དེབ་ཀློག་པའི་ཕན་ཡོན།

སངས་རྒྱས་བཀྲ་ཤིས། སུ་ཇ་བོད་ཁྱིམ། (ཨང་དང་པོ)

༄༅། །མང་ཐོས་མཁས་པའི་རྒྱུད་ལས་ལེགས་འཁྲུངས་པའི། །རིག་པའི་བཅུད་ཀྱིས་གཏམས་པའི་གླེགས་བམ་གང༌། །
    དྭངས་གཙང་མཚོ་མོའི་སྙིང་གི་ཆུ་སྐྱེས་ཏེ། །རྐང་དྲུག་གཞོན་རྣམས་འགུགས་པའི་ལྕགས་ཀྱུ་ཉིད། །
དེ་ཡང་ཇི་སྐད་དུ།
    སྟོང་ཉིད་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌། །
    སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེའི་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །

    ཅེས་གསུངས་པ་ལྟར། བསླབ་པ་སློབ་གཉེར་གྱི་བྱ་བ་ནི་ནང་དོན་རིག་པའམ་ཡང་ན་ཐ་སྙད་རིག་པ་ཅི་འདྲ་ཞིག་ཡིན་ཀྱང་ཧ་ཅང་གི་གལ་ཆེ་བ་སྟེ། ང་ཚོས་མ་རིག་པའི་རྨོངས་པ་འདི་ཉིད་སེལ་མ་ཐུབ་བར་དུ་གཏན་གྱི་བདེ་བ་ཕར་ཟད་གནས་སྐབས་འཇིག་རྟེན་འཚོ་སྡོད་ཀྱི་བདེ་བ་ཙམ་ཡང་སྒྲུབ་མི་ཐུབ་པ་ཡིན། དེ་ཡང༌། རང་བྱུང་ཁམས་ཆེན་པོ་འདི་ཉིད་གྱི་བྱུང་འཕེལ་དང་འགྱུར་འགྲོས། ཆགས་འཇིག་སོགས་ནི་ང་ཚོར་ཐད་ཀར་འབྲེལ་བ་ཡོད་པས། འདི་ཉིད་ཀྱི་གཤིས་ལུགས་ཉིད་རྟོགས་པར་བྱེད་རྒྱུ་ནི་འཕྲལ་ཕུགས་ཀུན་གྱི་བདེ་བའི་གཞི་ཡིན། འོན་ཀྱང་སའི་གོ་ལ་ནི་འདི་ལྟར་རྒྱ་ཆེ་ཞིང༌། འཇིག་རྟེན་གྱི་ཤེས་བྱའི་གྲངས་ནི་འདི་ལྟར་མཐའ་ཡས་པས་ང་ཚོས་དེ་དག་རེ་རེ་བཞིན་འཚོལ་ཞིབ་ཀྱིས་སློབ་མི་ཐུབ་པ་ཡིན། དེ་བས་ཀྱང་མི་འདང་པ་ནི་འགྲོ་བ་མིའི་ཚེ་ཚད་ཀྱིས་འཇིག་རྟེན་གྱི་ཡོད་པ་ཐམས་ཅད་འགེབས་མི་ཐུབ་པ་དེ་ཉིད་ཡིན།
    དེ་ལྟར་ན། ང་ཚོར་འཇིག་རྟེན་གྱི་དངོས་པོའི་གནས་ལུགས་ཡོངས་སུ་རྟོགས་ཐུབ་པར་ཐབས་ལམ་གཞན་མེད་དམ་ཟེར་ན། ཡོད་དེ་སྔོན་བྱུང་དམ་པ་རྣམས་ཀྱིས་བཞག་པའི་གསུང་རབ་ཀྱི་གླེགས་བམ་ཐམས་ཅད་དང༌། ད་ལྟའི་མཁས་པ་རྣམས་ཀྱི་རྣམ་དཔྱོད་རིག་པའི་རྩལ་ལས་ཐོན་པའི་གསུང་དཔེ་ཐམས་ཅད་ནི་འཇིག་རྟེན་གྱི་དངོས་པོའི་གནས་ལུགས་མང་པོ་ཞིག་ལྷན་དུ་བསྡུས་པའི་སྙིང་བཅུད་ཡིན། དེའི་ཕྱིར་དཔེ་དེབ་ལྟ་ཀློག་བྱེད་པ་ནི་མཇུག་སྒྲིལ་དུ་མེད་པའི་འགྲུལ་སྐྱོད་ཅིག་ཡིན། ཞེས་གྲགས་མྱོང་བ་ཡིན།
    རེད་ཡ། འཇིག་རྟེན་ན་ཕན་པ་དང་བདེ་བའི་རྒྱུ་བགྲང་ལས་འདས་པ་ཞིག་ཡོད་མོད། དེ་དག་ལས་ཀྱང་ཆེས་ཕུལ་དུ་བྱུང་ཞིང་དགེ་མཚན་གྱིས་ཕྱུག་པ་ནི་དེབ་ཀློག་རྒྱུ་ཉིད་ལགས། གང་ལགས་ཤེ་ན། དུས་ཚོད་ནི་ཤག་ཤག་ཏུ་འབབ་པའི་གཙང་པོའི་རྒྱུན་དང་འགྲོགས་ནས་བཞུར་གྱིན་ཡོད་ལ་མི་རབས་ཀྱང་དུས་ཀྱི་སྟོན་ལོ་ལྟར་རྒས་ཤིང་འཁོགས་ནས་ལྷུང་འགྲོ་གིན་ཡོད། གལ་སྲིད་ཁྱེད་ཀྱིས་རང་ཉིད་ཀྱི་མི་རབས་སྔ་མ་ཞིག་དང་མཇལ་འདོད་པའམ་རྒྱུས་ལོན་བྱེད་འདོད་ན། ལོ་རྒྱུས་ཀྱི་དཔེ་ཚོགས་ཏེ་ཉམས་མྱོང་དང་ལེགས་བཤད་ཀྱི་མེ་ཏོག་ཚོམ་བུར་བཞད་པའི་ལྡུམ་རྭ་དེར་བསྐྱོད་དང། ཁྱེད་ཀྱིས་འདས་པའི་དུས་རབས་ཇི་འདོད་པ་དེའི་དཀྱིལ་དུ་སླེབས་ཐུབ་པ་དང༌། སུ་དང་མཇལ་འདོད་པ་ལ་མཇལ་ཐུབ་ངེས། འོན་ཀྱང་འདི་ལྟ་བུའི་གོ་སྐབས་ནི་དེབ་གཅིག་པུ་ལས་སུས་ཀྱང་ཁྱེད་ལ་སྩོལ་མི་ཐུབ་པའི་གོ་སྐབས་ཤིག་ཡིན།
    ད་དུང༌། རྒྱ་མཚོ་ནི་འདི་ལྟར་རྒྱ་ཆེ་ཞིང་གཏིང་ཟབ་པས་ང་ཚོས་རྒྱ་མཚོའི་གཏིང་ཚད་དང་རྒྱ་མཚོའི་ནང་གི་བཀོད་པ་སོགས་ཅི་ཡང་མཐོང་མི་ཐུབ། འོན་ཏེ། གལ་སྲིད་ཁྱེད་ཀྱིས་ས་ཁམས་རིག་པ་དང་འབྲེལ་བའི་དཔེ་དེབ་ཞིག་ལས་མཐའ་ཡས་ཤིང་གཏིང་ཟབ་པའི་རྒྱ་མཚོ་ཞིག་གི་སྐོར་ལ་ལྟ་ཀློག་བྱ་ཐུབ་ན། ཁྱེད་ལ་ཉེན་ཁ་དང་རྨས་སྐྱོན་ཅི་ཡང་མེད་པར་རང་ཉིད་ཀྱི་བདེ་ཞིང་འཇམ་པའི་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་ནས་ཀྱང་ལང་ལོང་གི་རྦ་རླབས་དགུང་དུ་འཕྱུར་བའི་རྒྱ་མཚོའི་རླབས་ཕྲེང་བརྒལ་ནས་སྲོག་ཆགས་དང་རི་ལུང་སྡུག་གུར་བཀྲ་བ་སྣ་ཚོགས་ཀྱིས་ཁེངས་པའི་རྒྱ་མཚོའི་ནང་གི་རང་འབྱུང་ཁམས་ཆེན་པོའི་མཛེས་སྡུག་མཐོང་ཐུབ་ལ། ད་དུང་ཁྱེད་ཀྱིས་ང་ཚོ་སྐྱེ་འགྲོ་ཀུན་གྱི་ཐོག་མའི་ཁྱིམ་གཞིའམ་འབྱུང་ས་ཡང་རྒྱ་མཚོ་ཡིན་པའི་གནས་ལུགས་ཤུགས་ནས་རྟོགས་ཐུབ་ངེས། དེ་ནི་ལོ་ངོ་འབུམ་ཕྲག་བརྒལ་བའི་སྔ་རོལ་གྱི་བྱུང་བ་སྟེ། དཔེ་དེབ་ལས་སུས་ཀྱང་ཁྱེད་ལ་འཆད་མི་ནུས་པའི་འདས་སོང་གི་ལོ་རྒྱུས་ལགས།
    འདི་ལྟར་དཔེ་དེབ་ནི་མཁས་པའི་ཡེ་ཤེས་ཀྱི་འོད་སྣང་སྦྲུམ་ཞིང༌། འདི་ལྟར་དུས་རབས་རིམ་འདས་ཀྱི་མཁས་པ་རྣམས་ལ་ལམ་སྟོན་ཀྱང་བྱེད་པ་ཡིན། གལ་སྲིད་ཁྱེད་རང་མཁས་པའི་གོ་འཕང་གི་ཁྲི་སྟེང་ནས་འཇིག་རྟེན་གྱི་གནས་ལུགས་མ་ལུས་པར་གསལ་གཟིགས་བྱེད་འདོད་ན། ལུགས་གཉིས་ཀྱི་བླང་དོར་ཚང་ལ་མ་ནོར་བར་བསྟན་པའི་རྒྱལ་བའི་གསུང་རབ་ལ་གཟིགས་དང༌། དེས་ཁྱེད་ལ་རིག་པའི་གཤོག་རྩལ་སྦྱིན་ནས་འོད་གསལ་གྱི་གྲོང་དུ་བསྐྱལ་ངེས་ཡིན། གལ་སྲིད་ཁྱེད་ཀྱིས་དུས་རབས་གསར་པའི་དངོས་པོའི་དཔལ་ཡོན་གྱི་མེ་ཏོག་ལྷུག་པོར་བཞད་ཅིང༌། རང་དབང་དགའ་བདེ་ཡི་གར་ལ་སྤྱོད་པའི་འཛམ་གླིང་གི་སྣང་བ་མཐོང་འདོད་ན། ཁྱེད་ཀྱིས་རང་ཉིད་ཀྱི་སྔས་མགོར་བསྙེས་ནས་དཔེ་དེབ་ལ་གཟིགས་དང༌། ངལ་བ་དང་འགྲོ་གྲོན་མེད་པར་ཁྱེད་རང་བྱང་འཁྱགས་རོམ་ཆེན་པོ་ནས་གླིང་ཕྲན་དང་རྒྱལ་ཕྲན་བརྒྱུད་ནས་འགྲུལ་བསྐྱོད་བྱ་ཐུབ་ངེས་ཡིན་ལ། བྱིས་དུས་སུ་ཁྱེད་ཀྱིས་མཚར་སྣང་ཆེན་པོས་རང་གི་ཨ་མ་ལགས་སུ་ཟླ་བའི་ནང་གི་རི་བོང་དེ་ཤིང་སྡོང་ཆེན་པོ་དེའི་འོག་ན་ཁེར་རྐྱང་དུ་གནས་ཡོད་དམ། ཞེས་མགོ་བོ་དགྱེ་ནས་བལྟ་སའི་ཟླ་བའི་གྲོང་དུའང་བདེ་ལེགས་སུ་འབྱོར་ཐུབ་ངེས་ཡིན་ལ། དེའི་དུས་སུ་ཁྱེད་ཀྱིས་རི་བོང་དེ་སུ་དང་ལྷན་དུ་ཡོད་མེད་ཀྱང་རྟོགས་ཐུུབ་ངེས། ངས་འདི་ལྟར་དེབ་ཀློག་པའི་ཕན་ཡོན་གླེང་དུས། སེམས་པའི་མཁའ་དབྱིངས་སུ་དྲན་སྣང་གི་སྤྲིན་དཀར་ཁྱུ་དང་ཁྱུ་འཁོར་ནས་འོང༌། དེ་ནི་འདི་ལྟ་སྟེ། ང་ཚོས་རྒྱུན་དུ་འཛིན་གྲྭའི་ནང་སློབ་ཐུན་འཚོགས་དུས་སུ་དགེ་རྒན་སླེབས་པ་དང་ཡར་ལངས་ནས་གུས་འདུད་ཞུ་བ་དང༌། ཀློག་དེབ་རྣམས་སར་ཟགས་ཀྱང་མང་པོ་ཞིག་གིས་དེ་ལ་སྣང་ཆུང་བྱེད་ཀྱིན་ཡོད། ཕྲན་གྱི་བསམ་པར་དེ་ནི་ཧ་ཅང་མི་འོས་པ་ཞིག་ཏུ་འདོད།
    གང་ལགས་ཤེ་ན། དཔེ་དེབ་རྣམས་ཀྱིས་མི་རབས་ནས་མི་རབས་བརྒྱུད་ནས་ང་ཚོའི་མདུན་གྱི་དགེ་རྒན་རྣམ་པ་ལྟ་བུའི་ཤེས་ལྡན་པ་མང་པོ་རིག་པས་བསྐྱངས་ཡོད་པ་དང༌། དཔེ་དེབ་རྣམས་ནི་ང་ཚོའི་དགེ་རྒན་དང་ང་ཚོའི་དགེ་རྒན་ཚོའི་དགེ་རྒན་ཀྱང་ཡིན་པས། དཔེ་དེབ་ལ་དགེ་རྒན་ལས་ལྷག་པའི་གུས་བཀུར་བྱེད་འོས་པར་སེམས། དེ་ཡང་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་ཁར་ཀུན་དགའ་བོར། ལྔ་བརྒྱའི་ཐ་མའི་དུས་ཀྱི་ཚེ། །ང་ནི་ཡི་གེའེ་གཟུགས་སུ་གནས། །ང་ཡིན་སྙམ་པའི་ཡིད་བྱེད་ལ། །དེའི་ཚེ་དེ་ལ་གུས་པར་བྱེད། །ཅེས་གསུངས་མྱོང་བ་ལགས།
    གང་ལྟར། དཔེ་དེབ་ནི་འདི་ལྟར་འཇིག་རྟེན་གྱི་མཁས་པའི་ཡང་སྤྲུལ་ལྟ་བུ་སྟེ། དཔེ་དེབ་ཀློག་པ་ནི་མཁས་པ་རྣམས་ཀྱི་ཞབས་ལ་བསྟེན་པ་དང་དམ་པའི་ཡོན་ཏན་སློང་བ་ཡིན་པས། དེབ་ཀློག་པའི་ཕན་ཡོན་ནི་འཇིག་རྟེན་གྱི་ཕན་པའི་ཡོན་ཏན་མ་ལུས་པའི་ཏོག་དང་ཡང་རྩེ་ཉིད་ལགས་སོ།།
    འབྱམས་ཀླས་ཤེས་བྱའི་གྲངས་གྱི་སྐར་ཚོགས་ལ། །འགྲིམས་པའི་སྐལ་བ་ཚེ་འདིར་ཕྲ་མོད་ཀྱང༌། །
    མཁས་རྒུའི་མཁྱེན་བརྩེ་འཁྱིལ་བའི་མཚོ་ངོགས་ནས། །སྣོད་ལྡན་བུ་དག་ངལ་མེད་བདེ་བར་མཐོང༌། །
ཞན་ཆ།
    ལེགས་འཁྲུངས་བའི(པའི) ངེས་འབྱུང་བྱང་སེམས་རྒྱུད་ལ་གོམ་བྱས་ཀྱང༌།(ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌།) མི་འདེངས་(འདང) དཔེ་དེབ་བལྟ་(ལྟ)ཀློག བགྲངས་(བགྲང)ལས་འདས། དགེ་མཚན་གྱིས་ཕྱུགས་པ་(ཕྱུག་པ) གད་(གན)རྐྱལ། འགྲོལ་(འགྲུལ)བསྐྱོད་བྱ་ཐུབ། མི་རབས་རྒྱུད་(བརྒྱུད) དགེ་རྒན་རྣམ་པ་ལྟ་བུ་(ལྟ་བུའི)མང་པོ།  སྐུ་མྱ་ངན་ལས་འདས་དུས(འདའ་ཁར) ཡིད་བྱེས་(བྱེད)ལ། སྐྱེས་སྟེ(ཏེ) དེབ་གློག(ཀློག) ལགས་ཞེ(ཤེ)ན། སར་ཛགས་(ཟགས)ཤེས་ལྡན་པའི་(པ)མང༌།

དེབ་ཀློག་པའི་ཕན་ཡོན།

བྱམས་པ་བཀྲ་ཤིས། ཌལ་ཧོར་གཏན་སློབ། (ཨང་གཉིས་པ)

༄༅། །དེ་ཡང་དེབ་ཀློག་པའི་ཕན་ཡོན་སྐོར་ཞུས་ན། ཆེས་སྔ་མོའི་དུས་དེང་སང་ནང་བཞིན་དེབ་མང་པོ་དང༌། དེ་བཞིན་སྤུས་དག་པོ་དེ་འདྲ་གཏན་ནས་མེད་དེ་ཡིན་ན་ཡང༌། གནའ་བོའི་མི་དེ་རྣམས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་དེབ་དེ་དངོས་གནས་རིན་ཆེན་གསེར་ལྟར་བརྩིས་ཏེ་བདག་པོ་བརྒྱབ་ནས་ཀློག་གང་ཐུབ་དང་སྦྱང་གང་ཐུབ་བྱེད་ཀྱི་ཡོད། ཡིན་ན་ཡང་དེང་གི་ཆར་དེབ་ནི་དངོས་གནས་ཆུ་ལས་མང་བ་ལྟ་བུ་དང་སྤུས་དག་པོ་ཤ་སྟག་ཡིན་ན་ཡང་ཀློག་མཁན་མང་པོ་དེ་ཙམ་མེད།
    དེ་ཡང་ཁོ་བོ་སློབ་གྲྭར་སྡོད་པའི་རིང་ཉིན་ལྟར་རྒན་ལགས་ཀྱིས་དེབ་ཀློག་དགོས་པ་དང་དེ་བཞིན་དེབ་བཀླགས་པ་ཡིན་ན། རང་ཉིད་ལ་ཕན་པ་མ་གཏོགས་མི་གནོད་པའི་སྐོར་བཀའ་སློབ་རབ་དང་རིམ་པ་གནང་གིན་ཡོད་པ་གཞིར་བཟུང༌། དེ་རིང་ཁོ་བོས་དེབ་ཀློག་པའི་ཕན་ཡོན་སྐོར་མདོར་ཙམ་ཞུ་རྒྱུ་ཡིན་པས་ཚང་མས་གལ་པོ་ཆེ་ལ་ནན་ཏན་དང༌། དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པའི་དཔེ་ལྟར་ཡག་པོ་བྱས་ནས་གཟིགས་པར་འཚལ།
    སྤྱིར་བཏང་དེབ་ནི་འཛམ་གླིང་ནང་དགོས་མཁོ་ཆེ་ཤོས་ཀྱི་དངོས་པོ་ཞིག་དང་ཕན་ཐོགས་ཆེ་ཤོས་ཀྱི་དངོས་པོ་ཞིག་ཆགས་ཡོད་པ་མ་ཟད་རང་ཉིད་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཀྱང་ཆགས་ཡོད། དེ་གང་འདྲ་རེད་ཅེ་ན། མཚམས་རེ་རང་ཉིད་གཅིག་པུར་སྡོད་པའི་སྐབས་དུས་ཚོད་མི་འཁྱོལ་བའི་དཀའ་ངལ་དེ་འདྲ་ཡོང་གི་ཡོད། དེའི་སྐབས་དེབ་འདྲ་ཀློག་ན་རང་ཉིད་ཀྱི་སྡུག་བསྔལ་མཐའ་དག་སེལ་ཐུབ་པ་དང༌། དེ་བཞིན་ཤེས་བྱ་ཡོན་ཏན་མཐའ་དག་ཀྱང་ཇེ་ཟབ་ཏུ་ཕྱིན་ཏེ་མིང་དོན་མཚུངས་པའི་སློབ་ཕྲུག་ཅིག་ཀྱང་ཆགས་ངེས་ཡིན། ད་དུང་གོང་དུ་སྨྲས་པ་ལྟར་དེབ་ནི་རང་ཉིད་ཀྱི་མི་ཚེའི་ནང་གྲོགས་པོ་ཡག་ཤོས་ཤིག་ཀྱང་ཡིན། དེ་གང་འདྲ་རེད་ཞུས་ན། དེ་ཡང་ནམ་རྒྱུན་མཉམ་འགྲོ་མཉམ་སྡོད་བྱེད་ཡུལ་གྱི་གྲོགས་པོ་ཕལ་ཆེ་བ་ནི་ཁ་ཤས་ཙམ་མ་གཏོགས། དོན་དངོས་ཐོག་གྲོགས་པོ་དེས་རང་ཉིད་ལ་ཕན་ཐོགས་པའི་བསླབ་བྱ་ཞིག་སྤྲོད་ཐབས་ཧ་ཅང་དཀའ་བ་ཡིན། འོན་ཀྱང་གྲོགས་པོ་དེ་དག་དང་མཉམ་དུ་འགྲོ་རྒྱུའི་ཚབ་ཏུ་དེབ་འདྲ་ཀློག་པ་ཡིན་ན། དེས་རང་ཉིད་ཀྱི་མི་ཚེའི་ནང་ཧ་ཅང་བརྗེད་པར་དཀའ་བའི་བསླབ་བྱ་ཞིག་ཀྱང་སྤྲོད་ངེས་ཡིན།
    ད་དུང་གུས་པས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་དེབ་ཀློག་པའི་ཕན་ཡོན་སྐོར་ཞུས་ན། དེབ་ནི་མེད་ཐབས་མེད་པའི་དངོས་པོ་ཞིག་སྟེ། བཟང་པོའི་ལམ་སྣེ་འདྲེན་མཁན་ཞིག་དང་ཡ་རབས་བཟང་སྤྱོད་ཀྱི་མིག་དཔེ་སྟོན་པར་མཛད་མཁན་ཞིག་དང་ཤིན་ཏུ་རྩ་ཆེར་འཛིན་པའི་རིན་ཆེན་ཕ་ལམ་ལས་ཀྱང་ལྷག་པ་ཡིན། ད་དུང་དེབ་ནི་ཤེས་བྱ་མཐའ་དག་གི་རྒྱལ་པོ་སྟེ་རིན་ཐང་བྲལ་བ་ཞིག་ཀྱང་ཡིན། དེར་བརྟེན་གོང་དུ་བརྗོད་པའི་ཕན་ཡོན་དེ་དག་ལ་བརྟེན་ནས་དེབ་ཀློག་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། ད་དུང་རྟག་ཏུ་དེབ་ཀློག་པ་ཡིན་ན་རང་ཉིད་ཀྱི་ཤེས་བྱ་ཇེ་རྒྱས་སུ་འགྲོ་བ་དང༌། དེས་རྐྱེན་པས་རང་ཉིད་ཀྱིས་སློབ་ཚན་ཀློག་པའི་སྐབས་གོ་བ་ལེན་ཐབས་ལས་སླ་བ། དེ་བཞིན་ཉིན་ལྟར་དེབ་ཀློག་པ་ཡིན་ན་སློབ་ཚན་འདྲ་ཀློག་པའི་སྐབས་དཀའ་ངལ་མེད་པའི་ཐོག་རྒྱུག་ཆུ་རྒྱུགས་པ་ལྟར་ཀློག་ཐུབ་པ་ཡིན། ད་དུང་རང་ཉིད་མཁས་པ་ཞིག་ཆགས་འདོད་ན་སློབ་སྦྱོང་ལ་བརྩོན་པ་བརྟེན་དགོས་ཤིང༌། སློབ་སྦྱོང་ལ་བརྩོན་པ་བརྟེན་པ་གཞིར་བཟུང་དེབ་ཀྱང་ཀློག་དགོས་པ་ཡིན་པས། དེབ་མ་ཀློག་པར་མཁས་པ་ཞིག་ཆགས་ཐབས་གཏན་ནས་མེད། དེར་བརྟེན་མཁས་པ་ཞིག་ཆགས་པའི་གཞི་མ་ཡང་དེབ་ཀློག་པ་ལས་བྱུང་བ་ཡིན་པས། དེབ་ཀློག་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཡིན།
    དེ་ལྟར་དེབ་ཀློག་པའི་ཕན་ཡོན་ཞུས་ཚེ། རི་བོ་ཇོ་མོ་གླང་མ་ལས་ཀྱང་མཐོ་བ་དང་དེ་བཞིན་ཞི་བདེ་རྒྱ་མཚོ་ལས་ཀྱང་ཟབ་པ་ལྟ་བུ་ཞུ་རྒྱུ་ཡོད། དེ་བཞིན་དེབ་ཀློག་པའི་སྐབས་བསམ་བློ་ཞིབ་ཕྲ་བཏང་བ་ཡིན་ན། མིང་ཚིག་ཁོང་དུ་ཆུད་པ་དང་དེ་བཞིན་ཚིག་སྒྲུབ་རེ་རེ་བཞིན་གོ་དོན་རྟོགས་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། མདོར་ན་ཉིན་ལྟར་དེབ་ཀློག་དགོས་པ་དང༌། དེབ་ཀློག་པ་ཡིན་ན་ཕན་ཡོན་ཡང་མི་འདྲ་སྟེ། སློབ་ཕྲུག་ཉིན་ལྟར་དེབ་ཀློག་མཁན་དང་དེབ་མི་ཀློག་མཁན་གཉིས་བར་ཁྱད་པར་ཆེན་པོ་ཡོད་དེ། དཔེར་ན། རྩོམ་ཞིག་འབྲི་དགོས་པ་ཡིན་ན་ཡང་སློབ་ཕྲུག་ཉིན་ལྟར་དེབ་ཀློག་མཁན་གྱི་སློབ་ཕྲུག་དེའི་རྩོམ་གྱི་བརྗོད་བྱ་དང་དེ་བཞིན་ཚིག་རྒྱན་སོགས་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པ་ཡོད་པ་སོགས་ཀྱི་དེབ་ཀློག་པའི་ཕན་ཡོན་ལྡན་ཡོད། ད་དུང་དེ་ལྟར་གཟབ་ནན་དུ་ཞུས་ཚེ། དེབ་ནི་ཞི་བདེ་བག་ཕེབས་སུ་བཞུགས་པར་མཛད་མཁན་གྱི་གྲོགས་པོ་ཞིག་དང༌། ཉོན་མོངས་ཏེ་འདོད་ཆགས། ཞེ་སྡང༌། གཏི་མུག་སོགས་གང་ཡང་མེད་པའི་གྲོགས་པོ་ཞིག་ཀྱང་ཡིན། འོན་ཀྱང་རྒྱུན་གཏན་གྱི་མཉམ་འགྲོ་མཉམ་སྡོད་བྱེད་མཁན་གྱི་གྲོགས་པོ་དེ་དག་ནི་འདོད་ཆགས་ཞེ་སྡང་སོགས་ཀྱིས་རབ་ཏུ་མནན་ཏེ་ནོར་འཁྲུལ་ཆུང་ངུ་ཞིག་ཡིན་ན་ཡང་རྒྱ་མཚོ་ལྟ་བུའི་ནོར་འཁྲུལ་ཆེན་པོ་ཞིག་ཏུ་བརྩིས་ཏེ་ཁ་རྩོད་དང་ཐ་ན་གསོད་པར་རྩོམ་མཁན་ཡང་ཡོད་པ་ཡིན། དེར་བརྟེན་གྲོགས་པོ་ངན་པ་དེ་དག་དང་འགྲོགས་རྒྱུའི་ཚབ་དེབ་ཞིག་ཀློག་པ་ཡིན་ན་ཕན་ཡོན་ཆེ་བ་ཡོད་པ་ཡིན་པས། དུས་རྒྱུན་དུ་དེབ་ཀློག་རྒྱུར་དགའ་མོས་དང་དེ་བཞིན་དོ་སྣང་བྱེད་དགོས་པ་ནི་ངའི་སྙིང་དབུས་ནས་ཞུས་པའི་རེ་བ་ཞིག་ཀྱང་ཡིན།
    མཐའ་དོན་དུ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱི་འགྲུབ་ནས་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང༌། བོད་རང་དབང་རང་བཙན་མྱུར་དུ་ཐོབ་པའི་སྨོན་ལམ་དང་བཅས་བཀྲ་ཤིས་བདེ་ལེགས།

ཞན་ཆ།
    དེང་གསང་(སང) གང་ཐུབ་ཅི་ཐུབ་ཀྱི་(ཀྱིས) དེང་གི་འཆར་(ཆར) ཆུ་ལ་(ལས)མང་བ། རྒན་ལགས་ཀྱི་(ཀྱིས)དེབ་ཀློག་དགོས། རབ་དང་རིམ་(རིམ་པ)དང༌། བརྒྱ་འཚར་(ཚར) ཕན་ཐོགས་ཡོད་ཆེ་ཤོས་ཀྱི་(ཕན་ཐོགས་ཆེ་ཤོས་ཀྱི) ཡག་ཤོས་ཞིག་(ཤིག)ཀྱང༌། ཐ་དག(མཐའ་དག) སློབ་ཕྲུག་ཞིག(ཅིག)  བསྟོན་(སྟོན)པར་མཛད། རང་ཉིད་(རང་ཉིད་ཀྱི་)ཤེས་བྱ་ཇེ་རྒྱས། ཞེ་སྡང་སོགས་ཀྱི་(ཀྱིས)རབ་ཏུ་མནན་ཏེ། རྒྱ་མཚོ་ལྟ་བུ་(བུའི)ནོར་འཁྲུལ། གསོད་པར་བརྩོམས་(རྩོམ)མཁན་ཡང་ཡོད། གྲོགས་པོ་དེ་དག་དང་འགྲོ་(འགྲོགས)རྒྱུའི་ཚབ། མཐར་(མཐའ)དོན། ལྷས་བཅས་སྲིད་གཞི་(ལྷར་བཅས་སྲིད་ཞི) སྤུས་བདག(དག) རེད་ཞེས(ཅེས)གཅིག་པོར(པུར)རང་ཉད་(ཉིད)ཀྱི།

དེབ་ཀློག་པའི་ཕན་ཡོན།

བློ་བཟང་བསྟན་འཛིན། ར་ཇེ་པུར་བོད་ཁྱིམ། (ཨང་གསུམ་པ)

༄༅། །སྤྱིར་ས་སྒང་འདིའི་ཐོག་ཏུ་གནས་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་ཡང༌། རང་ཉིད་ཀྱི་མི་ཚེའི་ནང་ལ་བསམ་བློའི་ཀུན་སྤྱོད་ཡར་རྒྱས་གཏོང་རྒྱུ་དང་གཞན་ཕན་གྱི་བསམ་བློ་འཁོར་ཐབས། དེ་བཞིན་མཐོང་རྒྱ་དང་ཐོས་རྒྱ་ཡོང་ཐབས་ཀྱི་འགྲོ་ལམ་ལེགས་ཤོས་ནི་དཔེ་དེབ་ཀློག་རྒྱུ་དེ་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད། དཔེར་ན་རང་ཉིད་སྒེར་པ་ཞིག་ལ་ཆ་བཞག་ན་ཡང་དཔེ་དེབ་ཀློག་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན། དེའང་རང་ཉིད་མི་གཞན་གྱི་མིག་མདུན་དུ་ཆ་མཐོང་དང་གཟི་བརྗིད་ལྡན་པས་མཚོན་ཤེས་ཡོན་གྱི་བང་མཛོད་ཅིག་ཆགས་འདོད་ཀྱི་ཐབས་ནི་དཔེ་དེབ་ཀློག་རྒྱུ་དེ་ཡིན། དེར་བརྟེན་རང་ཉིད་ཀྱིས་དུས་ནམ་ཡང་རྩེད་རིགས་གཅིག་པུར་མགོ་མ་གཡེང་པར་དཔེ་དེབ་ཀློག་རྒྱུར་དོ་སྣང་ཤུགས་ཆེ་སྤྲོད་དགོས་པ་ཡིན། དཔེར་ན།

        རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །
        སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །

    ཞེས་གསུངས་པ་ལྟར་ད་ལྟ་རང་ཉིད་མི་ལུས་རིན་པོ་ཆེ་ཐོབ་པའི་རིང་ལ་ཤེས་ཡོན་གྱི་གནས་ལ་གང་མང་བརྩོན་དགོས། འོན་ཀྱང་འགྲོ་ལམ་དེར་ཐོག་མར་མ་བསྐྱོད་སྔོན་ལ་གཞི་རྩ་ལྟ་བུ་ནི་དཔེ་དེབ་ཀློག་རྒྱུ་དེ་ཆགས་ཡོད། མ་ཟད་སློབ་ཕྲུག་ཅིག་ལ་དཔེ་མཚོན་ནས་བཤད་ན་ཡང་ཕྲུ་གུ་དེའི་མ་འོངས་པའི་མི་ཚེའི་མདུན་ལམ་དེ་འགྲོ་ལུགས་ཚུལ་ལྡན་དང་དགའ་སྐྱིད་ངང་ནས་བསྐྱལ་རྒྱུ་དེའང་རང་ཉིད་ཆུང་དུས་སློབ་གྲྭའི་ནང་ལ་བསྡད་པའི་རིང་ལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སློབ་འཁྲིད་གནང་བའི་སློབ་ཚན་གཅིག་པུ་མ་ཡིན་པར། རང་ཉིད་དོ་བདག་ངོས་ནས་ཀྱང་དཔེ་དེབ་འདྲ་མིན་སྣ་ཚོགས་བཀླགས་པའི་ཐོག་ནས་ནང་བསམ་བློའི་ལྟ་བ་འཁྱེར་སྟངས་དང་སྐྱེ་བོ་གཞན་ལ་མཛའ་མཐུན་མཉམ་འགྲོགས་ཡོང་བ་དང༌། ད་དུང་གཞན་ཕན་གྱི་བསམ་པ་བསྒྲུབ་རྒྱུ་དེ་བཞིན་རང་ཉིད་ཇི་སྲིད་སྲོག་འཚོ་བ་དེ་སྲིད་དུ་སྤྱི་ཚོགས་ཀྱི་ཞབས་འདེགས་ཞུ་རྒྱུའི་སྤོབས་པ་ལྡན་པས་མཚོན། ཕྲུ་གུ་མ་འོངས་པར་ཡ་རབས་ཀྱི་ཀུན་སྤྱོད་དང་ལྡན་ཞིང་ཤེས་ཡོན་ལ་མཁས་པ། རང་ཉིད་ཀྱི་རྒྱལ་ཁབ་དོན་དུ་ཞབས་འདེགས་ཞུ་མཁན་གྱི་ཕྲུ་གུ་ཞིག་ཆགས་ཐབས་ཀྱི་གཞི་རྩ་ལྟེ་བའང་དཔེ་དེབ་ཀློག་རྒྱུ་དེ་ཡིན།
    དཔེར་ན། ས་པཎ་གྱིས། རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང༌། ཞེས་པ་ནི་སྐྱེ་བོ་སུ་འདྲ་ཞིག་གིས་གནད་དོན་གང་ཞིག་བྱས་ཀྱང་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱིས་དོན་དེར་དཔྱད་ན། བདེ་བླག་ཏུ་བླང་དོར་འབྱེད་ནུས་པར་གསུངས་ཡོད། དེས་ན་དེ་ལྟ་བུའི་ཤེས་རབ་དེ་ཡང་དཔེ་དེབ་ཀློག་པ་ཉག་གཅིག་ལས་བྱུང་བ་ལགས།
    མཐའ་དོན་གུས་པས་ཞུ་རྒྱུར་སྤྱི་ཚོགས་ནང་ལ་གནས་པའི་རིང་ལ་དཔེ་དེབ་ཀློག་རྒྱུ་དེ་ནི་རང་ཉིད་ཀྱི་ཚེ་འདི་ཕྱི་གཉིས་ཀར་དགོས་གལ་ཆེ་བ་ཞིག་དང་ཕན་ཐོགས་ཡོད་པ་ཞིག་ཡིན་ཞེས་ཞུ་བ་དང་ཆབས་ཅིག་ྋསྤྱིར་ནོར་ྋགོང་ས་མཆོག་གི་སྐུ་ཚེ་ཁྲི་ཕྲག་བར་དུ་བརྟན་པའི་བཀྲ་ཤིས་སྨོན་ཚིག་དང༌། བོད་ཀྱི་བདེན་མཐའ་མགྱོགས་མྱུར་གསལ་ནས་བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཀྱང་ཞུ།། །།

ཞན་ཆ།
    ཕལ་(ཕན)ཡོན།  མཁས་པ་མ་འགྱུར་(པར་མ་གྱུར) སྐྱེ་བ་འཆི་མ་(ཕྱི་མ) ཚུད་(ཚུལ)ལྡན།  གཅིག་པུ་མ་ཡིན་པ་(པར) རིག་པས་སྤྱད་(དཔྱད) མི་འགལ་བཞིན་(ཞིང) དགོས་འགལ་(གལ) བདེན་ཐ་(མཐའ) གཞིས་བྱིས་(བྱེས)  འགྲོ་ལམ་དེ་(དེར)ཐོག་མར།  དེ་ལྟ་བའི(བུའི) བང་མཛོད་ཞིག་(ཅིག) རིག་པ་ནང་(ནངས)པར།

མདུན་ཤོག

Menu