའི་ལུགས་ཀྱི་བསླབ་པ་སློབ་གཉེར་མི་ཉམས་གོང་འཕེལ་གཏོང་བའི་ཆེད།།
ཁྲིམས་མཐུན་དེབ་སྐྱེལ་ཡང་དག་བྱས་པའི་གངས་ཅན་བོད་ཀྱི་སློབ་གྲྭའི་སྡེ།།
བློ་གསར་གཞོན་ནུའི་མདུན་ལྗོངས་བསུ་ཆེད་གྲངས་ཚད་དགུ་བཅུར་ཉེ་བ་བཙུགས།།

ཁྲག་གིས་ཁ་ལོ་ཡོངས་སུ་བསྒྱུར་བའི་དུས་རབས་ཉི་ཤུའི་འགོ་སྟོད་ཀྱི།།
འཛམ་གླིང་འདི་ཡི་སྡུག་བསྔལ་མཐའ་དག་འཁྲུལ་མེད་དགོངས་པས་རབ་དབྱེ་སྟེ།།
གངས་ཅན་བོད་ཀྱི་བདེན་མཐའ་སེལ་ཆེད་”འཚེ་མེད་ཞི་བའི་”ཐབས་ལམ་འདི།།
འཁྲུལ་བ་མེད་ཅིང་ལེགས་པར་གཟིགས་ཏེ་གང་གིས་སྒོ་གསུམ་རྒྱུད་དུ་བསྣམས།།

ཕྱི་རོལ་ཡུལ་གྱི་འཛུགས་སྐྲུན་མཐའ་དག་ལྷ་ཡུལ་ས་ལ་འཕོས་འདྲ་མོད།།
བདེ་བ་མེད་པའི་ནང་བཅུད་འགྲོ་བའི་གདུང་བས་གཟིར་བའི་སེམས་ཁམས་སུ། །
ཆོས་ཀྱི་བདུད་རྩི་ཚིམ་པར་གནང་ཞིང་ཞི་བདེའི་དབྱངས་སྙན་བསྒྲགས་པའི་དུས།།
“འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོའི་”མཚན་མཐོང་འཛམ་གླིང་མཁས་པས་ཕུལ།།

“འཚེ་མེད་ཞི་བའི་”ལྟ་གྲུབ་ཟབ་མོའི་ཡང་དག་དགོངས་པའི་འོད་ཟེར་གྱིས།།
དམག་དང་འཁྲུག་པའི་གྲུབ་འབྲས་མཐའ་དག་རྨེག་མེད་ཡུལ་དུ་དྲངས་ནས་ནི།།
བྱམས་དང་བརྩེ་བའི་གཟིགས་པ་ཡངས་པོ་འགྲོ་བའི་དོན་དུ་མཛད་པའི་མཐར།།
འཛམ་གླིང་ཡངས་པའི་འགྲོ་བ་ཀུན་གྱིས་”ཞི་བདེའི་དེད་དཔོན་”ཞེས་ཀྱང་བསྔགས།།

ཆོས་ཀུན་ཆོས་ཀྱི་སྙིང་པོ་མཐའ་དག་གཅིག་ཏུ་བསྡུས་པའི་བཀའ་དགོངས་ཉིད།།
སྙན་པའི་ངག་གིས་མཐོ་རུ་བཏེགས་ཏེ་འཛམ་གླིང་གོ་ལའི་ཡང་སྟེང་གི།
རླབས་ཆེན་ཆོས་ལུགས་འདྲ་མིན་འདུས་པའི་ཞི་བདེ་མེད་པའི་སྤྱི་ཚོགས་སུ།།
ཆོས་ལུགས་རིས་མེད་ཉི་མའི་འོད་སྣང་ཡོངས་སུ་འཕྲོ་བའི་སླད་དུ་གསུངས།།

“གཞན་ལས་རང་གཅེས་”ལྟ་བ་འཛིན་པའི་དེང་དུས་འཛམ་གླིང་གོ་ལའི་སྲོལ།།
སྲིད་ཀྱི་གོ་སར་ཁ་མེད་སྣ་མེད་ཡོངས་སུ་ཁྱབ་པའི་གནས་སྟངས་འདི།།
སྙིང་རྗེའི་སེམས་ཀྱིས་ཡོངས་སུ་དགོངས་ཏེ་གོ་ལའི་དཀའ་རྙོག་སེལ་བའི་ཆེད།།
ཆོས་ཀྱི་དགོངས་པ་འཁྲུལ་མེད་མངའ་བའི་”རང་ལས་གཞན་གཅེས་”ཀུན་ལ་གདམས།།

སྡུག་བསྔལ་རྒྱ་མཚོའི་དཀྱིལ་དུ་ལྷུང་བའི་སྙིགས་དུས་འགྲོ་བའི་བསོད་ནམས་ཆེད།།
སྡུག་གི་དཀའ་བ་ཁྱད་དུ་བསད་དེ་འཛམ་གླིང་ཡངས་པའི་ས་ཕྱོགས་སུ།།
རིས་མེད་དགོངས་པའི་ལྟ་བ་དམ་པ་ཡོངས་སུ་བསྒྲགས་ཏེ་རབ་རྒྱུ་ཞིང༌།།
དམ་པའི་ཆོས་ཀྱི་སྦྲང་ཆར་བསིལ་མ་འགྲོ་བའི་སེམས་སུ་ཡོངས་སུ་བསྩལ།།

བྱམས་དང་སྙིང་རྗེའི་ཆོས་ཀྱི་བདུད་རྩི་རིས་མེད་འགྲོ་བར་སྦྱིན་པའི་དུས།།
རང་ཡུལ་འཕྲོག་ཅིང་རང་རིགས་གསོད་མཁན་དགྲ་བོ་རྒྱ་ནག་དམར་པོ་ལ།།
སྡང་སེམས་མེད་ཅིང་འཁོན་སེམས་མེད་པས་རྒྱ་ནག་མི་ཡི་སེམས་ཁམས་སུ།།
གངས་ཅན་བོད་ཀྱི་ྋསྐྱབས་མགོན་དམ་པ་འཇིག་རྟེན་འདི་ཡི་སངས་རྒྱས་དངོས།།

ཕ་མེད་དྭ་ཕྲུག་ཡུལ་མེད་འཁྱམ་པོ་ཟས་མེད་སྤྲང་པོ་ཡོངས་ཀྱི་ཆེད།།
ཕྱག་ཟུང་སྙིམ་པ་ཐོད་དུ་བཏེགས་ཏེ་འཛམ་གླྀང་ཡུལ་ལ་སློང་མོ་མཛད།།
རང་དབང་མེད་ཅིང་རང་བཙན་མེད་པའི་གངས་ལྗོངས་སྲིད་ཀྱི་འགྲོ་དོན་དུ།།
ཉིན་མཚན་དུས་དྲུག་ཁོམ་པ་མེད་པར་འཛམ་གླིང་ཧྲིལ་པོ་ཞབས་ཀྱིས་བཅགས།།

སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་འགྲོ་བའི་མགོན་པོ་ཉིད།།
མགོན་མེད་འགྲོ་བའི་སྐྱབས་གཅིག་དམ་པར་མི་འཇིག་རྟག་བརྟན་ལེགས་བཞུགས་ཏེ།།
རང་ལ་གཅེས་ཤིང་གཞན་ལ་གནོད་པའི་དེང་གི་འགྲོ་བའི་སེམས་པ་འདི།།
བྱམས་དང་སྙིང་རྗེས་ཡུན་གྱིས་བཏུལ་ཏེ་འཛམ་གླིང་ཞི་བདེར་འགོད་དུ་གསོལ།།
 

རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ཚིག་སྦྱོར་ལེགས་ཤིང་འབྲེལ་ཆགས་པ། ཚིགས་བཅད་སོ་སོའི་བརྗོད་དོན་གསལ་ཞིང་བཀོད་སྒྲིག་ལེགས་པ། བརྗོད་དོན་གཙོ་བོ་ལེགས་པར་མཚོན་འདུག་པས། ནང་དོན་དང༌། སྒྲིག་རིམ། ཚིག་སྦྱོར་བཅས་གང་ལ་བལྟས་ཀྱང་ཚིགས་བཅད་རྩོམ་ཡིག་ལེགས་གྲས་སུ་བརྩིས་ཆོག་སྙམ། རྩོམ་ཡིག་ནང་ཚིག་ཟློས་པ་དང་ཡིག་ནོར་རེ་ཟུང་འདུག་པས་ཞན་ཆ་ཆུང་ངུ་ཙམ་ལའང་སྣང་མེད་དུ་མི་གཏོང་བར་ཡིད་གཟབ་བགྱིས་ན་གཟེངས་སུ་ཐོན་པའི་འབྲས་བུ་སྨིན་པར་ངེས།

གོང་ས་མཆོག་གི་བཀའ་དྲིན།(ཨང་གཉིས་པ)

བསོད་ནམས་སྒྲོལ་དཀར། གོ་པལ་པུར་བོད་ཀྱིམ་སློབ་གྲྭ།

བྱམས་དང་སྙིང་རྗེའི་ཆུ་གཏེར་རབ་རྒྱས་སྐུ་གཟུགས་གསེར་གྱི་ལྷུན་པོ་ཇི་བཞིན་རབ་བརྗིད་ཅིང༌། །
གཞན་ཕན་ལྷག་བསམ་བདུད་རྩི་རབ་མངར་གསུང་དབྱངས་དཔྱིད་ཀྱི་སྦྲང་ཆར་ཇི་བཞིན་འཇོ་མཛད་པ། །
ཇི་སྙེད་རབ་འབྱམས་ཤེས་བྱ་ཀུན་ལ་བྱང་བའི་ཐུགས་རྒྱུད་དབྱར་མཚོ་ཇི་བཞིན་མཐའ་ཀླས་པ། །
རྨོངས་པའི་སྨག་རུམ་སྟུག་པོ་སེལ་མཛད་གངས་རིའི་སྐྱབས་རྗེ་དུང་ཟླ་དཀར་པོར་བདག་ཕྱག་འཚལ། །

    ཞེས་མཆོད་བརྗོད་ཀྱིས་སྔོན་བསུས་ཏེ། གངས་ལྗོངས་ལྷ་མི་ཡོངས་ཀྱི་དད་གདུང་དྲག་པོའི་མེ་ཏོག་ཆུན་པོ་གང་ལ་ཕོག་པའི་ྋསྐྱབས་མགོན་ཡིད་བཞིན་ནོར་བུ་གང་གི་སྒོ་གསུམ་གྱི་མཛད་རླབས་ནི་མཐའ་ཡས་རྒྱ་མཚོ་ལས་གཏིང་ཟབ་ཅིང༌། རབ་བརྗིད་མཐོ་སྒང་གི་ཤེལ་དཀར་ལྷུན་པོ་ལས་ཀྱང་དཔངས་མཐོ་བ་ཞིག་ཡིན་པས་ལྔ་རིག་ཡོན་ཏན་གྱི་གོ་ཆ་དམན་ཞིང༌། འཚོ་བའི་ཉམས་མྱོང་གི་ཕུ་ཐག་ཐུང་བའི་གངས་ཕྲུག་བློ་དམན་བདག་གིས། གང་གི་གསང་གསུམ་མཛད་འཕྲིན་གྱི་གཟི་མདངས་མཐའ་དག་གླེང་བའི་རྣམ་དཔྱོད་ཀྱི་རིག་རྩལ་མ་མཆིས་ཀྱང༌། “རྒྱ་མཚོའི་ནང་གི་ཆུ་ཐིགས་དང༌། །སྐམ་སའི་ཐོག་གི་རྡོ་ཆུང༌། །”ཞེས་འཇིག་རྟེན་པའི་ཁ་དཔེར་གྲགས་པ་ལྟར། ཕྱིས་འབྱུང་སོན་རྩ་ངས་ཤོག་སྙུག་གི་ལམ་ནས་ཀློག་པ་པོའི་སྤྱན་ལམ་དུ་དགའ་དད་སྤྲོ་གསུམ་གྱིས་གཟིགས་འབུལ་གང་ནུས་ཞུ་བར་བདག་སེམས་མཚོ་བྱུང་མར་དགའ་བའི་ཆུ་གཏེར་ཆིལ་ཆིལ་དུ་གཡོ་བ་ལགས།
    དེ་ཡང༌། གངས་ལྗོངས་འགྲོ་མགོན་འཕགས་མཆོག་པད་དཀར་འཆང་བས་སྲིད་ཞིའི་འཇིགས་སྒྲོལ་ཀུན་མཁྱེན་སྤྱན་སྔར་ཐུགས་དམ་གང་མཛད་བཞིན། གངས་རིའི་ལྗོངས་སུ་ཆོས་སྲིད་ཀྱི་ཉི་ཟླའི་ཕྲེང་བ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་དང༌། དེ་བཞིན་ྋརྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་དུ་མར་ཕེབས་ཏེ་འདྲེ་སྲིན་གདུག་པ་ཅན་གྱིས་ཁེངས་པའི་ཡུལ་མཐའ་འཁོབ་བྷོ་ཊའི་ལྗོངས་སུ་ཀླ་ཀློ་དང༌། རྨོངས་ཞེན། རྗེས་ལུས་སོགས་ཀྱི་ནགས་ཚལ་བྱམས་བརྩེ་མེ་ལྕེས་བསྲེགས་ཏེ། གངས་ཅན་པའི་དད་འདུན་ས་གཞིའི་གཤིན་ས་རུ་དམ་པའི་ཆོས་ཀྱི་མྱུ་གུ་གསར་དུ་འབུས་ཏེ། རྗེ་འབངས་སྐྱ་སེར་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་ཆོས་སྲིད་གཉིས་ཀྱི་དཔལ་ལ་ལོངས་སྤྱོད་ནུས་པའི་གང་གི་འདས་པའི་བོད་ཀྱི་ཟབ་བརླིང་ལོ་རྒྱུས་ཁྲོད་དུ་གནས་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་རྣམས་དུས་འདིར་མི་གླེང་བར། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་དུས་མཚམས་ཏེ་གངས་ལྗོངས་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཆེས་ཉག་ཕྲ་ཞིང་རླུང་ཁྲོད་ཀྱི་མར་མེ་ཇི་བཞིན་འཆི་ལ་ཉེ་བའི་གནས་སྟངས་འདིར། གང་གི་རབ་ཡངས་ཐུགས་རྗེའི་མཁའ་ལས་མཛད་རླབས་གསེར་གྱི་ཆར་ཐིགས་གངས་རིའི་ལྗོངས་སུ་འཇོ་བའི་བཀའ་དྲིན་གྱི་སྡོམ་ཚིག་ཅིག་བཀོད་ན་འདི་ལྟ་སྟེ།
    ཆེས་ཉག་ཕྲ་ཞིང་སྣུམ་ཟད་མར་མེ་ལྟ་བུའི་བོད་ཀྱི་གཉན་འཕྲང་གི་གནས་སྟངས་ཏེ། ཤར་ཕྱོགས་རྒྱ་ནག་ཏུ་དམར་པོའི་དྲག་ཤུགས་ལངས་ཤིང༌། བོད་ཀྱི་ས་ཁྱོན་རྣམས་”ལྗོངས་ཞིང་ལྔ་”ཞེས་ཁ་བྲལ་སོ་སོར་དུམ་བུ་བགོས་པ་དང༌། བོད་ཀྱི་ནང་སྲིད་དབར་ལ་ཆེ་དོར་ཆུང་འཛིན་གྱིས་འགལ་ཟླར་གྱུར་བ། དེ་བཞིན་ལྷོ་ཤར་ཁྱིམ་མཚེས་རྒྱ་གར་འཕགས་པའི་ཡུལ་དུ་མི་རིགས་ཀྱི་འཐབ་རྩོད་དང་རང་དབང་སྒེར་ལངས་གཡུལ་འགྱེད་ཀྱི་རྦ་ཀློང་འཁྲུགས་པའི་ཚེ་ན། མདོ་སྨད་སྟག་འཚེར་དམ་པའི་ཞིང་ནས་ལྷ་དང་བླ་མའི་ལུང་བསྟན་བཞིན་སྐུ་ཡི་མེ་ཏོག་གངས་རིའི་ལྗོངས་སུ་འཛུམ་པས། གངས་ཅན་པ་རྣམས་རབ་དགའི་དད་པས་བསྐུལ་ནས་”ཤར་ཕྱོགས་གསེར་གྱི་རི་ནས། །གསེར་གྱི་ཉི་མ་ཤར་བྱུང༌། །ཁྲི་གདུགས་ཉི་མའི་འོད་ཟེར། །འཛམ་གླིང་ཡོངས་ལ་ཁྱབ་སོང༌། །སྟག་འཚེར་སྐྱིད་པའི་འཁྲུངས་ཡུལ། །རྒྱལ་ཡུམ་བྱམས་པའི་ཨ་མ། །ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ། །འགྲོ་བའི་དོན་དུ་ཕེབས་སོང༌། །”ཞེས་བོད་ཀྱི་རྒྱལ་ཁམས་ཡོངས་ལ་ལྷང་ལྷང་དགའ་བའི་གླུ་སྒྲས་ཀུན་ཏུ་དགེ་བར་བྱས།
    དེ་ནས་བྱིས་དུས་སྐུ་ན་ཤིན་ཏུ་ཕྲ་བ་སྟེ། དགུང་གྲངས་བཞི་ནས་བྱམས་ལྡན་ཕ་མའི་འོ་ཞོ་ལས་གྱེས་ཏེ་ཕོ་བྲང་རི་བོ་གྲུ་འཛིན་དུ་གསེར་ཁྲི་མཐོན་པོར་མངའ་གསོལ་ཞུས་པ་དང༌། བརྒྱད་གཉིས་བཅུ་དྲུག་ལང་ཚོའི་ཆ་ཙམ་ནས་བོད་འབངས་ལྷ་མི་ཡོངས་ཀྱི་གསོལ་སྨོན་དང༌། བོད་ཀྱི་ཆགས་འཇིག་ཆེ་བའི་ཉམས་རྒུད་ལ་ཐུགས་ཀྱིས་མ་བཟོད་པར་གངས་ལྗོངས་བོད་ཀྱི་ལུགས་གཉིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བཞེས་ཏེ། རང་དོན་རྒྱབ་བསྐྱུར་དང༌། གཞན་ཕན་ལྷག་བསམ་ཐུགས་བརྩེས་བོད་འབངས་རྣམས་ཀྱི་བདེ་སྡུག་སླད་དུ་ས་ཕྱོགས་གང་སར་སྐུ་ངལ་ཁྱད་གསོད་ཀྱིས་ཞབས་ཀྱིས་བཅགས་པའི་འདས་པའི་བོད་ནང་གི་བཀའ་དྲིན་ཤིན་ཏུ་ཆེ།
    དེ་ལྟར་བོད་འབངས་མཚན་དགུང་སྐར་ཚོགས་དབུས་སུ་ཉ་རྒྱས་ཟླ་བ་ཇི་བཞིན་གང་གི་མཛད་འཕྲིན་གྱི་གཟི་འོད་ལྷག་པར་རྒྱས་ཀྱང༌། གངས་ལྗོངས་ཀྱི་ལས་དབང་གི་རླུང་དམར་དང༌། ཤར་ཕྱོགས་ཀླ་ཀློ་བཙན་པོས་མི་གསོད་འཕྲོག་བཅོམ་གསུམ་གྱི་གདུག་རྩུབ་ཀྱི་གཉའ་གནོན་འོག བོད་འབངས་རྣམས་ཀྱི་གདུང་བ་ཐུགས་ཀྱིས་མ་བཟོད་པར། བྲལ་འདོད་ཐུགས་ལ་མེད་བཞིན་དུ་མ་ཡུམ་གངས་ལྗོངས་བསྐྱུར་ཏེ། སྐུ་ངལ་གྱི་རྔུལ་ཆུའི་ཐིགས་པ་གཏོར་བཞིན་ངམ་གྲོག་གཡང་གཟར་གྱི་རི་ཀླུང་འཕྲེད་ཀྱིས་བཅད་དེ། མི་ཡུལ་ས་མཐའི་ཡུལ་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་ལམ་གསར་བའི་དབུ་ཁྱུད་བྲིས།
    དུས་དེ་ནས་བཟུང༌། འདུ་འཛི་ཆེ་བའི་བཙན་བྱོལ་ནང་གང་གི་རྒྱབ་ལྗོངས་ཀྱི་སྐུ་དོན་ལ་ཐུགས་བསམ་གྱི་སྣེ་མོ་ཙམ་ཡང་མེད་པར་ཐམས་ཅད་གངས་ཅན་པའི་དོན་དུ་སྐུ་ངལ་བསྐྱོན་ཡོད་ལ། མི་ཡུལ་མྱུལ་བའི་གོམ་པ་དང་པོ་ནས། བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་སོགས་མི་རིགས་ཀྱི་ལམ་ལུགས་ཀྱི་ངོ་བོ་མི་བརླག་རྒྱུན་འཛིན་དང༌། ཉམས་པ་སླར་གསོ་ཡོང་ཆེད་དུ། ཐོག་དང་པོ་བོད་ཀྱི་ཤེས་ཡོན་དང་བོད་ཕྲུག་རྣམས་ལ་གནའ་དེང་གི་ཤེས་ཡོན་གཉིས་ཀྱི་འདབ་གཤོག་བསྐྲུན་ཆེད་དུ་བོད་ཁྱིམ་སློབ་གྲྭ་ཁག་རིམ་པས་གསར་འཛུགས་ཀྱིས་གནའ་དེང་གི་ཤེས་ཡོན་མཁོ་སྤྲོད་དང༌། དེ་བཞིན་བོད་ཀྱི་སྔར་སྲོལ་གོམས་གཤིས་བཟང་པོ་རྣམས་རྒྱུན་མཐུད་སློབ་གཉེར་གྱི་ན་ཆུང་བོད་ཕྲུག་རྣམས་ཀྱི་ཡ་ང་བའི་འཚོ་བར་ཤེས་རིག་གི་བདུད་རྩི་གནང་ཞིང༌། འབྱུང་འགྱུར་བདེ་སྐྱིད་འཚོ་བའི་མ་ནོར་ལམ་བཟང་གི་སྒྲོན་མེ་སྦར། ན་གཞོན་དང་གྲྭ་བཙུན་རྣམས་ལ་ཆེས་མཐོའི་ལས་གནས་དང་ནང་བསྟན་སློབ་གཉེར་བྱ་ཡུལ་གྱི་གདན་ས་ཁག་གསར་འཛུགས་གནང་བ་སོགས་བཙན་བྱོལ་དུ་ཡོད་པའི་བོད་མི་རྒན་བྱིས་གཞོན་གསུམ་མཐའ་དག་ལ་སྤྱིར་བོད་ཀྱི་བདེན་མཐའ་མྱུར་གསལ་དང༌། ཡང་སྒོས་རང་ཉིད་ཀྱི་མི་ཚེ་དོན་སྙིང་གི་བྲོ་བཅུད་ལྡན་པ་ཞིག་ཡོང་ཐབས་ལ་ཉིན་མཚན་དབྱེར་མེད་སྐུ་ངལ་ཁྱད་གསོད་ཀྱིས་མཛད་བྲེལ་རྒྱ་ཆེར་སྤེལ་བར་བཀའ་དྲིན་དྲན་བཞིན་བདག་ཡིད་དད་གདུང་གི་བ་སྤུ་རབ་ཏུ་གཟེངས།
    ལྷག་པར་དུ། རང་དོན་ཕྱོགས་ལྷུང་གི་གཡའ་ཙམ་མེད་པར་བོད་ཀྱི་བདེ་སྡུག་ཆེད་དུ་འཛམ་གླིང་ས་ཕྱོགས་གང་སར་ཞབས་ཀྱི་ཁ་ལོ་བསྒྱུར་ཏེ། ཞི་བ་སྒམ་བརླིང་གི་སྒོ་ནས་བོད་དོན་གྲོས་མོལ་ཡོང་ཐབས་དང༌། བོད་ཕྲུག་རྣམས་ལ་དུས་རབས་དང་མཐུན་པའི་ཆ་རྐྱེན་སྤྲོད་སླད་ཕྱག་ཟུང་ཐལ་མོ་སྦྱར་ནས་ཉམ་ཐག་སྤྲང་པོའི་ཉམས་བཞིན་སློང་མོ་བྱེད་པའི་བཀའ་དྲིན་དང༌། དེ་བས། “དམ་པ་རེ་ཞིག་ཉམས་ན་ཡང༌། །སྤྱོད་པའི་ཁྱད་པར་ལྷག་པར་མཛེས། །”ཞེས་ས་པཎ་གྱིས་གསུངས་པ་བཞིན། རྒྱ་སྟག་དམར་པོའི་ངར་ཤུགས་ཇི་ལྟར་ཆེ་ཡང༌། ཞི་བ་དང༌། སྙིང་རྗེ། འཚེ་བ་མེད་པའི་ཐུགས་རྒྱུད་ཀྱིས་ཞི་མོལ་གྱི་སྒོ་ནས་བོད་དོན་འཐབ་རྩོད་ལས་དྲག་པོའི་མཚོན་ཆ་ནམ་ཡང་མི་འཛིན་པ། དེང་གི་ཆར་ཡང་”དབུ་མའི་ལམ་”ཞེས་རང་རྒྱལ་གཞན་ཕམ་དང༌། ཁོ་གསོད་ང་རྒྱལ་གྱི་ལྟ་བ་དང་བྲལ་བའི་ཕྱོགས་ཕན་ཚུན་གཉིས་ཀར་སྨན་པའི་ལམ་བུའི་ཐོག་དངོས་ཤུགས་བརྒྱུད་གསུམ་གྱི་འབད་བརྩོན་གནང༌།
    དེ་ལྟར་སྤྱིར་ན་མི་རིགས་ཤིག་གི་དོན་ཆེན་དང་ཡང་སྒོས་འཛམ་གླིང་ས་ཡི་དཀྱིལ་འཁོར་ལ། འཐབ་རྩོད་དང་མུ་གེ་སོགས་ཀྱི་འཇིགས་པ་སྒྲོལ་སླད་དུ་ཞི་བདེའི་ཆར་སྤྲིན་འབེབས་མཐུས། འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས༌། གཞལ་བར་དཀའ་བའི་གང་གི་ཐུགས་བརྩེའི་བཀའ་དྲིན་ལ་བསམ་གཞིགས་རྣལ་མ་ཞིག་བྱེད་སྐབས། ངོ་མ་ཁྱེད་ནི་ང་ཚོའི་སེམས་ངོགས་ནས་ནམ་ཡང་ཡལ་ཐབས་བྲལ་བའི་ཉི་མ་ཞིག་ཡིན་ལ། ལམ་སྟོན་གྱི་སྒྲོན་མེ་ཞིག་ཀྱང་ལགས།
    དེ་བས་གང་གི་བཀའ་དྲིན་རྒྱ་མཚོའི་རླབས་ལ་བསྐལ་བ་བརྒྱར་འབད་པ་བྱས་ཀྱང་གཞལ་མི་ནུས་ཀྱང༌། གངས་སེང་གཞོན་ནུ་ང་ཚོས་གང་གི་བཀའ་དྲིན་དག་དྭངས་པའི་སེམས་ཀྱི་ངོས་ལ་ཕབ་སྟེ། གང་ཉིད་ཀྱི་བཀའ་དགོངས་བཞིན་རིག་པའི་གནས་ལ་ངང་པ་པད་མཚོར་འཇུག་པ་ལྟ་བུའི་འབད་བརྩོན་གྱིས་ཁྱེད་ཀྱི་གནས་སྐབས་དང་མཐུར་ཐུག་གི་དགོངས་བཞེད་བསྒྲུབ་པར་འབད་འབུངས་བྱེད་ཆོག
གངས་ཅན་མགོན་པོའི་བཀའ་དྲིན་གླེང་བའི་ངང་ཚུལ་འདིས། །གངས་ཅན་བོད་ཀྱི་རིག་གནས་སྔར་བཞིན་རྒྱས་པ་དང༌། །
གངས་ཅན་ལྗོངས་ཀྱི་སྲིད་འབྱོར་དཔྱིད་དཔལ་དར་བ་སོགས། །གངས་ཅན་མགོན་པོའི་ཐུགས་དགོངས་ལྷུན་གྱིས་འགྲུབ་པར་ཤོག །
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ཚིག་སྦྱོར་ལེགས་ཤིང༌། བརྗོད་དོན་གཙོ་བོ་མཚོན་བྱེད་ཀྱི་རྒྱུ་ཆ་དམས་འདེམས་བསྒྲིགས་དང་བཀོལ་སྤྱོད་བྱེད་སྟངས་འོས་ཤིང་འཚམས་པ། ཤེས་ཚད་དང་ན་ཚོད་ལ་དཔགས་ན་རྩོམ་ཡིག་གི་བརྗོད་དོན་ཟབ་ཅིང་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆ་དུ་མ་ལྡན། ཡིན་ན་ཡང༌། ཡི་གེ་ནོར་བ་དང་ཚིག་སྦྱོར་མི་བདེ་བ་ཅུང་ཟད་འདུག་པ་རྩོམ་སྒྲིག་པས་བཅོས་ཡོད་པས། སླད་ཕྱིན་ཐུགས་སྣང་གིས་འབད་པ་ལྷོད་མེད་བྱོས་ཤིག།

གོང་ས་མཆོག་གི་བཀའ་དྲིན།(ཨང་གསུམ་པ)

དོན་གྲུབ། མ་སུ་རི་བོད་ཁྱིམ་སློབ་གྲྭ།

    གསེར་དངུལ་ལས་ལྷག་པའི་དགའ་ཞེན་ཆེ་བའི་འཇིག་རྟེན་འདིའི་ནང༌། ཁོ་བོའི་ཡིད་ཀྱི་མེ་ལོང་ངོས་སུ་འཆར་བ་ནི་བགྲེས་སོང་ཞིག་གོ །
    ཁོང་ནི་སྤྱི་ལོ་༡༩༣༥ ལོའི་ཟླ་༧ པའི་ཚེས་༦ ཉིན་མུ་མཐའ་བྲལ་བའི་འཇིག་རྟེན་འདིའི་ནང་དུ་སྐུའི་མཚན་དཔེའི་དཀྱིལ་འཁོར་བཞད་པའི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན།
    ཚེ་སྔོན་ལས་དབང་དང་རྒྱུ་རྐྱེན་གང་དག་ལ་བརྟེན་ནས་ཁོང་གི་ཡིད་འོང་རྣམ་པར་བཀྲ་བའི་ན་གཞོན་ལང་ཚོ་དཔྱིད་ཀའི་མེ་ཏོག་ལྟར་དར་བཞིན་པའི་སྐབས་བོད་རྒྱལ་ཁབ་ཀྱི་འབྱུང་འགྱུར་མདུན་ལམ་གྱི་ཁུར་བོ་ལྕི་མོ་ཕྲག་ཏུ་བཞེས་གནང་མཛད། འདས་པའི་ལོ་ངོ་བདུན་ཅུའི་ནང༌། ཁོང་གི་ཐུགས་སེམས་གངས་ལྟར་དཀར་བའི་ལྷག་བསམ་གྱིས་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་ཡོན་དར་རྒྱས་དང༌། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས་ཀྱི་ལེགས་བྱང༌། དེ་དག་གི་གཞི་རྩ་བོད་ཀྱི་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་ཐུབ་ཐབས་སུ་བགྲེས་སོང་གང་ཉིད་བཙན་བྱོལ་དུ་ཕེབས་པའི་ཉིན་ཐོག་མ་ཉིད་ནས། མ་འོངས་པའི་བོད་ཁ་བ་ཅན་གྱི་ས་བོན་གྱི་མྱུག་གསར་གཞོན་སྐྱེས་རྣམས་ཀྱིས་དེ་དག་ཤུལ་འཛིན་ཡོང་ཆེད། བོད་པའི་སློབ་གྲྭ་ཟུར་འཛུགས་དགོས་པའི་དགོངས་པ་རྒྱ་ཆེར་བཞེས།
    བོད་དོན་བདེན་མཐའ་གསལ་ཐབས་སུ་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པའི་ངང་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་ནས་ཉོན་མོངས་དུག་གསུམ་གྱིས་ཡོངས་སུ་བསྒྲིབས་པའི་གང་ཟག་དེ་དག་ལ་ཕྱག་གཉིས་ཐལ་མོ་སྦྱར་ཏེ་བོད་དོན་རྒྱབ་སྐྱོར་བཙལ་བ་དང༌། བགྲེས་སོང་ཁོང་གི་རང་ཉིད་ཀྱི་ཡོད་ཚད་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡོངས་སུ་བློས་གཏོང་མཛད་དེ་ཉིན་མཚན་དུས་དྲུག་ཏུ་བསམ་རྒྱུ་བོད་དང༌། དྲན་རྒྱུ་བོད་མི་ལས་མེད། བགྲེས་སོང་ཁོང་གི་བདག་ཅག་ཁ་བ་ཅན་རྣམས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན། ཁོང་གི་བཀའ་དྲིན་ནི་མུ་མཐའ་བྲལ་བའི་ནམ་མཁར་ཡང་ཤོང་ཐབས་མེད། ཁོང་ནི་འཛམ་གླིང་ཟླུམ་གཟུགས་འདིའི་ནང་གནས་པའི་སྲོག་ཆགས་དང༌། རྩི་ཤིང༌། ས་རྡོ། མདོར་ན་སྲོག་ལྡན་དང་སྲོག་མཻད་མ་ལུས་པར་ཡང་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན། ཁོང་གི་སྐུ་ལས་འཁྲུངས་པའི་འོད་ཟེར་སྟོང་དག་གིས་འཛམ་གླིང་ཞི་བདེ་བསྐྲུན་ཅིང༌། ཁོང་གི་ལྷག་བསམ་དང་གཞན་ཕན། སྙིང་རྗེ་ཆེན་པོས་དམན་ལ་ལྷག་པར་བརྩེ་བ་སྦྱིན། དེ་དག་ལ་བརྟེན་ནས་ཁོང་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་ཞིང༌། སེམས་ཅན་ཐམས་ཅད་ཀྱིས་གླུ་དབྱངས་དང་མཚན་སྙན་ཕུལ།
    བགྲེས་སོང་ཁོང་ནི་ཁེངས་པའི་དྲི་མས་མ་གོས་པར་དབྱར་ཁའི་ཆུ་རྒྱུན་བཞིན་མུ་མཐུད་འགྲོ་དོན་མཛད། ཁོང་གི་མཚན་སྙན་འདི་དག་ནི་མཐུ་དང་རྫུ་འཕྲུལ་ལས་བྱུང་བ་ཞིག་མིན་ལ། རྒྱུ་ནོར་ལོངས་སྤྱོད་ལས་བྱུང་བ་ཞིག་དེ་བས་ག་ལ་ཡིན། འདི་དག་ནི་ཁོང་གི་ཐུགས་རྒྱུད་ལ་ལུས་དང་གྲིབ་མ་བཞིན་འགྲོགས་པའི་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས། གཞན་ཕན་སོགས་ལས་བྱུང་བ་ཞིག་ཡིན་ནོ། །ཁོང་གི་མཚན་སྙན་འདི་དག་ལ་བརྟེན་ནས། སྔར་འཛམ་གླིང་སྟེང་གྲགས་རྒྱུ་མེད་པའི་བོད་རྒྱལ་ཁབ་འདི་འཛམ་གླིང་གི་ཡང་རྩེར་དྲངས་ཐུབ་ཡོད།
    འདས་པའི་ལོ་ཟླའི་ནང་ཕྱི་མིག་ཅིག་བལྟས་ན། ཁོང་གི་བདག་ཅག་གངས་ཅན་པ་རྣམས་ལ་ཡང་དག་པའི་མང་གཙོའི་གཞུང་ཞིག་བྱ་དགའ་གསོལ་རས་སུ་བསྩལ་ཡོད། རྒྱལ་ཁབ་གཞན་གྱིས་ཡིན་ན་མང་གཙོའི་གཞུང་གི་ཆེད། མི་དམངས་རྣམས་དང་གོང་མ་བར་ཕན་ཚུན་མི་མཐུན་པ་མང་དག་ཅིག་ཡོང་གི་ཡོད། འོན་ཏེ་བོད་མི་རྣམས་ལ་བགྲེས་སོང་ཁོང་གི་བཀའ་དྲིན་ལ་བརྟེན་ནས་དཀའ་ངལ་དེའི་རིགས་འཕྲད་པ་ཉུང༌། མ་ཟད་ཕྱིས་སུ་ཁོང་གི་དབུ་མའི་ལམ་ཡང་དག་ཅིག་ཀྱང་མི་དམངས་རྣམས་བསྩལ་གནང་མཛད་ཡོད།
    ངོ་མ་་་་་་་་་་་་་  མི་ལོ་སྟོང་ཕྲག་བར་གནས་ཀྱང་བགྲེས་སོང་ཁོང་གི་བཀའ་དྲིན་གསབ་ཐབས་མེད། ཁོང་ནི་འཛམ་གླིང་ཡོངས་ཀྱི་ཞི་བདེའི་མགོན་སྐྱབས་དང༌། ལྷག་པར་ཁ་བ་ཅན་གྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན། བགྲེས་སོང་ཁོང་ཉེ་ཆར་དགུང་ལོ་བདུན་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བདག་ཅག་སྐྱེ་འགྲོ་ཡོངས་ལ་ཚིག་གཉིས་ཤིག་སྐྱབས་འཇུག་གནང་ཡོད། དེ་དག་ནི་”བྱང་སེམས་ཀྱི་ལས་ལ་བརྩོན། གཞན་ཕན་གྱི་བསམ་བློ་ཐོངས།”ཞེས་པའོ།།
    བགྲེས་སོང་ལགས་་་་་་་་་་་  ཁྱེད་ནི་རྟག་ཏུ་ཁོ་བོའི་སྙིང་དབུས་སུ་གནས་པའི་དམིགས་བསལ་གྱི་གང་ཟག་ཅིག་ཡིན། ཁྱེད་ནི་ཁོ་བོར་ཧ་ཅང་གི་བཀའ་དྲིན་ཆེ། ཁོ་བོས་ཁྱེད་ཀྱི་བསྩལ་བའི་ཚིག་འདི་གཉིས་ལ་ལྷག་བསམ་ཞུམ་པ་མེད་པའི་ངང་ད་ནས་ཉམས་ལེན་བྱས་ནས། ཁྱེད་ཀྱི་བདག་ཅག་སྐྱེ་འགྲོ་ཀུན་ལ་བཀའ་དྲིན་བསྐྱངས་པའི་དྲིན་ལན་ཆ་ཙམ་ཞིག་མཇལ་ཨེ་ཐུབ་འབད་པ་བྱེད་རྒྱུ་ཡིན།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ཚིག་སྦྱོར་བདེ་ཞིང་བརྩེ་དུང་གི་ཉམས་གང་ལེགས་ཐོན་འདུག ཡིག་ནོར་ཉུང་ཞིང་དུམ་མཚམས་ཀྱི་དབྱེ་བ་གསལ་བ། རྩོམ་ཡིག་གི་འགོ་འཛུགས་སྟངས་དང་མཇུག་བསྡུ་སྟངས་ཀྱང་ལེགས་པར་མཐོང༌། ཡིན་ནའང༌། ཕྱིན་ཆད་རྩོམ་ཡིག་གི་བརྗོད་བྱ་གཙོ་བོ་མཚོན་པར་གཞོགས་འདེགས་ནུས་པའི་རྒྱུ་ཆ་འདེམས་སྟངས་དང༌། བརྗོད་དོན་གཏིང་ཇེ་ཟབ་ཏུ་གཏོང་བའི་ཕྱོགས་སུ་འབད་བརྩོན་དགོས་པར་སྙམ།

མདུན་ཤོག

Menu