༄༅། །ང་ཡི་ཁྱིམ་ཚང།

ཉི་མ་མཚོ། སུ་ཇ་བོད་ཁྱིམ། (ཨང་དང་པོ)

༄༅། །གོ་ལ་ཟླུམ་ཟླུམ་འདིའི་དཀྱིལ་འཁོར་ན་འཚོ་བའི་ང་ཚོ་འགྲོ་བ་མིའི་རིགས་ཡིན་རུང་ཆེས་ཐོག་མའི་ལྟེ་ཁྲག་འཕོ་སའི་ཁྱིམ་ཚང་ཞིག་ཡོད་པ་ནི་ང་ཚོའི་ངོ་བོ་ཞིག་ཡིན་པ་མ་ཟད། ཐ་ན་དུད་འགྲོ་དང་བྱ་བྱིའུ་སོགས་ལ་ཡང་ཐུན་མོང་མ་ཡིན་པའི་གནས་ཡུལ་ལམ་ཡང་ན་ཚང་རེ་ངེས་པར་དུ་ཡོད་པ་རེད།
    སྤྱིར་བཏང་རྐང་གཉིས་ཅན་གྱི་མི་ལ་མཚོན་ན་ཁྱིམ་ཚང་ཞེས་པ་ནི་ཕ་མ་དང་བུ་ཕྲུག་མཉམ་དུ་འཚོ་སྡོད་བྱེད་སའི་གནས་མལ་ཞིག་ཡིན་ལ་མི་ཚེ་ཡི་འཚོ་བ་མཁོ་སྒྲུབ་བྱེད་སའི་གནས་ཁང་ཞིག་ཀྱང་ཡིན། སྐབས་འདིར་ང་རང་ལ་མཚོན་ན། ངའི་ཁྱིམ་ཚང་ནི་ཡན་ལག་བདུན་འཛོམས་ཀྱི་ཤེས་རིག་བཀྲ་བའི་བོད་ཁྱིམ་སློབ་གྲྭ་ཡིན་ལ། ངའི་ཁྱིམ་ཚང་གི་གནས་རིམ་དང་འཚོ་བའི་གནས་སྟངས་ནི་འདི་ལྟར་ཏེ།

ཡངས་པའི་འཛམ་གླིང་འཁོད་སྙོམ་པའི་སྲིད་པའི་ཁམས་ཀྱི་རྩེ་མོ་ནས། །
ང་ཡི་ཁྱིམ་ཚང་བོད་ཁྱིམ་སློབ་གྲྭ་ཡུལ་གྲུ་འདི་ན་དར་ཞིང་རྒྱས། །
ཁྱིམ་གྱི་མི་དང་གནས་སྟངས་ལ་སོགས་ཁྱེད་ཀྱི་སྙན་ལ་ཡར་ཞུས་བྱ། །
རྣ་བའི་དབང་པོ་ཚུར་ལ་བཀུག་ནས་ཁྱེད་སེམས་གཡེང་བ་མེད་པར་སྙན་གསོན་ཅིག། །
ང་ཡི་ཁྱིམ་གྱི་ཡབ་ཆེན་ཆེན་པོྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡིན། །
བྱམས་ཀྱིས་སྐྱོང་མཁན་མ་ཡུམ་ཆེན་མོ་ལྷ་ལྕམ་རྗེ་བཙུན་པདྨ་དང། །
ཐུགས་ཀྱི་བརྩེ་བ་མངར་མོ་སྤྲོད་མཁན་གཅེན་པོ་བོད་ཁྱིམ་དབུ་ཁྲིད་ཡིན། །
ལེགས་པའི་ལམ་ལ་སྐྱེལ་མ་བྱེད་མཁན་གཅེན་མོ་བོད་ཁྱིམ་ལས་བྱེད་ཡིན། །
ཁྱིམ་གྱི་བུ་ཕྲུག་སྟོང་ཕྲག་མང་པོ་འཛུམ་གྱི་ཉམས་མདངས་རྒྱས་ནས་ཡོད། །
ཕ་མའི་བཀའ་བཞིན་དང་དུ་བླངས་ནས་རིག་པའི་གནས་ལ་བརྩོན་བཞིན་ཡོད། །
སྤུན་མཆེད་མཆོག་གི་ལམ་སྟོན་བཞིན་དུ་ཞི་བའི་ལམ་དུ་བསྐྱོད་མུས་ཡོད། །
ང་ཡི་ཁྱིམ་ཚང་བོད་ཁྱིམ་སློབ་གྲྭ་བོད་པ་རྣམས་ཀྱི་རྒྱན་ཅིག་ཡིན། །
ཁྱིམ་གྱི་ཡབ་ཆེན་འགྲོ་དྲུག་དོན་དུ་དཀའ་བའི་ལས་ལ་ཞུགས་བཞིན་དུ། །
འཛམ་གླིང་ཞི་བདེའི་ལས་དོན་རྒྱས་ཕྱིར་ཀུན་གྱི་ཆེད་དུ་རྩོལ་བ་བྱེད། །
ཁྱིམ་གྱི་ཡུམ་ཆེན་བུ་ཕྲུག་དོན་དུ་ཕྱི་ཡུལ་རྒྱལ་ཁམས་འགྲིམས་བཞིན་དུ། །
ཁྲི་མ་འབུམ་གྱི་བུ་ཕྲུག་མང་པོ་བྱམས་པའི་ངང་ནས་འཚར་ལོངས་བྱེད། །
གཅེན་པོ་བཟང་པོ་བོད་ཁྱིམ་དབུ་འཛིན་རང་དོན་རྒྱང་ལ་དོར་བཞིན་དུ། །
ས་ཡ་དྲུག་གི་རིགས་རྒྱུད་འཕེལ་ཕྱིར་བོད་ཁྱིམ་བུ་ཕྲུག་གསོ་སྐྱོང་མཛད། །
གཅེན་མོ་བཟང་པོ་བོད་ཁྱིམ་ལས་བྱེད་སྔ་དགོང་གཉིད་ཟས་གཅོག་བཞིན་དུ། །
ཁ་བ་ཅན་གྱི་བདེ་སྡུག་འཚོལ་མཁན་ང་དང་ང་འདྲར་རིག་གནས་སྩལ། །
ང་ཡི་ཁྱིམ་གྱི་ཆགས་ཚུལ་དང་བཅས་ལྟ་གྲུབ་མདོར་ཙམ་ཞུས་ན་ནི། །
ང་དགུའི་དགྲ་བོ་རྒྱ་དམར་རྣམས་ཀྱིས་ང་ཚོ་འདི་ལ་བརྫངས་པ་ཡིན།།
བཙན་དང་དབང་གིས་མེ་མདའ་གཞུས་ཏེ་ཕ་མེས་ཡང་མེས་བསད་སོང་བས། །
ཁྲག་དང་བརྣག་གི་རྒྱ་མཚོ་ཆེན་པོ་ང་ཚོའི་མིག་ལ་དངོས་སུ་བཤམས། །
དེ་འདྲའི་འཇིགས་སྐྲག་བཟོད་པར་མ་ཐུབ་ཕ་མ་འདི་ཕྱོགས་བྲོས་པ་ཡིན། །
བུ་ཕྲུག་རྣམས་ཀྱིས་ངུ་འབོད་དང་བཅས་ཕ་མའི་རྗེས་སུ་འབྲངས་པ་ཡིས། །
དཀོན་མཆོག་གསུམ་པོའི་ཐུགས་རྗེ་དང་བཅས་བོད་ཁྱིམ་སློབ་གྲྭ་བཞེངས་པ་ནི། །
གངས་ཅན་བོད་ཀྱི་མི་ཚང་ཆེན་མོ་ང་ཡི་ཁྱིམ་ཚང་བོད་ཁྱིམ་ཡིན། །
དུས་རབས་གསར་པའི་ལོ་ཟླའི་ཁྲོད་ན་ང་ཡི་ཁྱིམ་ཚང་དར་ཞིང་རྒྱས། །
བཙན་བྱོལ་གཞུང་གི་མདུན་ལམ་ཁྲོད་ན་ང་ཡི་ཁྱིམ་ཚང་སྙན་ཞིང་གྲགས། །
འཛམ་གླིང་ཆེན་མོའི་གྲོང་ཁྱེར་སྟེང་ན་ང་ཡི་ཕ་མ་འབྲུག་ལྟར་གྲགས། །
ཀུན་གྱིས་བསྔགས་སའི་མི་རིགས་བཟང་པོ་ང་ཡི་ཁྱིམ་གྱི་རིགས་རྒྱུད་ཡིན། །

    འདི་ལྟར་ངའི་ཁྱིམ་ཚང་བོད་ཁྱིམ་སློབ་གྲྭའི་གནས་སྟངས་དང་འཚོ་བ། མི་སྣ་སོགས་ཆེས་གཟི་བརྗིད་ལྡན་པ་དང་འཇིག་རྟེན་འདིར་ཆེས་མེད་དུ་མི་རུང་བའི་མི་སྣ་གཙོ་བོ་ཅན་ཡིན་པ་ནི་དཔེར་ན། ངའི་ཡབ་རྒྱལ་པོ་ཆེན་པོས་འཛམ་གླིང་སྤྱི་ཡི་བདེ་སྡུག་ཆེད་སྐུ་ངལ་མཐའ་གཅིག་ཏུ་བཀྱོན་པས། ཞི་བདེའི་གཟེངས་རྟགས་ཞེས་པའི་ཆེས་སྙན་གྲགས་ཅན་གྱི་རྟགས་མ་དེའང་ང་ཚོའི་བོད་ཁྱིམ་ཁྱིམ་ཚང་གི་ཡབ་ཆེན་མཆོག་ལ་ཐོབ་པའོ།།
    ངའི་ཁྱིམ་ཚང་གི་དམིགས་ཡུལ་དང་ཕུགས་བསམ་མདོར་བསྡུས་བརྗོད་ཁུལ་ཞུས་ན། སྤྱིར་ང་ཚོའི་ཁྱིམ་ཚང་འདིའི་ནང་དུ་འཚོ་བཞིན་པའི་ཕ་མ་དང་གཅེན་གཅུང་ཚང་མར་ཐུན་མོང་གི་ཕ་ས་ཞིག་ཡོད་པ་ནི་བོད་ཁ་བ་ཅན་ཡིན་རུང༌། མ་རུང་པའི་གཞི་ལ་གོམས་པའི་རྒྱ་དམར་བཤན་པ་ཚོགས་པས་གཏོར་བཤིགས་དང་ཉམས་རྒུད་དུ་བཏང་པས། ང་ཚོའི་མི་ཚང་གི་སེམས་ན་ཡོད་པ་ནི་མཚམས་མི་ཆད་པའི་ན་ཟུག་དང་གསོས་མི་སྲིད་པའི་རྨ་ཁ་ཆེན་པོ་ཞིག་ཡིན་རྐྱེན། ང་ཚོས་ཞི་བའི་ལག་ཆ་དང་མཐུན་པའི་གོ་ཆ་བརྟན་པོ་ཞིག་བཟུང་ནས་ཕ་ས་དེ་རང་ཉིད་ལ་བསྐྱར་དུ་དབང་ཐུབ་པ་བྱེད་རྒྱུ་ནི་ང་ཡི་ཁྱིམ་ཚང་གི་དམིགས་ཡུལ་ཡིན་ལ། དེ་དང་མཉམ་དུ་འཛམ་གླིང་གི་རྐང་གཉིས་གཙོ་བྱས་ཏེ་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་ཞི་བདེ་དང་བདེ་སྐྱིད་བསྐྲུན་རྒྱུ་ནི་ང་ཡི་ཁྱིམ་ཚང་གི་ཕུགས་བསམ་ཆེན་པོ་ཡིན་ནོ། །

སྐྱབས་གནས་བསླུ་མེད་དཀོན་མཆོག་རིན་པོ་ཆེ། །ང་ཡི་ཕ་སའི་ཡུལ་ལ་སྤྱན་གྱིས་གཟིགས། །
རྒྱ་ཡི་རྩུབ་སྤྱོད་མྱུར་དུ་ཞི་མཛད་དེ། །བོད་ཁྱིམ་བོད་ལ་འགྲོ་བའི་ལམ་སྟོན་མཛོད། །
ཕྱག་སྟོང་སྤྱན་སྟོང་སྤྱན་རས་གཟིགས་ལ་འདུད། །ང་ཡི་ཡབ་ཆེན་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་སྲིད་མཐའི་བར་དུ་འཚོ་བཞུགས་ཏེ། །ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པར་སྨོན། །
ཀུན་གྱི་སྐྱབས་གནས་སངས་རྒྱས་སྟོན་པ་རིན་པོ་ཆེ། །    ང་ཡི་ཁྱིམ་ཚང་བོད་ཁྱིམ་སློབ་གྲྭར་ཐུགས་ཀྱིས་སྒོམ། །
བྱ་གཞག་ཐ་དག་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ཏེ། །བོད་ཁྱིམ་སློབ་གྲྭ་བོད་མིའི་ཁྱིམ་ཆེན་ཆགས་པར་སྨོན། །

ཞན་ཆ།
    ང་ཚོའི་(ཚོ)འགྲོ་བ་མི་རིགས་སུ་ཡིན་རུང༌། འཁོད་ཅིང་སྙོམས་པའི(ཁོད་སྙོམས་པའི) ཉམས་དང༌(ཉམས་མདངས) བརྩོན་གྱིས་ཡོད(བརྩོན་བཞིན་ཡོད) ལམ་དུ་བསྐྱོད་ཀྱིས་(མུས་ཡིན)ཡོད། གཏོར་ཞུགས(བཤིག) ཞབས་པད་སྲིད་རྒྱུའི་བར་དུ(སྲིད་མཐའི་བར་དུ) བྱ་བཞག་ཐ་དོན(ཐ་དག) ཞུས་པ་ནི(ཞུ་ན་ནི) མི་(མེ)མདའ། བཟོད་པས(པར) གཞུང་གི་འདུན(མདུན)ལམ། ཞི་བདེའི་ཡི(བདེའི)གཟེངས།

༄༅། །ང་ཡི་ཁྱིམ་ཚང།

བློ་བཟང་བསྟན་འཛིན།  མ་སུ་རི་བོད་ཕྲུག་ཁྱིམ་སྡེ། (ཨང་གཉིས་པ)

༄༅། །ནོར་འཛིན་སྒེག་མོའི་ཉམས་སུ་བཅད་པ་འདིའི་ནང་ཀུན་གྱི་མཁྱེན་གསལ་ལྟར་ཁྱིམ་ཚང་ཞེས་པའི་ཡིག་འབྲུ་གཉིས་པོ་འདིའི་དོན་སུ་འདྲ་ཞིག་ཡིན་ཡང་ཤེས་རྟོགས་ཡོང་སྲིད་པ་ཞིག་རེད། ཡིན་ན་ཡང་ཡིག་འབྲུ་འདི་གཉིས་སྒྲ་འཛིན་དབང་པོར་ཐོས་པ་དང་བསམ་བློ་ནན་པོཞིག་བཏང་ན། ཡིད་ནང་ཚོར་བ་མངར་སྐྱུར་བརྗོད་མི་ཤེས་པ་ཞིག་འཁོར་རྒྱུ་ཡིན་པ་ཤོད་མི་དགོས། གང་ལགས་ཤེ་ན། དེ་ཡང་དྲོ་སྐྱིད་དང་ལྡན་པའི་ཁྱིམ་ཚང་ཞིག་ཡིན་ན། དེའི་ནང་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་སྡོད་འདོད་ཀྱི་བསམ་བློ་ཞིག་དང༌། དེ་ནས་བྲལ་མི་འདོད་པའི་བསམ་བློ་ཞིག་སླེབས་ཀྱི་རེད། འོན་ཀྱང་དེ་ལས་ལྡོག་ཏེ་རྟག་ཏུ་འཁྲུག་འཛིང་ཁོ་ན་དང༌། ཟང་ཟིང་ཁོ་ནའི་ཁྱིམ་ཚང་ཞིག་ཡིན་ན། གོང་དུ་ཕྲན་གྱིས་བརྗོད་པའི་ཚིག་དེ་རྣམས་དང་ཡོངས་སུ་ལྡོག་ཕྱོགས་སུ་གྱུར་ཏེ། སྐར་ཆ་གཅིག་ཀྱང་དེའི་ནང་སྡོད་མི་ཐུབ་པའི་ཚོར་བ་ཞིག་སླེབས་སྲིད། ལྷག་པར་དུ་ཁྱིམ་ཚང་ཁྱོད་ཡོད་ན་སེམས་ནི་ཞི་བདེ་བག་ཕེབས་སུ་གནས་ཅིང༌། གལ་སྲིད་ཁྱོད་མེད་ན་རྟག་ཏུ་ཕྱི་རོལ་ཁོ་ནར་འཁྱམ་ཉུལ་བྱེད་རྒྱུ་ལས་གཞན་ཅི་ཡང་མ་འདས།
    སྐབས་སུ་བབས་པའི་ཕྲན་གྱི་ཁྱིམ་ཚང་ནི་ཕྱིའི་བཀོད་པ་ཙམ་མ་ཡིན་པར་ནང་དུ་སྡོད་མཁན་སུ་འདྲ་ཞིག་ཡིན་རུང་ཡིད་སེམས་གཉིས་ཀ་ཞི་བདེའི་གནས་ཤིག་ཏུ་གྱུར་རྒྱུ་ཡིན་པ་གཏན་འཁེལ་རེད། རྒྱུ་མཚན་ནི་བདག་གི་ཁྱིམ་ཚང་ནི་ཧ་ཅང་གི་དྲོ་སྐྱིད་ལྡན་ཞིང་གཙང་ལ་དྲི་ཞིམ་པ། དེའི་ནང་དུ་བཞུགས་མཁན་གྱི་ཕོ་མོ་སྤུན་མཆེད་ཚང་མ་ཕན་ཚུན་ཡིད་སེམས་གཅིག་ཏུ་སྦྲེལ་བ་ལྟ་བུའི་བརྩེ་བ་ཟབ་ཅིང་སྐར་ཆ་གཅིག་ཀྱང་བྲལ་མི་ཕོད་པ་ལྟར་བུར་སྣང༌། མ་ཟད་ཆེ་བས་ཆུང་བར་བྱམས་བརྩེ་དང་ཆུང་བས་རྒན་པར་གུས་ཞབས་གང་ལེགས་ཞུ་བཞིན་འདའ།
    ལྷག་པར་དེའི་ནང་དུ་གཙོ་བོར་གྱུར་པའི་ཡབ་ཡུམ་གཉིས་ནི་བྱམས་ཞིང་རང་རང་གི་བུ་ཕྲུག་རྣམས་ལ་བརྩེ་བ་དོར་ཟླ་མེད་པ་ཞིག་གནང་གི་ཡོད། དེ་ལྟ་བུའི་ཁྱིམ་ཚང་འདི་འདྲའི་ནང་ཇི་སྲིད་བར་དུ་སྡོད་དགོས་བྱུང་རུང་འདོད་བློ་ཁེངས་རྒྱུ་ནི་ཧ་ཅང་ཁག་པོ་རེད། ཡིན་རུང་གང་ལྟར་ལས་དབང་གིས་མི་ཡུལ་ལ་བརྙས་བཅོས་བྱེད་པ་དང་མཚུངས་ཤིང༌། དེའི་འོག་ནས་ཐར་ཐབས་ནི་ཡོངས་སུ་ཟད་པས་ཁྱིམ་ཚང་ཧ་ཅང་གི་སྐྱིད་པོ་ཞིག་ཡོད་རུང༌། ཧ་ཅང་གི་སྡུག་བསྔལ་ཞིག་ཡོད་རུང༌། ཉིན་ཞིག་རང་སོ་སོ་གཅིག་པོ་འཇིག་རྟེན་ཕྱི་མའི་ལམ་ལ་མ་བཞུད་ཀ་མེད་ཡིན་པས། དུས་ཚོད་ཐུང་ངུ་འདིའི་ནང་རང་རང་སོ་སོའི་ཁྱིམ་ཚང་དེ་འཆམ་མཐུན་ཞིག་དང༌། བདེ་སྐྱིད་ཅན་གྱི་འཚོ་བར་རོལ་དགོས་རྒྱུ་ནི་གང་ཟག་སོ་སོའི་ལག་ཏུ་ཡོད་པས། དེ་ལུགས་དགོངས་འཇགས་མཛོད་ཅེས་བློ་ཆུང་ངས་རེ་སྐུལ་ཞུ་རྒྱུ་ཡིན།

ཞན་ཆ།
    གང་ལགས་ཞེ་ན(ཤེ་ན) ཕྲན་གྱི་(གྱིས)བརྗོད་པའི་ཚིག  ཕྱིའི་བཀོད་པ་ཙམ་མ་ཡིན་པ་(པར)ནང་དུ་སྡོད་མཁན། དྲོ་སྐྱིད་ལྡན་བཞིན(ཞིང) ལས་དབང་གི(གིས) ཚང་ཅེས(ཞེས) དེ་ལུགས་དགོང་འཇག་(དགོངས་འཇགས)

༄༅། །ང་ཡི་ཁྱིམ་ཚང།

ཤེས་རབ་དབང་མོ། ཅོང་ཏ་ར། (ཨང་གསུམ་པ)

༄༅། །སྤྱིར་འཇིག་རྟེན་འདིའི་ནང་གནས་པའི་འགྲོ་བ་ཐམས་ཅད་བདེ་བའི་ཐོག་ལ་གནས་འདོད་ཡོད། སུ་འདྲ་ཞིག་ཡིན་རུང་སྡུག་བསྔལ་ཐོག་ལ་གནས་འདོད་མེད། འོན་ཀྱང་ཚང་མ་གཅིག་གྲོགས་གཅིག་ཕན་བྱས་ནས་གནས་ཀྱི་ཡོད། སྤྱི་ཚོགས་སེམས་ཅན་ཡང་སྤྱི་ཚོགས་ཆུང་ཆུང་ལ་ངོས་འཛིན་བྱེད་ཀྱི་ཡོད། ནང་མི་ཡང་སྤྱི་ཚོགས་ཆུང་ཆུང་ཞིག་རེད། བྱས་ཙང་གུས་མོས་རང་གི་ཁྱིམ་ཚང་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་སྐོར་འབྲི་རྒྱུ་ཡིན།
    ཁྱིམ་ཚང་གང་འདྲ་གང་འདྲ་ཡོང་གི་ཡོད། ཁྱིམ་ཚང་ཁ་ཤས་ཆེན་པོ་དང༌། ཁ་ཤས་ཆུང་ཆུང་ཡོང་གི་ཡོད། ཡིན་ན་ཡང་ངའི་ཁྱིམ་ཚང་ནི་ཆུང་ཆུང་ཞིག་ཡིན་པ་དང་སྐྱོ་པོ་ཞིག་རེད། ངའི་ཁྱིམ་འདིར་ནང་མི་དགུ་ཡོད། དེ་རྣམས་ནི། ཨ་མ་ལགས། པཱ་ལགས། གཅེན་མོ་གཉིས་དང༌། གཅེན་པོ་གཅིག སྤུན་ཆུང་བ་གསུམ་དང་ང་བཅས་ཡིན། སྤྱིར་བཏང་ངའི་ཁྱིམ་ཚང་དེ་སྐྱོ་པོ་ཡིན་ཡང་དཀའ་ངལ་སྡུག་པོ་འཕྲད་མྱོང་མེད།
    ངའི་ཕ་མ་གཉིས་ཀྱིས་ཁྱིམ་ཚང་གཞན་གྱི་ཕ་མ་ནང་བཞིན་འཁྲུག་འཛིང་གནང་གི་མེད་ལ། སོ་སོའི་བུ་ཕྲུག་ལ་བྱམས་སྐྱོང་གནང་གི་ཡོད། ངའི་ཨ་མ་ལགས་ཀྱི་མཚན་ལ་ཀུན་བཟང་སྒྲོལ་མ་ཟེར་གྱི་ཡོད། ཁོང་དགུང་ལོ་བཞི་བཅུ་དང་ཁོང་གིས་ཕྱག་ལས་གཙོ་བོ་དེ་ཞིང་ལས་གནང་གི་ཡོད་ལ་སྔ་དྲོ་སྔ་པོ་ལངས་ནས་ཕྱག་ལས་ཚང་མ་གནང་གི་ཡོད།
    ངའི་པཱ་ལགས་ཀྱི་མཚན་ལ་དབང་ཕྱུག་ཟེར་བ་དང་ཁོང་ནི་ནང་མི་ཚང་མའི་ནང་ནས་རྒན་ཤོས་དང་ཁོང་དགུང་ལོ་བཞི་བཅུ་ཞེ་ལྔ་རཻད་ལ་སྐུ་གཟུགས་བདེ་ལ་ཕྱག་ལས་གང་གནང་འགྲུབ་ཀྱི་ཡོད། ཕྱག་ལས་གཙོ་བོ་ཞིང་ལས་རེད། ཞོར་ཞོར་ལ་གཞན་དག་ཀྱང་གནང་གི་ཡོད།
    ངའི་ཕ་མ་གཉིས་ཀྱི་མི་ཚེ་སྐྱེལ་སྟངས་དེ་གང་དང་འདྲ་བ་རེད་ཟེར་ན། དཔེར་ན་གདོང་ཤེལ་ལྟ་བུ་རེད། གདོང་ཤེལ་དེ་གཟུགས་དབྱིབས་མཐོང་རྒྱུ་ཙམ་མ་གཏོགས་བསམ་བློ་གཏོང་མི་ཤེས། དཔེ་དེ་ནང་བཞིན་ངའི་ཕ་མ་གཉིས་ཡང་སོ་སོའི་ཕྱག་ལས་ཧུར་ཐག་གནང་གི་ཡོད་ཀྱང་ནང་གི་ཤེས་ཡོན་མེད་པས། མི་ཡག་པོ་དང་འབྲེལ་བ་འཛུགས་ཐུབ་ཀྱི་མེད།
    ཕ་མ་གཉིས་ཀྱིས་ཤེས་ཡོན་སྐོར་ཤེས་ཀྱི་མེད་པས་དེང་སང་འཛམ་གླིང་འདིའི་ནང་མི་ཚེ་དེ་ཤེས་ཡོན་ཐོག་ལ་སྐྱེལ་གྱི་ཡོད་པ་མ་ཤེས་པར་སོང་གཅུང་མོ་གཉིས་ཀྱི་མི་ཚེ་ཡང་འཕྲོ་བརླག་ཏུ་སོང་ཡོད། ངའི་གཅུང་མོ་ཁོང་གཉིས་ཀྱང་ཕ་མ་གཉིས་ནང་བཞིན་ཞིང་ལས་བྱས་ནས་བསྡད་ཡོད། ད་ལྟ་གཉིས་ཀ་ཕ་མ་མཉམ་དུ་ཡོད།
    ཡིན་ན་ཡང་ངའི་གཅེན་པོ་དེ་གཅེན་མོ་གཉིས་ལས་ཆུང་བ་ཡིན་ཀྱང་ཁོང་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་རག་ཡོད་ལ། ཁོང་ནས་ཀྱང་གོ་སྐབས་དེ་འཕྲོ་བརླག་མ་བཏང་པར་སློབ་སྦྱོང་ཡག་པོ་གནང་ཡོད། ད་ལྟ་ཁོང་འཛིན་གྲྭ་བཅུ་གཉིས་ནང་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་གིས་ཕ་མ་གཉིས་ལ་ཕན་ཐོགས་སྲིད། ངའི་སྤུན་ཆུང་གསུམ་དང་ང་ཡང་ྋགོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་བྱུང༌། ང་ཚོ་བཞི་ ཕྱི་ལོ་ ༡༩༩༨ ལོ་ནས་ཕ་མ་དང་ཁ་བྲལ་ནས་ས་ཐག་རིང་པོ་ནས་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ད་ལྟ་ང་ཚོ་བཞི་ཅོང་ཏ་ར་བོད་གཞུང་སློབ་གྲྭའི་ནང་དུ་སློབ་སྦྱོང་བྱེད་ཀྱི་ཡོད། དེ་ནས་བཟུང་ཕ་མ་དང་གཅུང་མོ་ཚང་མ་ཐུག་འཕྲད་མ་བྱུང༌། ང་རང་གི་ཁྱིམ་ཚང་ལ་དགའ་པོ་ཡོད།། །།

ཞན་ཆ།
    གནས་དོན་ཡོད(གནས་འདོད་ཡོད) བྱས་ཀྱང༌(འོན་ཀྱང) གཅིག་འགྲོ་(གྲོགས)གཅིག་ཕན། དངོས་འཛིན(ངོས་འཛིན) བཙུན་མོ(གཅུང་མོ) སོ་སོར་(སོ་སོའི་བུ)ཕྲུག་ལ་བྱམས་སྐྱོང༌། རྒད་(རྒན)ཤོས། མི་ཚེ་བསྐྱེལ་བཏང༌(སྐྱེལ་སྟངས) དཔེར་(དཔེ)དེ་ནང་བཞིན། མི་ཤེས་ནས(མ་ཤེས་ནས) ཁོང་གཉིས་ཡང༌(ཀྱང) ཕན་ཐོག(ཐོགས) ང་ཚོས་བཞི་(ང་ཚོ་བཞི) མཉམ་དུ་ཐོག་འཕྲོད་(ཐུག་འཕྲད) བདེ་བ(བའི)ཐོག ཡོང་(གི)ཡོད། བཞི་བཅུ་(ཞེ)ལྔ༌། ཕྲོ(འཕྲོ)བརླག

མདུན་ཤོག

Menu