༄༅། །ངའི་རྩེད་མོ་དགའ་ཤོས།

བློ་བཟང་ཆོས་གྲགས། སེ་རྭ་བྱེས་སློབ་གྲྭ (ཨང་དང་པོ)

ཁམས་གསུམ་དབང་པོ་ཤཱཀྱའི་རྒྱལ་པོ་དང༌། །ཟུར་ཕུད་ལྔ་པ་ཤེས་རབ་ལྷ་རྣམས་དང༌། །
རྩ་བའི་བླ་མ་ཐོན་མི་སམ་བྷོ་ཊ། །གུས་པས་འདུད་དེ་བརྩེ་བས་སྙིང་ལ་ཟུངས། །

    སྤྱིར་འཛམ་བུ་གླིང་ཟླུམ་གཟུགས་གོ་ལ་འདིར་མི་རིགས་འདྲ་མིན་སྣ་ཚོགས་ནམ་མཁའི་རྒྱུ་སྐར་བཞིན་བགྲང་ལས་འདས་པའི་ནང་སོ་སོའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དང་རྩེད་རིགས་དུ་མ་ཡོད། ཡང་སྒོས་ང་ཚོ་གངས་ཅན་བོད་མིར་ཡང་སོ་སོའི་མི་རིགས་ཀྱི་རིག་གཞུང་དང་རྩེད་རིགས་གྲངས་ལས་འདས་པ་ཡོད། དཔེར་ན། བྱིས་པ་རྣམས་ཀྱི་ཁྲོད་དུ་གབ་རེས་ཡིབ་རེས། ཐག་མཆོང༌། ཇ་བསྐོལ་མར་བསྐོལ། འབུ་ཡི་རྔ་མ་བཟའ་བ། གླུ་ཤགས་རྒྱག་པ་སོགས་དུ་མ་ཡོད་ལ། དར་མ་རྣམས་ཀྱི་ཁྲོད་དུ་རྟ་རྒྱུག གཡག་རྒྱུག རྒྱུག་ཤར་འགྲན་པ། མདའ་འཕེན་པ། མེ་མདའ་ཚ་ཁ། ཐག་འཐེན། གླང་གཉའ་རྩེད་སོགས་བརྗོད་ལས་འདས་པ་ཡོད། རྒན་པ་རྣམས་ཀྱང་ཤོ་དང༌། སྦག་ཆེན་ལ་རོལ་བ་སོགས་རྒྱན་ཧ་ཅང་ཆུང་ཆུང་བཞག་ནས་སེམས་ལ་བདེ་བ་ཐོབ་ཆེད་རྩེ་སྲོལ་ཡོད།
    འོན་ཀྱང་ང་རང་རྒྱ་གར་འཕགས་ཡུལ་དུ་མ་སླེབས་སྔ་རོལ་ལ་རྩེད་མོ་དགའ་ཤོས་སམ་རྒྱུན་དུ་རྩེད་འདོད་ཡོད་པའི་རྩེད་མོ་ནི་ཇ་བསྐོལ་མར་བསྐོལ་ཡིན། ཀློག་པ་པོ་ལྷན་རྒྱས་རང་ཡུལ་བོད་ཀྱི་རྩམ་མར་ཤ་གསུམ་ལོངས་སུ་སྤྱད་མྱོང་མཁན་ཞིག་ཡིན་ཚེ། ཇ་བསྐོལ་མར་བསྐོལ་ཟེར་བའི་རྩེད་མོ་འདི་ལ་འགྲེལ་བཤད་རྒྱག་མི་དགོས་པར་ཧ་གོ་ཐུབ། འོན་ཀྱང་རང་ཉིད་ཀྱི་འདྲེན་བྱེད་དབང་པོ་རུ་ཕ་ཡུལ་གྱི་མཚར་སྡུག་ལོངས་སྤྱོད་མྱོང་མེད་པར་བཙན་བྱོལ་སྤྱི་ཚོགས་སུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཞིག་ཡིན་ཚེ། ཇ་བསྐོལ་མར་བསྐོལ་གྱི་དོན་ཧ་ལམ་རྟོགས་མི་ཐུབ་པར་རང་གི་ཀླད་དཀྱིལ་དུ་ཐེ་ཚོམ་གྱི་དྲི་རྟགས་དུ་མ་ཞིག་བསྐྲུན་སྲིད། བྱས་ཙང་བདག་གིས་འགྲེལ་བཤད་ཅུང་ཙམ་ཞིག་ཞུས་ན། ཇ་བསྐོལ་མར་བསྐོལ་གྱི་རྩེད་མོ་ནི་ཕྲུ་གུ་ལྔ་དྲུག་འཛོམས་ནས་གཅིག་གིས་པ་ཕ་དང་གཅིག་ཤོས་ཀྱིས་ཨ་མ་བྱས་ནས་གཞན་ཡོངས་ཀྱིས་ནང་མི་འཁྲབ་སྟེ་བཅོས་མའི་ཁྱིམ་ཚང་ཞིག་བཟོ་བསྐྲུན་བྱེད་རྒྱུ་དེ་རེད། ད་དུང༌། རྡོ་དང༌། ས། ཤེལ་ཧྲུག འདམ་འབག་སོགས་ཀྱིས་ནང་ཆས་རྫུན་མ་བཟོས་ནས་མནའ་མ་སློང་བ་དང༌། མག་པ་བསུ་བ་སོགས་དགའ་དགའ་སྤྲོ་སྤྲོས་ཉིན་འདའ་བར་བྱེད་རྒྱུ་རེད། འོན་ཀྱང་ཀླ་ཀློ་སྲིན་པོའི་སྤྲུལ་པ་རྒྱ་དམར་གྱིས་བོད་འདིར་བཙན་གནོན་གྱི་རྐང་པ་སྤོ་འགོ་བརྩམས་པ་ནས་བཟུང་བོད་ཀྱི་སྲོལ་རྒྱུན་རྩེད་མོ་རྣམས་ལ་མཐོང་ཆུང་དང་འཕྱ་སྨོད་སོགས་ད་དུང་ཀླད་རྙིང་སྤྱི་ཚོགས་རྙིང་པའི་རྩེད་མོ། བཀས་བཀོད་རྒྱུད་འཛིན་གྱི་རྩེད་མོ་ཞེས་སོགས་ཞྭ་མོ་འདྲ་མིན་གཡོག་བཞིན་ཡོད། རྒྱ་དམར་གྱི་བོད་དུ་བཙན་འཛུལ་བྱས་པ་ནས་རྩེད་མོ་སྐྱུག་བྲོ་བའི་རིགས་སྤེལ་ཏེ་བོད་ཀྱི་འབྱུང་འགྱུར་སོན་རྩ་གཞོན་ནུ་རྣམས་འཕྲོ་བརླག་གཏོང་ཐབས་སུ་དམིགས་ནས་མཱ་ཅང་དང༌། མཚན་ཚོགས་ཁང༌། སྤྲོ་སྐྱིད་ཁང་སོགས་མིང་སྙན་པོ་རེ་བཏགས་ནས་དོན་དུ་བོད་མི་རྣམས་བཟའ་ཚང་ཁ་བྲལ་དང༌། ནང་མིའི་བར་མི་མཐུན་པ། གྲོགས་པོའི་དབར་དམ་ཚིག་ཉམས་པ་སོགས་ཀྱི་གཞི་རྩ་དང༌། ད་དུང་ཕྲུ་གུ་སློབ་གྲྭར་དུས་ཐོག་མ་བཏང་བ་དང༌། འགོ་དཔོན་པོ་རྣམས་ནས་འོག་འབངས་སོགས་ཀྱིས་ལས་དོན་དོར་ནས་རྒྱུ་ནོར་ཡོད་ཚད་མཱ་ཅང་སོགས་ལ་བཏང་ནས་མགོ་འཁོར་བ་དང༌། མཱ་ཅང་ལ་ཐ་སྙད་གསར་པ་ས་ཕག་བརྩིག་པ་ཡང་ཟེར་བའི་ཐ་སྙད་གསར་པ་བཏགས་པ་དང༌། པ་ཕ་དང་ཨ་མ་མཱ་ཅང་ལ་མགོ་འཁོར་ནས་ཕྲུ་གུ་ཁྱི་ཡིས་བཟས་པའི་གཏམ་རྒྱུད་ཀྱང་ཡོད་པས་ང་ཚོ་རྒྱལ་ཁབ་དགྲ་ལག་ཏུ་ཤོར་བའི་མི་རིགས་ཞིག་ཡིན་པའི་ཆ་ནས་སོ་སོའི་མི་རིགས་ལ་ཤ་ཚ་དང་ཞེན་ཁོག་ཡོད་ན་རྩེད་མོ་དེའི་རིགས་ངེས་པར་དུ་སྤོང་དགོས་སོ།།
     ང་རང་ས་སྐྱེས་རྡོ་སྐྱེས་ཀྱི་ཕ་ཡུལ་མཐོ་སྒང་ཡིན་ལ་ངས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་ལ་ལྷད་མེད་རུང༌། རྒྱ་གར་དུ་སྟེས་དབང་གི་རླུང་གིས་འཁྱེར་སྟབས་གཞན་ཡུལ་གྱི་རྩེད་མོ་དུ་མ་ཞིག་བདག་གིས་ཧ་གོ་རུང་དེའི་ནང་ནས་བདག་གི་རྩེད་མོ་དགའ་ཤོས་ནི་རྐང་རྩེད་སྤོ་ལོ་ཁོ་ནའོ། །འོན་ཀྱང་རང་ཉིད་འཇིག་རྟེན་གྱི་བདེ་བ་ཡོད་ཚད་དོར་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བས་རྩེད་མོ་རྩེ་བའི་དུས་ཚོད་ནི་རི་བོང་རྭ་ཅོ་དང་ཅིས་མི་མཚུངས། འོན་ཀྱང་གུས་ཀྱིས་བརྙན་འཕྲིན་སོགས་ནས་ཐེངས་མང་བལྟ་མྱོང༌། རྐང་རྩེད་སྤོ་ལོ་ཡིས་ལུས་སེམས་གཉིས་སུ་བདེ་བ་བསྐྲུན་པ་མ་ཟད་ད་དུང་ལུས་ལ་སྦྱོང་བརྡར་དང་འཕྲོད་བསྟེན་སོགས་ལ་ཧ་ཅང་ཕན་པས། རྐང་རྩེད་སྤོ་ལོ་ནི་ང་རང་གི་རྩེད་མོ་དགའ་ཤོས་སུ་ངོས་འཛིན་བཞིན་ཡོད། ད་དུང་འདི་དང་འདི་འདྲ་བ་སྨྱུ་གུ་དང་ཤོག་བུར་འགྲོགས་ནས་འབྲི་རྒྱུ་མང་རུང་དུས་ཚོད་ལ་དལ་བ་མེད་པས་སྐར་ཆས་སྐར་མ་དེད་ནས་སྐྱོད་བཞིན་གུས་ལ་ཡང་དུས་ཚོད་ཀྱིས་འཁང་ར་བྱེད་བཞིན་འདུག་པས་འདིར་མཚམས་མི་འཇོག་ཐབས་མེད་ལགས་སོ།། །།

    སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས་སྤྲུལ་དང༌། །ཁྲི་བདུན་བདག་པོ་འོད་དཔག་མེད་སྤྲུལ་གཉིས། །
    གངས་ཅན་བོད་འབངས་ཡོངས་ཀྱི་བླ་སྲོག་གཉིས། །སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག །

ཞན་ཆ།
    གྲང་(གྲངས། བགྲང)ལས་འདས་པ། འཕགས་འཆོང༌(ཐག་མཆོང) རྟ་རྒྱུགས(རྒྱུག) སྦར་ཀ(བང་ཁ། རྒྱུག་ཤར)འགྲན་པ། མེ་མདའ་ཚ་ཀ་རྒྱག་པ(ཚ་ཁ་འགྲན་པ) འབག་(སྦག)ཆེན། རྒྱན་པ་ཧ་ཅང་ཆུང་ཆུང་སྤུངས་ནས(རྒྱན་ཧ་ཅང་ཆུང་ཆུང་བཞག་ནས) སོམ་ཉིད་ཀྱི(སོམ་ཉིའི) བརྩལ་(བཙན)བྱོལ། མཚར་(འཚར)ལོངས། བདག་གི་(གིས)འགྲེལ་བཤད་ཅུང་ཙམ་ཞིག་ཞུས་ན། བཀའ་འགོད་(བཀས་བཀོད)རྒྱུད་འཛིན། འཕྲོག་(འཕྲོ)བརླག ནང་མི་(ནང་མིའི)བར་མི་མཐུན་པ། མིག་རིག་ཞིག་(མི་རིགས་ཤིག)ཡིན་པས། འཇིག་བརྟེན(རྟེན) གུས་ཀྱི་(ཀྱིས)བརྙན་འཕྲིན་ཐེངས་མང་བལྟ་མྱོང༌། ཤོག་བུ་གྲོགས་(ཤོག་བུར་འགྲོགས)ནས་བྲིས་(བྲི)རྒྱུ་མང་རུང༌། སྙིང་རྗེས་(རྗེའི)རང་གཟུགས། སྐུ་ཚེ་བསྐལ་བརྒྱར་བར་དུ་འཁོད་པ་ཤོག(སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག) སྤོངས(སྤོང)དགོས། དེས(དེད)ནས།

༄༅། །ངའི་རྩེད་མོ་དགའ་ཤོས།

རིག་འཛིན་རྒྱ་མཚོ། སུ་ཇ་བོད་ཁྱིམ། (ཨང་གཉིས་པ)

སྙན་པའི་གྲཌ་པ་སྲིད་གསུམ་ཁྱབ་པའི་མཆོག་གྱུར་རྩེད་མོ་རྐང་སྤོལ་གྱིས།།
ཀུན་གྱི་ཡིད་ལ་དགའ་བ་སྦྱིན་པས་ཕུལ་བྱུང་རྩེད་མོའི་མཚན་ཉིད་ཐོབ།།
ས་གསུམ་འགྲོ་བ་ཁྱེད་ལ་མོས་པས་ཁྱེད་ཀྱི་རིན་ཐང་ཡང་ཡང་གླེང༌།།
ང་ཡི་རྩེད་མོ་དགའ་ཤོས་ཁྱེད་ནི་ནམ་ཡང་བདག་དང་བྲལ་ཐབས་མེད།།

    ང་ཡི་རྩེད་མོ་དགའ་ཤོས་ཏེ། རྐང་རྩེད་སྤོ་ལོ། རྩེད་མོ་འདི་ནི་ང་ཡི་རྩེད་མོ་དགའ་ཤོས་དེ་ཡིན་པ་མ་ཟད་འཛམ་གླིང་སྐྱེ་བོ་མང་ཤོས་ཀྱི་རྩེད་མོ་དགའ་ཤོས་དེ་ཡང་ཆགས་ཀྱི་ཡོད། རྒྱུ་མཚན་ནི། རྩེད་མོ་འདི་ལ་རྩེད་རིགས་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་དང་ཡོན་ཏན་དུ་མ་ལྡན་པས་འཛམ་གླིང་མི་དམངས་མང་ཆེ་བས་རྩེད་མོ་འདིའི་ཡོན་ཏན་བརྗོད་པ་དང༌། འདི་ལ་སྦྱོང་བརྡར་བྱེད་མཁན་གྱི་མི་གྲངས་ནི་ཉིན་རེ་ནས་ཉིན་རེར་མང་དུ་འགྲོ་བཞིན་མཆིས།
    འཇིག་རྟེན་འདིར་ལས་རིགས་དང་རྩེད་རིགས་ཅི་འདྲ་ཞིག་ཡིན་ཀྱང་དེ་དག་ལ་དམིགས་ཡུལ་རེ་ཡོད་པ་ནི་དེ་རྣམས་ཀྱི་ཁྱད་ཆོས་དང་ཡོན་ཏན་ཡིན། དེར་བརྟེན་རྐང་རྩེད་སྤོ་ལོའི་རྩེད་མོ་འདིའི་དམིགས་ཡུལ་ནི་ཆུང་ས་ནས་བརྗོད་ན། མི་སྒེར་གྱི་འཕྲོད་བསྟེན་དང་གཟུགས་པོའི་བདེ་ཐང་དང་འཚར་ལོངས་འབྱུང་རྒྱུ་སོགས་ལ་ཕན་རླབས་ཆེན་པོ་ཡོད། དེ་བཞིན་ཆེ་ས་ནས་བཤད་ན། ཚོགས་པ་ཁག་དང་རྒྱལ་ཁབ་ཁག མདོར་ན་མི་རིགས་འདྲ་མིན་ཕན་ཚུན་དབར་གྱི་མཉམ་འབྲེལ་དང་མཛའ་མཐུན་སོགས་ལ་ཤིན་ཏུ་ནས་ཕན་ཐོགས་ཆེན་པོ་ཡོད་པ་ཐེ་ཚོམ་མེད་པར་བརྗོད་ཐུབ། དེ་བས་ཀྱང་ཆེ་ས་ནས་བརྗོད་ན། འཛམ་གླིང་གི་ཞི་བདེའི་ལས་འགུལ་ཕྱོགས་ལ་ནུས་ཤུགས་རླབས་ཆེ་བ་ཐོན་ཐུབ།

རྩེད་མོ་འདིའི་གྲུབ་འབྲས།

    དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཁྲོད་དུ་སྔར་མེད་པའི་མིའི་སེམས་ལ་དགའ་སྣང་དང་ཞི་བདེ་ཞིག་འབྱུང་བཞིན་པ་ནི་རྐང་རྩེད་སྤོ་ལོའི་རྩཻད་རིགས་འདི་བརྒྱུད་ནས་ཀྱང་ཆ་ཤས་ཤིག་སླེབས་ཀྱི་ཡོད། རྒྱུ་མཚན་ནི། རྩེད་རིགས་འདིའི་ལས་འགུལ་བརྒྱུད་ནས་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་ནང་ཡོད་པའི་མི་རིགས་ཕན་ཚུན་དབར་མཛའ་བརྩེའི་ལག་གདང་སྦྲེལ་བཞིན་ཡོད། དེ་བཞིན་རྒྱལ་ཁབ་འགའ་ལ་སྔར་མེད་པའི་འགྲོ་བ་མིའི་ཐོབ་ཐང་རེག་བཞིན་ཡོད་པ་སྟེ། དཔེར་ན། ཉིས་སྟོང་གཉིས་ལོའི་འཛམ་གླིང་གི་རྐང་རྩེད་སྤོ་ལོའི་རྩེད་ཐེངས་འདི་ཁོ་ནས་རྒྱལ་ཁབ་སུམ་ཅུ་ལྷག་མཉམ་འབྲེལ་གྱི་གོ་སྐབས་བླ་ན་མེད་པ་ཞིག་བསྐྲུན་ཡོད།
    ཁྱོད་ཀྱིས་དྲན་ནམ། ད་ལོའི་འཛམ་གླིང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་མི་རྣམས་ཀྱིས་རང་གི་ཐུན་གསུམ་གྱི་ཞལ་ལག་ཀྱང་དུས་ཐོག་དུ་མི་མཆོད་པར་གཟུགས་མཐོང་བརྙན་འཕྲིན་ལ་བསྙེགས་པ་ནི་ཀུན་གྱི་མིག་གིས་མཐོང་གསལ་དང་རྣ་བས་གོ་གསལ་ཡིན། དེ་ནི་རྩེད་མོ་འདིས་ང་ཚོ་ལ་སྦྱིན་པའི་དགའ་བ་དང་བདེ་སྐྱིད་ཡིན། མདོར་ན་རྩེད་མོ་འདིའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཡིན་ཞེས་བརྗོད་ཀྱང་ཆོག

རྩེད་མོ་དང་འབྲེལ་བའི་འབོད་སྐུལ།

    རང་རེ་བོད་མི་རིགས་ཀྱི་ན་གཞོན་རྣམས་ཀྱིས་ཀྱང་རྩེད་རིགས་འདིར་སྦྱོང་བརྡར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྣང༌། གང་ལགས་ཤེ་ན། འབྱུང་འགྱུར་ང་ཚོ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་མི་དམངས་ལ་གོ་རྟོགས་འབྱུང་བར་འདོད་ན་རྩེད་རིགས་འདི་སྦྱོང་རྒྱུའང་མཆོག་ཏུ་གྱུར་པའི་ཐབས་ལམ་ཞིག་ཡིན། དཔེར་ན། སེ་ནའི་གྷག་ཅེས་པའི་རྒྱལ་ཁབ་དེ་སྔོན་འཛམ་གླིང་གི་མི་མང་ཆེ་བས་གོ་ཐོས་བྱུང་མེད། འོན་ཀྱང་ད་ལོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་པ་དེས། ཁོང་ཚོའི་རྒྱལ་ཁབ་དེ་མི་མང་པོས་ཧ་གོ་ཡོད་པ་རེད། དེའི་ཕྱིར་རྩེད་རིགས་འདི་ནི་རང་གཞན་ཀུན་དང་ལྷག་པར་དུ་མ་འོངས་པར་བོད་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་ཆེད་ལ་ཡང་ཕན་རླབས་ཆེན་པོ་ཡོད་པས་རང་རེ་ན་གཞོན་རྣམས་ཀྱིས་རྩེད་མོ་འདིར་སྦྱོང་བརྡར་བྱེད་རྒྱུ་གལ་འགངས་ཆེ། རྒྱུ་མཚན་འདི་དག་ལ་བརྟེན་ནས་རྐང་རྩེད་སྤོ་ལོ་ནི་བདག་གི་རྩེད་མོ་དགའ་ཤོས་ཡིན།

ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག་པའི་རྩེད་མོ་འདི་ཡི་སྒྱུ་རྩལ་གྱིས། །
འགྲོ་ཀུན་སྡུག་གི་ཞིང་ལས་འདྲེན་པའི་བྱེད་པོ་ཕུལ་བྱུང་བླ་མེད་ཉིད། །
ཁྱེད་ཀྱི་མཚན་སྙན་རྣ་བས་གོ་ཚེ་ཡིད་ཀྱི་དབང་པོ་རབ་འཕྲོག་པས། །
ཁྱེད་ནི་ནམ་ཡང་བདག་གི་རྩེད་མོ་དགའ་ཤོས་ཁོ་ན་ལགས། །

ཞན་ཆ།
    དགའ་བ་སྦྱིན་པའི(པས) མང་ཆེ་བའི(བས) ཞི་བདེའི་བྱུང༌(བདེ་འབྱུང༌) ལེགས་གདེངས་སྒྲིགས་(ལག་གདང་སྦྲེལ) རྩེད་ཐེངས་འདིའི་ཁོ་ནའི(འདི་ཁོ་ནས) ཀློག་འཕྲིན(བརྙན་འཕྲིན) མང་མང་ཆེ་བས་(མི་མང་ཆེ་བས) ཁོང་ཚོ་(ཚོའི)རྒྱལ་ཁབ། སྣ་པའི་(རྣ་བས)གོ་ཚེ། ཉི་(ཉིས)སྟོང༌། སྣ་བའི་(རྣ་བས)གོ་གསལ། བཞུགས་པས(པ)དེས།

༄༅། །ངའི་རྩེད་མོ་དགའ་ཤོས།

བསྟན་འཛིན་སྒྲོལ་མ། སྤོན་ཊ་གཏན་སློབ། (ཨང་གསུམ་པ)

༄༅། །མི་ཟེར་བ་དེ་ཆུང་ཆུང་སྐབས་རྩེད་མོ་ལ་དགའ་པོ་ཡོད། སློབ་ཕྲུག་ཁ་ཤས་རྩེད་མོ་ལ་དགའ་པོ་ཡོད་པ་དང༌། ཁ་ཤས་རྩེད་མོ་ལ་ཞེ་དྲག་དགའ་པོ་མེད། འོན་ཀྱང་ང་རང་རྩེད་མོ་ཚང་མ་ལ་དགའ་པོ་ཡོད། དེའི་ནང་ནས་ང་རང་གི་དགའ་ཤོས་ནི་ཐག་མཆོང་ཡིན། ངས་ག་དུས་ཡིན་ཡང་ཞོགས་པ་སྔ་པོ་ལངས་ནས་གཟུགས་པོ་ཡག་པོ་ཡོང་བའི་ཆེད་དུ་ཐག་མཆོང་རྩེད་བཞིན་ཡོད། རྩེད་མོ་ཟེར་བ་དེ་གལ་ཆེན་པོ་ཡིན། ཡིན་ན་ཡང་ང་ཚོས་རྩེད་མོ་གང་བྱུང་མ་བྱུང་རྩེ་རྒྱུ་མེད། དཔེར་ན། ཤོ་སྦག་དང༌། ལམ་གྱི་དཀྱིལ་ལ་རྩེད་མོ་རྩེ་བ་སོགས་དེ་འདྲ་བྱེད་རྒྱུ་མེད། དེ་འདྲ་བྱས་པ་ཡིན་ན་རང་ཉིད་ལ་གནོད་སྐྱོན་བྱུང་བ་བའམ་ཤི་བའི་ཉེན་ཁ་ཡོད། གང་ཡིན་ཟེར་ན་ལམ་གྱི་དཀྱིལ་དུ་རྩེད་མོ་གང་བྱུང་རྩེས་པ་ཡིན་ན་རླངས་འཁོར་དང༌། སྦག་སྦག་སོགས་ཀྱིས་བརྫིས་པ་ཡིན་ན་རྐང་ལག་ཆག་པ་དང་ཤི་བའི་ཉེན་ཁ་ཡོད། ཐག་མཆོང་ཟེར་བ་དེ་ལ་ཉེན་ཁ་མེད་པ་ཡིན་ཙང་ཐག་མཆོང་ཟེར་བ་དེ་རྩེས་ན་གཟུགས་པོ་ཡག་པོ་ཆགས་པ་དང་གཟུགས་པོ་ཡང་བདེ་པོ་ཡོད། འཚར་ལོངས་ལ་ཕན་གྱི་རེད།
    རྩེད་མོ་རྩེ་དུས་སེམས་གཡེང་ནས་རྩེད་མོ་ལ་མགོ་འཁོར་གྱི་ཡོད་ཙང་སེམས་པ་ཧ་ཅང་སྐྱིད་པོ་བཟོ་ཐུབ། ང་རང་མཚམས་མཚམས་རྩེད་མོ་ཧ་ཅང་རྩེ་འདོད་ལངས་པ་དང༌། མཚམས་རེ་རྩེད་མོ་རྩེ་དུས་ཧ་ཅང་ཉོབ་ཀྱི་འདུག བྱས་ཙང་རྩེད་མོ་ཟེར་བ་དེ་རྩེ་ཡུན་མང་དྲག་པ་ཡིན་ན་གཟུགས་པོ་ཐང་ཆད་པ་དང་སྤྲོ་བ་མེད་པ་ཡོང་གི་རེད། བྱས་ཙང་རྩེད་མོ་ཟེར་བ་དེ་དུས་ཚོད་ཐུང་ངུ་ཞིག་རྩེས་པ་ཡིན་ན་རང་ཉིད་སྐྱིད་པོ་འབྱུང་བ་དང༌། བདེ་པོ་ཡོད་པ་རེད། ཐག་མཆོང་ལ་ང་རང་ཞེ་དྲག་དགའ་པོ་ཡོད། གང་ཡིན་ཟེར་ན་དེ་རྩེ་དུས་སོ་སོའི་གཟུགས་པོ་མང་པོ་མཆོང་དགོས་ཀྱི་ཡོད་ཙང་གཟུགས་པོ་རྣམས་མི་ཁུམ་པར་ཕན་རླབས་ཆེ།
    རྩེད་མོ་ལ་རིགས་འདྲ་མིན་སྣ་ཚོགས་ཡོད། དཔེར་ན། རྐང་རྩེད་སྤོ་ལོ། ལག་རྩེད་སྤོ་ལོ། ཐག་མཆོང་སོགས་འདྲ་མིན་སྣ་ཚོགས་ཡོད་པ་རེད། སྤྱིར་ང་རང་གི་གྲོགས་མོ་ནི་རྩེད་མོ་ལ་ཞེ་དྲག་དགའ་པོ་མེད་རུང༌། ལག་རྩེད་སྤོ་ལོ་ལ་ཧ་ཅང་དགའ་པོ་ཡོད་པ་རེད། ཡིན་ན་ཡང་མོ་རང་རྩེད་མོ་རྒྱུན་རིང་རྩེ་མཁན་ཞིག་མ་རེད། འཛམ་གླིང་ཐོག་མི་རྒན་པ་དང་སློབ་ཕྲུག་རྣམས་མང་ཆེ་བ་རྩེད་མོ་ལ་དགའ་པོ་ཡོད་པ་ནང་བཞིན་ང་རང་ཡང་རྩེད་མོ་ལ་ཧ་ཅང་དགའ་པོ་ཡོད།
    ང་རང་སྤོན་ཊ་སློབ་གྲྭ་ནས་ཡིན་པ་དང༌། ག་དུས་ཡིན་ཡང་ཐག་མཆོང་ལ་ཧ་ཅང་དགའ་པོ་ཡོད་པ་བཞིན་ང་རང་གི་རོགས་པ་གཞན་པ་ཚོ་ཡང་དེ་ལྟར་དགའ་པོ་ཡོད། ཐག་མཆོང་ཟེར་བ་དེ་ལུས་རྩལ་དང་གཅིག་པ་རེད། གང་ཡིན་ཟེར་ན་ཐག་མཆོང་ག་ཚོད་ཀྱིས་མང་བ་རྩེ་ན་གཟུགས་པོ་དེ་ཙམ་གྱིས་ཡག་ཏུ་འགྲོ་བ་དང༌། བདེ་རུ་འགྲོ་ཡི་རེད། དེ་ནང་བཞིན་ལུས་རྩལ་ཡང་ཇི་ཙམ་མང་བ་རྩེས་ན་གཟུགས་པོ་ཡག་ཏུ་དང་བདེ་རུ་འགྲོ་གི་རེད། ང་རང་གི་བསམ་བློའི་ནང་གང་བསམ་པ་དེ་བྲིས་པ་ཡིན། ཡང་བསྐྱར་དྲན་གསོ་ཞུ་འདོད་པ་ནི། ངའི་དགའ་ཤོས་ཀྱི་རྩེད་མོ་ཐག་མཆོང་ལས་གཞན་ཅི། དེར་དགའ་དགོས་པའང་གཟུགས་པོའི་བདེ་ཐབས་འབའ་ཞིག་ལ་དམིགས་པ་ལས་གཞན་ཅི།། །།

ཞན་ཆ།
    རླང་འཁོར་(རླངས་འཁོར)སོགས་ཀྱི་(ཀྱིས)རྫི་བ། འཚམས་འཚམས་(མཚམས་མཚམས) སོ་སོ་ར་(སོ་སོའི) རྐང་རྩེ་པོ་ལོ(རྐང་རྩེད་སྤོ་ལོ) བདེ་རུ་ཕྱིན་གྱི་རེད(བདེ་རུ་འགྲོ་གི་(ཡི)རེད།)

མདུན་ཤོག

Menu